བོད། ལྷ་ཀླུ་གཉན་གསུམ།
སྐྱེ་མ་ཐག་པའི་བུ་ཆུང་ཁྱོད
ཡུལ་གྲུ་གང་ཞིག་ནས་འོང་བའི་མགྲོན་པོ་བཞིན
སྐྱེ་བ་སྔ་གཞུག་གི་འབྲེལ་ཐག་དང་
འདས་མ་ད་གསུམ་གྱི་ལས་དབང་ལ་འཐིམ་པའི
ང་དང་ངའི་མི་ཚེ་ཁྲོད་སླེབས་སོང་
བོད་ཟླ་བདུན་པའི་ཚེས་དྲུག
སྤྱི་ཟླ་དགུ་བའི་ཚེས་གསུམ
ཕྱི་དྲོ་སྟེ ཆུ་ཚོད་བཞི་ཏག་ཏག
འཇིག་རྟེན་མི་ཡུལ་འདིར ཉིད་ནས་ངུ་སྐད་ཐོག་མ
ཁུ་ཁྲག་བརྣག་གཤེར་གྱི་བརླན་པའི་གཅེར་བུ་ཁྱོད
ངོ་མི་ཤེས་པའི་ཕ་རྒན་ངའི་ངོ་གདོང་ལ་བལྟས
མིག་ཆུང་ཆུང་དེ་གཉིས་ནི
གསར་དུ་ཕྱེ་མ་ཐག དོན་དངོས་སུ
ཁྱོད་ཀྱིས་ཅི་ཞིག་མཐོང་ཡོད་དམ
ཕ་རྒན་ང་མིག་ལམ་ཏུ་ཤར་ཡོད་དམ
ཡང་ན འོད་ཕྲ་མོ་ཞིག
ཤ་རྡོག་སྤྱི་རྒྱ་གསུམ་དང་ཚག་དྲུག་གི་ཕུང་བོ་ཆུང་ཆུང་ཁྱོད
དོན་དངོས་སུ འཇིག་རྟེན་འདིར་སུའི་ཆེད་དུ་ཡོང་བ་ཡིན
སྡུག་བདེན་གྱི་ཕུང་བོ་འདི་ཡི་ཚུལ་བཟུང་དེ
རང་གཞན་སེམས་ཅན་ལ་ཕན་པའི་ལས་ཤིག་བྱེད་དུ
ཡང་ན རང་དོན་ཁོ་ན་གཉེར་བའི་མི་བུ་ཆུང་ཆུང་ཞིག་དུ
དེ་མིན ཐར་བ་དོན་གཉེར་གྱི་བྱང་ཆུབ་ཀྱི་སེམས་མངའ་བའི་ཁྱེའུ་ཞིག་ཡིན་ནམ
གང་ལྟར ཕ་རྒན་ངས ཁྱེད་ལ་རེ་བ་ཞིག་བརྒྱབས་ཡོད
སྐྱེ་བ་ལས་གསོན་པ་ལས་སླ་བོ་མིན
གསོན་པ་དེ་ཡང་དོན་སྙིང་ཡོད་པ་ཞིག་དང་
གཟི་བརྗིད་ལྡན་པའི་མི་ཚེ་སྟེ
འགྲོ་བ་མི་ཞེས་སེམས་བྱུང་གི་འདུ་ཤེས་ཟབ་མོ་ཞིག་འཁུར་ནས
མི་ཡུལ་འདིར་ཞབས་ཞུ་ཡག་པོ་ཞིག་བྱེད་ཐུབ་པར་སྨོན
རྟེན་འབྲེལ་ཞུ། བཙས་མ་ཐག་པའི་ལྷ་ཀླུ་གཉན་གསུམ་གྱི་བུ་ཆུང་ལ་རྟེན་འབྲེལ་ཞུ།
མི་ཡུལ་ལ་ཐོག་མ་བསླེབས་པར་རྟེན་འབྲེལ་ཞུ།
བོད་པའི་བུ་རུ་སྐྱེས་པར་རྟེན་འབྲེལ་ཞུ།
ཨ་མའི་བུ་ཞིག་ཡོང་བའི་རྟེན་འབྲེལ་ཞུ།
ཨ་ཕའི་རེ་བ་འགྲུབ་པའི་རྟེན་འབྲེལ་ཞུ།
སྐྱེས་པ་དོན་ལྡན་ཡོང་བའི་སྨོན་འདུན་བཅས། འདོད་ཁམས་པས།
ངའི་གྲོགས་པོ་ལགས་ཁྱེད་ཕ་མ་བུ་ཕྲུག་རྣམས་སེམས་གཏང་ནས་རྟེན་འབྲེལ་ཞུ།
ང་བཟང་སོང་ནི་རེད་བུ་བདེ་ལེགས་ངང་འཇིག་རྟེན་འདིར་ཕེབས་་ནས་ཕ་རྒན་རང་གི་ཐུགས་སྨོན་བཞིན་
མི་ཡག་པོ་ཞིག་བྱེད་པའི་ཡིད་ཆེས་ཡོད་ད་བཙེས་བའི་གསོལ་སྟོན་ལ་རོལ་བོད་མང་ལ་གངས་སྲས་བསྟན་འཛིན་ཀུན་བཟང་ཟེར་དེ་དེ་ང་རང་གཅིག་བུས་བཏགས་མིང་ཡིན་བདེ་མོ་།
སྐྱེས་པའི་བུ་ཁྱེད་འཇིག་རྟེན་ནས་་་་བདེ་སྐྱིད་ལྡན་པའི་རེ་བ་དང་་ཨ་ཕའི་བསམ་དོན་འགྲུབ་པ་དང་་་བོད་སྐད་བོད་ཡིག་ཤེས་པར་ཤོག་་་་་བོད་རྒྱལ་ལོ་
ཁྱེད་ཀྱི་བུ་ཆུང་སྐྱེས་སྐར་ལ་མཚམས་འདྲི་ཞུ། གཞན་བོད་། ལྷ་ཀླུ་གཉན་གསུམ་ལགས། ཁྱེད་ཀྱི་མུ་འགོད་ཟིན་བྲིས་དེ་མུ་མཐུད་འགོད་པར་རེ་བ་ཆེ།
སྤུན་ཟླ་ཁྱེད་ཅག་གཅིག་རྗེས་གཉིས་མཐུད་དུ་ཕེབས་ནས་བདག་གི་བུ་ཆུང་གི་སྐྱེ་སྐར་ལ་ཤིས་ཚིག་དང་ཁ་གཡང་བོས་པ་དེར་སྙིང་ནས་དགའ་ཡོད།