ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙཱ་ན་ཡེ།།
དཀོན་མཆོག་རིན་ཆེན་རྣམ་གསུམ་ལ།།
སྒོ་གསུམ་མི་ཕྱེད་དད་པ་ཡིས།།
ཕྱག་འཚལ་སྐྱབས་མཆི་གསོལ་བ་འདེབས།།
ཚེ་འདིར་སངས་རྒྱས་ཐོབ་པར་བྱོས།།
བདག་སོགས་སེམས་ཅན་ཐམས་ཅད་ལ།།
ཡིད་བཞིན་ནོར་བུ་ལས་ལྷག་པའི།།
སངས་རྒྱས་སྒྲུབ་པར་སེམས་བསྐྱེད་ནས།།
རང་གཞན་འགྲོ་ཀུན་གཅིག་ཏུ་སོམས།།
ཐོག་མེད་ལས་ངན་རྣམ་དག་ཕྱིར།།
གཉེན་པོ་སྟོབས་བཞི་ཚང་བའི་ངང་།།
དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི།།
བསྙེན་སྒྲུབ་ཚད་དུ་ལོངས་པར་མཛོད།།
འཁོར་འདས་ཞིང་ན་འདོད་ཡོན་ཚོགས།།
དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་སྤྲིན།།
རྒྱལ་ཀུན་མཆོད་དང་འགྲོ་ལ་སྦྱིན།།
སྐུ་གསུམ་མཎྜལ་རྒྱུན་དུ་འབོད།།
ཕྱོགས་དུས་རྒྱལ་ཀུན་སྐུ་གསུང་ཐུགས།།
ཀུན་འདུས་པདྨ་འབྱུང་གནས་ལ།།
ཕྱི་ནང་གསང་བ་ཡང་གསང་གི།།
བླ་མའི་རྣལ་འབྱོར་རྟག་ཏུ་བསྙེན།།
བདག་འཇུག་དབང་བཞི་ལེན་པ་དང་།།
གཞན་དོན་བསྔོ་སྨོན་མཚམས་སྦྱར་བཅས།།
སྦྱོར་དངོས་རྗེས་གསུམ་མ་གཡེང་བར།།
ནམ་རྒྱུན་རྫོགས་ཆེན་དུས་འཁོར་འབོད།།
འགྲོ་ཀུན་ཕ་མ་ཤེས་པ་དང་།།
སངས་རྒྱས་རང་སེམས་མ་རྟོགས་བར།།
ཕན་བདེའི་རྩ་བ་སེམས་ཉིད་ལ།།
དྲན་ཤེས་བག་ཡོད་མ་བརྗེད་ཅིག།
ཆོས་བརྒྱད་དྲི་མ་ཀུན་བྲལ་སྟེ།།
ཡང་དག་འཕགས་ལམ་བརྒྱད་ལ་བརྩོན།།
ཀ་དག་བདེན་པའི་དོན་རྟོགས་ནས།།
ལྷུན་གྲུབ་ཡེ་ཤེས་རང་གྲོལ་ཤོག །
ཅེས་པ་འདི་ནི་རབ་གནས་ས་ཕག་ཁྲུམས་ཟླའི་ལེགས་པ་བརྒྱད་འཛོམས་སམ་སངས་རྒྱས་ཤཱཀྱ་ཐུབ་པ་ལྷུམས་སུ་ཞུགས་པའི་དུས་ཆེན་ལ་མཁས་དབང་དམ་པ་རིན་ཆེན་དཔལ་ལྡན་དང་འཇམ་དབྱངས་ཆོས་སྒྲོན་གྱིས་སིདྡྷི་འབྲུ་འབུམ་དང་རྨི་ལམ་རྣལ་འབྱོར་བརྩོན་པར་དམ་བཅས་པས་ངོར་གནུབས་ཆེན་སངས་རྒྱས་ཡེ་ཤེས་ཀྱི་སྒྱུ་འཕྲུལ་མཁན་ཆེན་བླ་མ་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་ཨེ་ཝཾ་དཔལ་རིའི་དགའ་ཚལ་ནས་ཐོལ་བྱུང་དུ་བགྱིས་པར་དགེའོ།། །།