ཆབ་མདོ་ངག་ཕུན་གྱིས།
ཁ་བ་འབབ་གཅིག་འབབ་གཉིས།། དྷ་སའི་རི་ལ་བབས་བྱུང་།།
བཙན་བྱོལ་བོད་མིའི་སྐྱབས་བཅོལ།། གྲང་བའི་རྣམ་འགྱུར་མངོན་གྱིན།།
ཁ་བ་ལྷབ་ལྷུབ་འབབ་དུས།། གངས་ལྗོངས་ཆོས་ཀྱི་ཞིང་ཁམས།།
ཡིད་ལ་ཡང་ཡང་འཁོར་ནས།། འགྲོ་བའི་འདོད་པ་སྐྱེས་བྱུང་།།
རི་བོ་སྨུག་པས་གཡོགས་ཅིང་།། ཁ་བ་ལྷབ་ལྷུབ་འབབ་ཀྱིན།།
ཁང་པའི་བམ་འཁྱམས་འོག་ལ།། བྱིའུ་ཆུང་གྲང་སྐད་བརྒྱབ་ཀྱིན།།
དྷ་སའི་གནམ་གཤིས་འདི་དང་།། ཀྲུང་དབྱང་རྣམ་འགྱུར་མཚུངས་པ།།
རང་བཙན་མ་རྩོད་དེ་མིན།། ཐག་གཅོད་ཆོག་རབ་བཤད་སྐད།།
ལུང་འདྲེན་བྱས་བྱས་གཅིག་གིས།། མི་ལོ་དུ་མ་སོང་ཟིན།།
རེ་བ་རྒྱབ་རྒྱབ་གཅིག་གིས།། ད་ནི་ཡིད་ཐང་ཆད་སོང་།།
རང་གཞུང་དབུ་མའི་ལངས་ཕྱོགས།། གཞོན་ནུ་རང་བཙན་ལངས་ཕྱོགས།།
ལངས་ཕྱོགས་གང་ཡིན་ཁྱད་མེད།། བདེ་དོན་འགྲུབ་ན་དེས་འགྲིགས།།
མི་ལོ་དེ་དག་རིང་ལ།། དབུ་མའི་ལངས་ཕྱོགས་ཐོག་ལ།།
འབྲེལ་བཤད་རིམ་པར་སྐྱོན་ཡང་།། ད་དུང་བློ་དོགས་མ་སེལ།།
གངས་ལྗོངས་བདེན་དོན་ཆེད་དུ།། རྒྱལ་གཅེས་དཔའ་བོ་དཔའ་མོ།།
སྐུ་ལུས་མཆོད་མེར་སྒྲོན་ནས།། མི་རིགས་བདེན་དོན་བརྩད་བྱུང་།།
སེམས་གསོ་བྱེད་པ་ཙམ་ལས།། གང་ཡང་མི་ནུས་མི་རིགས།།
འདི་ལས་སྐྱོ་བ་གང་ཡོད།། དྲན་ཞིང་དྲན་ཞིང་སྐྱོ་བར།།
སྟོབས་ཆེན་རྒྱལ་ཁབ་རྣམས་ཀྱིས།། སོ་སོའི་ཁེ་ཕན་མ་གཏོགས།།
ཁ་ཞེན་གཉིས་མེད་ཐོག་ནས།། རྒྱབ་སྐྱོར་བྱེད་མཁན་དཀོན་ཙམ།།
བོད་ཀྱི་རིག་གཞུང་འདི་ཉིད།། རླབས་ཆེན་ཡིན་རབས་བརྗོད་ཀྱང་།།
ཉིན་རེའི་བཀོལ་སྤྱོད་བྱེད་མཁན།། ཉིན་མོ་སྐར་ལྟར་འགྱུར་གྱིན།།
སྔོན་མ་དྷ་སའི་རི་འདབས།། བོད་དོན་ལས་འགུལ་མང་སྤེལ།།
དེང་སྐབས་གོ་མེད་ཚོར་མེད།། ཁ་ཁུ་སིམ་སིམ་འགྱུར་འདུག།།
རྒྱ་སྟག་ངར་མ་འདྲ་བའི།། བོད་ཀྱི་གཞོན་ནུ་ལྷན་ཚོགས།།
ང་དང་ཁྱེད་ཅེས་རྩོད་ནས།། ཆིག་བསྒྲིལ་མ་ཐུབ་ལྷག་འདུག།།
སྟག་ཤར་གཞོན་པ་འདྲ་བའི།། རང་དབང་སློབ་ཕྲུག་ཚོགས་པ།།
དེང་རབས་ཤེས་ཡོན་འཛོམས་ཀྱང་།། གནའ་སྲོལ་སྦྱོང་རྒྱུ་ལྷག་འདུག།
ཞི་འབོད་ཐོག་མ་སྒྲོག་མཁན།། བོད་ཀྱི་བུད་མེད་ལྷན་ཚོགས།།
ཀུན་དགའ་དོན་གྱི་ལབ་གླེང་།། གཏམ་རྒྱུད་ཆུ་ལས་རིང་རབས།།
མཐའ་གཉིས་མ་ལྷུང་དཀྱིལ་གནས།། བོད་ཀྱི་དབུ་མའི་ལས་འགུལ།།
གཉིས་མོལ་མ་བྱུང་གོང་ནས།། རྒྱ་ཡི་རྒྱལ་དར་འཁྱེར་རབས།།
དམ་པའི་ཆོས་ཀྱི་འབྱུང་སའི།། དབུས་གཙང་ཆོས་ཀྱི་ཆོལ་ཁ།།
མིང་གནས་ཆེ་བ་མ་གཏོགས།། ཆོས་ལ་འཇུག་མཁན་དཀོན་སེ།།
མགོ་ནག་མི་ཡི་འབྱུང་སའི།། མདོ་སྟོད་མི་ཡི་ཆོལ་ཁ།།
བསམ་ཚུལ་འགྲིགས་མིན་ཙམ་གྱིས།། ཁུར་ཚུར་གནམ་ལ་བསྒྲེངས་བ།།
གྱི་ལིང་རྟ་ཡི་འབྱུང་སའི།། མདོ་སྨད་རྟ་ཡི་ཆོལ་ཁ།།
ཤེས་རིག་བློ་གྲོས་བཀྲ་ཡང་།། རྩ་ཆུ་རྩོད་གླེང་བྱེད་མང་།།
མང་གཙོ་ལམ་སྟོན་བྱེད་མི།། རྒྱལ་ཡོངས་མང་གཙོ་ཚོགས་པ།།
གངས་ལྗོངས་མི་དམངས་རྣམས་ལ།། མང་གཙོའི་ལམ་སྟོན་མ་མཐོང་།།
དགུ༵་པ་བཅུ༵་གསུ༵མ་ཚོགས་པ།། ཕྱི་རྒྱལ་བསྐྱོད་རྒྱུ་དབྱིངས་ནས།།
རྒྱན་ཐོབ་ཡོང་བའི་ཆེད་དུ།། བྱིའུའི་གནམ་ཆུ་སྒུག་འདྲ།།
བཙན་བྱོལ་སྤྱི་ཚོགས་ནང་ལ།། ཚོགས་པ་འདྲ་མིན་སྣ་ཚོགས།།
ཧ་ཅང་མང་པོ་འདུག་ཀྱང།། ལས་འགུལ་ཉིན་སྐར་ལྟར་གྱུར།།
རང་རེའི་རྒན་དར་གཞོན་གསུམ།། འགྲོ་འདུག་ལངས་གསུམ་ཁ་དཔར།།
བྲལ་བ་མེད་པར་འཛིན་ནས།། མི་ཚེ་འཕྲོག་ལྷག་གཏོང་གིན།།
བོད་སྐད་དག་མ་དིག་སྐྱོན།། ཆས་གོས་ཡ་མ་ཟུང་གྱོན།།
ལྟ་བ་རི་ལས་མཐོ་བ།། གཤིས་སྤྱོད་སྤྲུལ་ལས་རྩུབ་པ།།
མགོ་རིམ་འགོ་ཁྲིད་རྣམས་ཀྱིས།། བྱས་རབས་འཇོན་རབས་མ་གཏོགས།།
མི་ཡི་སེམས་ལ་ཕན་པའི།། ལེགས་བཤད་ཉིན་སྐར་ལྟར་འགྱུར།།
རང་རེའི་ན་གཞོན་རྣམས་ཀྱིས།། རྒན་རབས་ལྟ་བ་མཁྲེགས་ཟེར།།
རང་རེའི་རྒན་རབས་རྣམས་ཀྱིས།། ན་གཞོན་ལྷག་བརྩོན་མེད་ཟེར།།
ལྟ་བ་དེ་གཉིས་བར་ནས།། བར་ཐག་རིང་དུ་སོང་ན།།
སྤྱི་པའི་རྩ་དོན་ཐོག་ལ།། ཕན་ལས་གནོད་འཚབ་ཆེ་བ།།
ཤེས་ཡོན་སྲིད་ཇུས་ཐོག་ལ།། མདུན་སྐྱོད་བྱེད་རབས་བཤད་ཀྱང་།།
ད་དུང་གདེང་ཚོད་མེད་པའི།། རབ་རིབ་ཐོག་ནས་འགྲོ་གི།།
དེ་འདྲ་གདེང་ཚོད་མེད་བཞིན།། རབ་རིབ་ཐོག་ནས་ཕྱིན་ན།།
མ་འོངས་རང་རེའི་ན་གཞོན།། འཐུས་ཤོར་ཕྱིན་ན་སྐྱོ་བ།།
བསམ་ཚུལ་ལྷུག་པོར་བརྗོད་ཡོད།། མ་ཕོག་སེམས་ལ་བཟུང་མཛོད།།
ཤ་ཚའི་གཏམ་ལ་སྙན་པོ།། མེད་རབས་ཀུན་གྱིས་མཁྱེན་མཛོད།།
ཞེས་པ་འདི་ནི་སེམས་ལ་ཚོར་སྣང་གང་ཤར་རྣམས་ཡིག་ཐོག་ལ་མཚར་གཏམ་གྱི་ཚུལ་དུ་བྲིས་པ་ཞིག་ཡིན་པས་སྐུ་རླུང་མི་བཞེས་པར་དེ་ལུགས་དགོངས་མངའ་མཛོད།
མི་ཡུལ་ཡུན་རིང་འགྲིམས་ནས།
ཁ་བ་མིག་གིས་མ་མཐོང།
ཁ་བ་དྲན་པའི་གླུ་དབྱངས།
དྷ་སའི་རི་ནས་བླངས་ཡོད།
རི་མགོ་ཁ་བས་གཡོགས་དུས།
ཁ་བ་སེམས་ལ་གཟན་བྱུང།
ཁ་བ་སེམས་ལ་གཟན་ནས།
དགུན་དུས་རྒྱ་ཐང་འཁྱམས་ཡོད།
ལུས་ལ་བ་སྤུ་སྐྱེེས་སོང།
བཞིན་རས་སོལ་བས་བྱུགས་སོང།
སྣ་ཡི་རྩེ་མོ་རིང་སོང།
ལྷ་གཡག་མ་ཧེར་འགྱུར་སོང།
འདྲ་ཆགས་པོ་བྲིས་འདུག་།
ཁ་བ་རི་ལ་བབས་པ་ཁ་བའི་འགན་།
ཁ་བ་ཐང་ལ་བབས་ན་ཡ་ཚན་ཆེ།
དབུ་མ་རང་བཙན་དུས་ཚོད་གཏོང་།
བོད་ཡུལ་རྒྱ་ཡུལ་ཆགས་དུ་བཅུག་།
ང་ཡིན་ཁོ་ཡིན་གྲགས་དུ་བཅུག་།
ང་འཇོན་ཁོ་འཇོན་བྱེད་དུ་བཅུག་།
ང་མཁས་ཁོ་མཁས་མང་དུ་བཅུག་།
ང་རྒོད་ཁོ་རྒོད་ཟེར་དུ་བཅུག་།
རྒྱ་མི་ཐུག་དུས་སུ་མགྱོགས་བྲོས་།
མེ་མདའ་འཕེན་སྐབས་མགོ་ལ་ལག་པ་བཀབ་།
དེ་ཚོ་ང་ཚོ་བོད་མིའི་ལུགས་།
ལུགས་སྲོལ་བཟང་པོ་ཉར་ན་དགའ་།
ཧ་ཧ་ཧ་
སྙིང་གཟེར་གཟེར་མ་ར་མགོ །
ཆབ་མདོ་ངག་ཕུན་ལགས་ཀྱིས། །
བྲིས་པ་བདག་ཡིད་འཐད་བྱུང་། །
ད་དུང་མང་ཙམ་བྲིས་དང་། །
༼བཙན་བྱོལ་བོད་(མིའི་)སྐྱབས་བཅོལ།།༽ ཚིག་འདི་ལ་གོ་དོན་འདྲ་ཞིག་འདུག་གམ། དྲ་གྲོགས་ཚོ། དྲང་བཤད་ཤིག་ཤོད་དང་། སྐྱབས་བཅོལ་འདི་སུ་ཅན་པོ་ལ་གོ་དགོས་བ་རེད། ཡང་ན་གོ་དོན་གཞན་ཞིག་ཡོད་དམ། འདི་བོད་ཡིག་གི་འགྲོས་ཞིག་རེད་དམ། བོད་སྐད་ཀྱི་ངག་ཞིག་རེད་དམ།
སྙིང་གཟེར་གཟེ་མ་ར་མགོ་ཡིན་ནམ། གཟེར་མ་ར་མགོ་ཡིན་ནམ། གསལ་བཤད་མེད་ན། ཀློག་པོ་ལ་ཕན་ཐོག་པ་མི་འདུག། གཏམ་ལན་ཁུར་ཤོག།
བཙན་བྱོལ་བ་ལབ་ན་བཙན་བྱོལ་བོད་མིའི་སྐྱབས་བཅོལ་བ་ལ་གོ་དགོས་སོ།
བཙན་བྱོལ་བོད་མིའི་སྲིད་ཇུས།
བཙན་བྱོལ་བོད་མིའི་སྒྲིག་འཛུགས།
བཙན་བྱོལ་བོད་མིའི་སློབ་གྲྭ།
བཙན་བྱོལ་བོད་མིའི་གཞོན་ནུ་ཚོགས་པ་ལྟ་བུ་ལ་གོ་བ་ཡོད་པ་ལས། བཙན་བྱོལ་བོད་མིའི་སྐྱབས་བཅོལ་ཟེར་ན་ཅི་གང་ལ་གོ་ཡ་མི་འདུག། ཚིག་དོན་གང་གི་ཆ་ནས་འབྱོར་བ་ཞིག་མི་འདུག། བསམ་བློ་ཡག་པོ་ཞིག་ཐོང་ཐལ། དགའ་དགའ། ཆབ་ཕུན་ལགས།
སྐུ་ཉིད་ཀྱི་གོ་འདུག་པ། དེ་ག་རང་གི་འགྲིགས་ཀྱི་ཡོད་རེད། དེ་མིན་གཞན་གོ་དགོས་པ་ཅི་ཡོད་མ་རེད།