ཨེ་མ་ཧོ།
ན་མོ་གུ་རུ་བྷྱ།
ཀ་དག་ལྷུན་གྲུབ་རིག་པའི་སྐུ།།
ཟུང་འཇུག་བདེ་ཆེན་རྡོ་རྗེའི་གསུང་།།
ངེས་དོན་གཉུག་མའི་བདེ་གཤེགས་ཐུགས།།
དབྱེར་མེད་དྲིན་ཆེན་བླ་མས་སྐྱོབས།།
དལ་འབྱོར་རྙེད་དཀའ་རིན་པོ་ཆེ།།
མི་རྟག་སྒོམ་ནས་ཆོས་ལ་བརྩོན།།
ལས་འབྲས་རྟེན་འབྲེལ་བསླུ་མེད་དང་།།
འཁོར་བའི་སྡུག་བསྔལ་ཡང་ཡང་སོམས།།
ངེས་འབྱུང་རྣལ་མའི་གཞི་བརྟན་ནས།།
སྐྱབས་སེམས་ཚོགས་བསགས་སྒྲིབ་སྦྱོང་དང་།།
སོར་བྱང་སྔགས་ཀྱི་སྡོམ་པ་སྲུངས།།
ལྟ་སྒོམ་སྤྱོད་འབྲས་ལྡན་པར་གཅེས།།
ཁྱད་པར་ཀུན་བཟང་བརྒྱུད་པའི་སྲོལ།།
རང་རིག་བླ་མའི་རྣལ་འབྱོར་གྱི།།
ཕྱི་ནང་གསང་བ་ཡང་གསང་གི །
ངེས་དོན་ཐུགས་ཀྱི་དཔལ་བེའུར་སྟིམས།།
ཐར་པའི་ལམ་སྣ་ཆོས་ཀྱིས་ཟིན།།
ཉན་རང་དགྲ་བཅོམ་གོ་འཕང་ཐོབ།།
བྱང་ཆུབ་སེམས་མཆོག་ཐུགས་ལ་འཁྲུངས།།
གསང་ཆེན་བསྟན་སྤེལ་གྱུར་ཅིག །
སྤྲོས་བྲལ་དབུ་མའི་དེ་ཉིད་གོ །
བདེ་ཆེན་ཕྱག་རྒྱའི་བྱིན་རླབས་མྱོང་།།
ཡེ་གྲོལ་རྫོགས་ཆེན་རིག་པ་རྟོགས།།
འབྲལ་མེད་ཚེ་འདིར་སངས་རྒྱས་ཤོག །
ཅེས་རབ་རྒྱན་ཆུ་སྦྲུལ་ལྷ་བབས་སྒྲུབ་ཆེན་སྐབས་སུ་འཕགས་ཡུལ་གངས་ལྡན་ལ་དྭགས་ཀྱི་མཁའ་འགྲོ་མ་རིག་འཛིན་སྒྲོལ་དཀར་གྱིས་གསུང་བསྐུལ་ལྟར་རིག་འཛིན་ཨེ་མ་ཧོས་ཨེ་ཝྃ་སྨན་ཁང་ནས་བྲིས་པར་དགེའོ།།
ཨེ་ཝྃ་གདམས་ངག་སྙིང་པོ།
ཀ་ཡེ་གསོན་དང་བློ་ལྡན་ལགས།།
ཁ་ཁོག་མཚུངས་ན་ཟོག་པོ་མིན།།
ག་ས་གང་དུ་བཞུགས་ན་ཡང་།།
ང་ཚོས་བདེན་བཞིའི་དོན་ལ་བརྩོན།།
ཅ་ཅོའི་སྨྲ་བ་མ་མང་བར།།
ཆ་ལུགས་ཇི་ལྟར་སྤྱད་ཅིང་རུང་།།
ཇ་ཆང་འཚོ་དགའ་ཙམ་མིན་པར།།
ཉ་བ་དམན་པའི་ལས་སྤོངས་ཤིག །
ཏ་ཐཱ་ག་ཏའི་བསྟན་པ་འདི།།
ཐ་དག་འཁོར་བས་འགྲན་ཟླ་བྲལ།།
ད་ལྟའི་མི་ལུས་རིན་ཆེན་ལ།།
ན་ཚོད་ཁྱད་མེད་འབད་པར་འཚལ།།
པ་མེས་བཟང་པོ་འབྲུག་གི་རྒྱུད།།
ཕ་ཡུལ་བཟང་པོ་སྦས་པའི་གནས།།
བ་གམ་ཅན་གྱི་ནང་པའི་ཞིང་།།
མ་སྨད་བསོད་ནམས་ཡོད་པར་མཛོད།།
ཙ་རི་འདྲ་བའི་གནས་མཆོག་དེར།།
ཚ་གྲང་མཉམ་པའི་དབེན་ཁྲོད་དུ།།
ཛ་ཡའི་གསུང་པའི་དམ་པའི་ཆོས།།
ཝ་ལེར་ཐུགས་ལ་གཏམས་པར་མཛོད།།
ཞ་ལོང་ལྐུགས་པའི་ལས་དབེན་པས།།
ཟ་གོས་ཙམ་ལ་ཆོག་ཤེས་ནས།།
འ་ཅག་དགེ་སྒྲུབ་སྡིག་སྤང་གི །
ཡ་རབས་གནས་ལ་འབད་ཅིག་ཨང་།།
ར་མ་ལུག་གིས་ཆས་གྱོན་ཀྱང་།།
ལ་རྒྱའི་དམ་ཆོས་འབད་བརྩོན་དང་།།
ཤ་ཚའི་སེམས་ཅན་མ་བརྗེད་དང་།།
ས་ལམ་ཡོན་ཏན་རིམ་གྱིས་འཐོབ།།
ཨ་བུ་བློ་ལྡན་སྐལ་བཟང་ཁྱེད།།
ཧ་ཅང་སྐྱོ་བ་མ་གནང་དང་།།
ཨ་ཏིའི་ཟབ་དོན་བདུད་རྩིའི་མཛོད།།
ཧ་ལམ་རྟེན་འབྲེལ་ལེགས་འགྲིག་ན།།
ཨ་བུ་ཤྲྰིས་གདམས་ངག་འབུལ།།
ཨི་ནུས་བསྟན་སྲིད་དཔལ་ཡོན་ལ།།
ཨུ་ཚུགས་དང་བཅས་ཕན་བདེའི་ལམ།།
ཨེ་ཝཾ་པདྨ་ཀ་རའི་གླིང་།།
ཨོ་རྒྱན་རིག་འཛིན་བསྟན་པ་སྐྱོངས།།
གཤིན་རྗེས་བཀའ་ཤོག་ཕེབས་དུས་ཀྱང་།།
འགྱོད་མེད་བཙན་ས་ཟིན་གྱུར་ན།།
བློ་ལྡན་དགེ་འདུན་ཆོས་འཕེལ་ཁྱེད།།
སྙིང་པོའི་བསྟན་འཛིན་དམ་པ་ལགས།།
ཞེས་རབ་རྒྱན་ཆུ་སྦྲུལ་ལྷ་བབས་སྒྲུབ་ཆེན་སྐབས་སུ་འབྲུག་པ་བློ་ལྡན་དགེ་འདུན་ཆོས་འཕེལ་གྱིས་སྐུལ་ངོར་རིག་འཛིན་ཨེ་མ་ཧོས་ཨེ་ཝྃ་སྨན་ཁང་ནས་བྲིས་པར་དགེའོ།།
ཨེ་ཝྃ་སྨན་ཁང་ནས་བྲིས་པ་ཞེས་གསུངས་པ་འགྲོ་བ་་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་ནད་ཀྱིས་ཟིན་པ་དག་ག་དུས་དགོས་དུས་སྨན་བཅོས་སུ་འགྲོ་ཆོག་པར་སྐལ་བ་བཟང་ངོ་།
དབྱེར་མེད་དྲིན་ཆེན་བླ་མས་སྐྱོབས།། ཞེས་པར་ཁྱེད་ཀྱིས་སློབ་སྦྱོང་མཛད་པའི་དཔེ་ཆ་དག་ན། དབྱེར་མེད་དྲིན་ཅན་བླ་མས་སྐྱོབས།། ཞེས་པ་ཡོད་ངེས། དེ་དག་མ་འགྲིག་པ་ཡིན་ནམ།
ཉ་བ་དམན་པའི་ལས་སྤོངས་ཤིག ། ཅེས་པར་ཁོ་བོའི་ལུགས་ལ། ཉ་པ་དམན་པའི་ལས་སྤོངས་ཤིག །ཅེས་བདག་སྒྲ་དགོས་ཀྱང་། ཁྱེད་ཀྱི་་གསུང་སྐད་ཕལ་སྐད་ཀྱིས་དབང་བསྒྱུར། ཁག་མེད།
གསང་ཆེན་བསྟན་སྤེལ་གྱུར་ཅིག ། ཅེས་པར། གསང་ཆེན་བསྟན་པ་སྤེལ་གྱུར་ཅིག །པ་ཡིག་ཆད་པར་མངོན།
པ་མེས་བཟང་པོ་འབྲུག་གི་རྒྱུད།། ཅེས་པ་ན་ཡོད་པའི་པ་མེས་ཀྱི་དོན་དག་ཅི་ནམ།
ཛ་ཡའི་གསུང་པའི་དམ་པའི་ཆོས།། ཞེས་པར་། ཛ་ཡས་གསུངས་པའི་དམ་པའི་ཆོས།། ཞེས་དགོས་ཀྱང་། རིག་འཛིན་ཨེ་མ་ཧོ་ཁ་སྐད་ཀྱི་རྗེས་སུ་འབྲངས་པར་མཐོང་།
ཡ་རབས་གནས་ལ་འབད་ཅིག་ཨང་།། དང་སྒྲའི་གསལ་བྱེད་མེད་པར་སོང་ནས། དེ་འདྲ་བྱུང་བ་མང་། དོན་དུ། ཡ་རབས་གནས་ལ་འབོད་ཅིག་དང་།། ཞེས་པ་དངུལ་དབྱངས་ཅན་གྲུབ་པའི་རྡོ་རྗེས།
དང་ནི་འདུ་འབྱེད་རྒྱུ་མཚན་དང་།
ཚེ་སྐབས་གདམས་ངག་ལྔ་ལ་འཇུག
ཅེས་པ་ཁོ་བོ་གཙང་བཀྲ་ཤིས་ལྷུན་པོར་༡༩༥༠་གྲངས་ཀྱི་མགོ་སྟོད་ཙམ་དུ། སློབ་སྦྱོང་བྱེད་སྐབས་བློ་འཛིན་བྱས་པ་ད་ལྟ་བར་དུ་། རྒས་ནད་ཀྱིས་མ་བཅོས་པར་ཡོད་པས་བྲིས་སོ། །
དང་ནི་འདུ་འབྱེད་རྒྱུ་མཚན་དང་། ཞེས་པ། དང་ནི་སྡུད་འབྱེད་རྒྱུ་མཚན་དང་། ཞེས་བཅོས་སོ།
ལྷ་བབ་དུས་ཆེན་ལ་བདག་གཞན་ཚང་མའི་དགེ་ལ་ཡི་རང་ངོ་། སྟོན་པའི་ཆོས་ཀྱི་བདུད་རྩིས་ཉོན་མོངས་ཚ་གདུང་མ་ལུས་འཇོམས་གྱུར་ཅིག
གང་ལ་གང་འཚམས་ཆོས་ཀྱི་བསྐལ་བ་ཐོབ་འགྱུར་ནས། སྡུག་བསྔལ་ཟེར་བའི་མིང་ཡང་སྟོང་གྱུར་ཅིག
བཀླགས་ཟིན།།