ཁ་ཚེར་མ། (རྨ་ལྷོ།)
སེམས་པ་རྒྱང་ལ་ཕྱོགས་པའི་ས་སྲོད་ཅིག་ལ།།
བརྩེ་བའི་འཕྲིན་པ་བྲི་བའི་སྟ་གོན་བརྩམསཀྱང༌།།
དྲན་པ་སྙིང་ལ་ལྷུང་བའི་མིག་ཆུ་དྲོན་མོས།།
སྨྱུག་ཤོག་ལག་ཏུ་བཟུང་བའི་བཟོ་ལྟ་བོར་སོང༌།།
ལོ་ཟླར་གོད་ཆགས་ཐེབས་པའི་འཁོར་བ་འདི་ནས།།
ཁྱོད་ཀྱི་སྤོབས་པ་མཐོ་བའི་རྐང་རྗེས་ཡལ་སོང༌།།
རང་སེམས་སྡུག་པའི་རང་ཤོང་མལ་ཤག་འདི་ལ།།
ཁྱོད་ཀྱི་བརྩེ་བས་གཏམས་པའི་བསླབ་བྱ་འཁྱིལ་ཡོད།།
སྐྲ་ལོའི་འཛུམ་མདངས་ཡལ་བའི་ཨ་མ་བསམ་ན།།
ད་ལྟའི་གནས་ཚང་འདི་ནསའཆི་བར་བསྒུག་འདོད།།
རང་གི་གཞས་ཀ་བོར་བའི་ཕམ་་ཁ་མཐོང་ན།།
ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་རྒྱལ་ཁམས་བསྐོར་འདོད།།
རི་ཆུ་སྟོང་གིས་ཆོད་པའི་ཕ་རོལ་ཞིག་ན།།
སྙིང་གི་གྲོགས་ཁྱོད་ཡོད་པའི་སྐད་སྐུར་ཐོས་ནས།།
ཕམ་ཁའི་དོང་ལ་ལྷུང་བའི་དམར་ཆུང་སེམས་པས།།
སླར་ཡང་རེ་བ་ཡོད་པའི་འདུན་པ་རྙེད་བྱུང༌།།
ཐོབ་ཤོར་རེས་ཀྱིས་འཁོར་བའི་ལོ་ཟླ་རིང་མོ།།
སྐྱོ་གདུང་སྙིང་ལ་བཏབ་པའི་རྨ་ཁ་ཡིན་ན།།
གཡར་མའི་གནས་ཚང་དྲོན་མོའི་གྲུ་ཟུར་འདི་ནས།།
རང་སེམས་སྡུག་ལ་གཏོད་པའི་དགོས་པ་མི་འདུག།
རིག་པ་གཡུལ་ལ་ཆོས་པའི་འཐབ་ར་འདི་ནས།།
རང་གཤིས་ཐང་ལ་འགྲེམ་པའི་མཐེབ་རྩལ་མེད་ན།།
ཤེས་རིག་གོ་ཆ་བགོས་པའི་འཐབ་གྲོགས་མདུན་ནས།།
མཛུབ་མོ་ཁ་རུ་བཙུགས་ནས་འཆི་བར་བསྒུག་དགོས།།
ཡོད་ཚད་རླུང་གིས་འཁུར་བའི་མཚེར་ཤུལ་འདི་ནས།།
ཨ་མའི་འབྲི་མོ་བཞོ་བའི་ཕྱིང་ལྭ་བོར་སོང༌།།
སྔོན་མེད་གསར་བྱུང་འཚོ་བའི་གར་སྟེགས་སྟེང་ནས།།
རིན་ཐང་གཞལ་ཏུ་མེད་པའི་ཐ་སྙད་གཏོར་འགྲོ།།
རང་མགོ་གཞན་ལ་ཤོར་བའི་མགྲོན་ཁང་ནང་དུ།།
རྨོངས་གཏམ་ཕུགས་ལ་སྦས་པའི་གཏམ་རྒྱུད་གསངཡོད།།
བདེན་པ་གླུ་རུ་ལེན་པའི་དུས་ཚོད་ཡོད་ན།།
མི་རྐྱང་ཁྱོད་ལ་ཕུལ་བའི་སེམས་པ་ལོས་ཡོད།།