བོད། ལྷ་ཀླུ་གཉན་གསུམ།
དུས་ཚོད་ངེས་མེད་ཅིག་ལ། སྐར་ཆ་རྒྱུས་མེད་ཅིག་ལ། ཟླ་ཚེས་གཏན་འཁེལ་མེད་པའི་སྐབས་ཤིག་ལ། ཁྱེད་རང་གློ་བར་དུ་ང་ཡི་སྙིང་གི་ཚི་ལུར་གྱུར་བ་རེད། དེ་ཡི་རྒྱུད་རིམ་ཡང་བཤད་ན་སྟབས་བདེ་བོ་ཞིག་དང་གོ་བདེ་བོ་ཞིག་ཡིན་ཡང་། སེམས་ལ་ཞུགས་པའི་སྙིང་གི་ཚི་ལུ་ཁྱེད་རང་གི་མི་ཤེས་པའི་ཚོར་བ་དེ་ཡི་ལྟག་རྒྱབ་ཀྱི་ང་ལ་སྡུག་བསྔལ་ཞིག་གི་འགོ་འཛུགས་བྱས་པ་དང་། དགའ་བ་ཚད་མེད་ཅིག་གི་རོ་མྱོང་བྱེད་པའི་འགོ་ཡང་དེ་ནས་འབུས་པ་རེད།
ལུས་དང་སྲོག་གི་བྱེད་པ་པོ་ཞིག་དུ་གྱུར་བའི་ཁྱེད་ཉིད་ནི། བདག་གི་དུས་ཚོད་ཉེར་བཞིའི་ནང་གི་དྲན་ཡུལ་ཆེ་ཤོས་སུ་གྱུར་བ་དང་། རང་ཉིད་ཆེས་དགའ་སའི་འཛམ་གླིང་སྟེང་གི་བུད་མེད་དང་པོ་དེ་ཡང་ཆགས་པ་ནས། ངས་ཁྱེད་རང་ང་ལ་ཐོབ་པའི་ཆེད་དུ་འབད་འབུངས་སྣ་ཚོགས་ཤིག་དང་། བློས་གཏོང་གྲངས་ལས་འདས་པ་ཞིག་བྱས་པའི་རྗེས་སུ། ང་ལ་ཡ་ལན་བཟང་བོ་ཞིག་མ་བྱུང་བའི་སྐབས་དེ་འདྲ་ཞིག་ལ། ངས་གང་དུ་བལྟས་ཀྱང་གསོན་པ་ནི་རང་ཉིད་གནས་པའི་ལས་སྣེ་ཞིག་མིན་པ་ལྟ་བའི་སེམས་ཐག་ཡང་བཅད་མྱོང་།
རྒྱུད་མྱོང་བའི་ལམ་ཕྲན་ཆེས་མང་བོ་ཞིག་གི་ཁྲོད་དུ། རི་གཟར་ལྟ་བའི་གཡང་རོམ་དེ་ནས་ཁྱེད་ཀྱི་སེམས་ཀྱི་ཆུ་ཐིགས་ཁ་ཤས་ཤིག་ང་རང་ལ་འཐུང་རྒྱུའི་སྐལ་བ་ཞིག་བྱུང་བ་དེ་ནས་སྙིང་གི་ཚི་ལུ་ཁྱེད་ཀྱི་སེམས་ཀྱི་ཕྱི་ནང་གང་རུང་དུ་ང་རང་སྐོང་ཡོད་པ་གསལ་བོ་རྟོགས་དུ་བཅུགས་ཀྱང་། ཕྱི་དྲོ་དེར་སླར་མཇལ་གྱི་རེ་སྨོན་ཁྲི་སྟོང་ལས་བརྒལ་བ་ཞིག་གནམ་ས་གཉིས་ཀ་བདེན་དབུང་དུ་བཞག་ནས། འུ་གཉིས་རང་རང་ས་རུ་གྱེས། ཆར་ཤུལ་གྱི་གནམ་ཟླ་དེ་ནི་ད་དུང་ཡང་གཏན་ནས་བརྗེད་ཐབས་ཤིག་ག་ལ་ཡོད། འཇའ་རིས་གཉིས་བརྩེགས་ཤིག་རི་ཕར་ངོས་ཀྱི་སྟེང་ནས་ཤར་དུས་སུ། ང་ལ་འཕྲུལ་སྣང་གི་དགའ་བ་གྲངས་མེད་ཅིག་བྱུང་བ་ནི། རང་ཉིད་རྟེན་འབྲེལ་ལ་དགའ་བའི་མི་རིགས་ཤིག་དུ་སྐྱེ་བ་བླངས་ཡོད་པས་ལོས་ཡིན།
རི་རབ་དང་ཁང་ཁྱིམ་གང་གིས་ཀྱང་མཚོན་ཐབས་གཏན་ནས་མེད་པའི་དུས་ཚིགས་གཞན་ཞིག་ལ་ང་རང་འདི་ལྟར་གྱུར་འགྲོ་བ་དེ་ནི་ང་རང་གི་ཡིད་སྨོན་ཡང་མིན་ལ། ང་རང་གི་འདོད་པ་ཡང་གཏན་ནས་མིན་མོད། མ་བསམ་ས་ཞིག་ནས་སྙིང་གི་ཚི་ལུ་ཁྱེད་དང་ཁ་ཐག་རིང་ནས་རིང་དུ་མི་འཇོག་ཐབས་མེད་ཀྱི་སྙིང་རྗེ་མེད་པའི་ལོ་ཟླ་འདི་དག་ནི། རང་ཉིད་ལས་གཞན་ཞིག་གི་ཡོད་ཚད་ཀྱི་ཆེད་དུ་ང་རང་འདི་ལྟར་འཚོ་བའི་ལམ་བར་གྱི་དགའ་སྐྱོ་འདྲེས་མའི་ངང་ངས་རང་ཉིད་ཀྱི་སྙིང་གི་ཚི་ལུ་ཁྱེད་རང་གི་འདོད་དོན་འགྲུབ་པར་རྒྱང་རིང་ས་་ཞིག་ནས་ཉིན་རྟག་པར་སྨོན་ལམ་འདེབས་ཀྱི་ཡོད།
མི་ཚོས་བཤད་ན། སྙིང་གི་ཚི་ལུ་ནི། རྙེད་སླ་བར་བཤད་ཀྱང་། སྐད་ཆ་དེ་ནི་ང་རང་ལ་མཚོན་ནས་བཤད་ན་གཏན་ནས་བདེན་པ་ཞིག་དུ་མ་གྱུར་མོད། གཅིག་བྱས་ན། ང་རང་གི་འབད་བརྩོན་གྱིས་མ་འདང་བ་ཡིན་ཡང་སྲིད། རེད་དེ། ངའི་སྙིང་གི་ཚི་ལུ་ཁྱེད་རང་ནི། ང་ལ་མཚོན་ན་ངའི་གནམ་མཁའ་དང་ས་གཞི། ངའི་དགའ་བ་དང་སྤྲོ་སྣང་། ཐབས་ཅད་ཡིན་ཟེར་ན་ཆོག་ཡང་། ཁྱེད་ཉིད་ལ་མཚོན་ནས་བཤད་ན་ང་ལས་ལྷག་པའི་དྲིན་ཆེན་ཕ་མ་ཞིག་གི་བཀའ་གསུང་ལྕི་བའི་ལས་དབང་ཁྲོད་དུ། དོན་དངོས་ཐོག སྙིང་གི་ཚི་ལུ་ཁྱེད་ནས་ང་རང་ལ་སེམས་བསམ་པའི་སྐད་ཆ་ལྷོད་པོ་ཞིག་ཀྱང་བཤད་དབང་མ་བྱུང་བ་དེ་ནི་ང་རང་གི་མི་ཚེ་ནང་གི་ཆེས་སྐྱོ་བའི་དུས་ཚོད་ཅིག་ཡིན།
ལོ་ངོ་བཅུ་བཞི་འདས་པའི་དེ་རིང་ཡང་། ངས་ཁྱེད་རང་དྲན་བཞིན་ཡོད་ལ། དྲན་དུས་ཀྱི་དུས་ཚོད་ལ་ཡང་གཏན་འཁེལ་ཞིག་གང་དུ་ཡོད། རླངས་འཁོར་གྱི་ནང་། སྲང་ལམ། གཞུང་ལམ། མི་ཚོགས་འདུ་ས། འདུ་རྭ་ཆེ་ས། རིག་འདྲ་བ་མང་ས་ནས། གཉོམ་ཆུང་བའི་བུད་མེད་མཐོང་ཐེངས་རེར། མིང་འདྲ་བོ་ཞིག་རྣ་ལམ་དུ་ཐོས་ཐེངས་རེར། བརྗེད་མི་ཐུབ་པ་ཆེས་མང་བོ་ཞིག བདག་གི་ཟིན་ཐོ་དག་གི་གསེང་ན། ང་རང་གི་ཅ་དངོས་དག་གི་ཁྲོད་དུ། གྲོགས་པོ་དག་གི་གླེང་མོལ་གྱི་སྔ་གཞུག་ཡོད་ཚད་དུ། སྙིང་གི་ཚི་ལུ། ཁྱེད་རང་ངའི་མི་ཚེ་འདིའི་སྙིང་གི་ཚི་ལུ་གཅིག་བུ་ཆགས་ཡོད་ཀྱང་། མ་བསམ་ས་ནས་ད་ལྟ་ནི་ང་རང་གཞན་ཡུལ་ཞིག་ན། གཞན་མི་བུད་མེད་ཅིག་གི་མཛའ་བོར་གྱུར་ནས། ཉི་ཟླ་གཅིག་གི་འོག་ན། གནམ་འོག་གཞན་ཞིག་ན། སྐད་ཡིག་གཞན་ཞིག་གི་ཁྲོད་དུ། མི་རིགས་གཞན་ཞིག་གི་གོམ་གཤིས་ཀྱི་བཙན་འཛུལ་ཁྲོད་ན། རིགས་རུས་གཞན་ལ་འཕོ་བའི་ཉེས་པ་འདི་དག་སྙིང་གི་ཚི་ལུ་ལགས། ང་ཡིས་བཟོས་སོང་།
སྙིང་གི་ཚི་ལུ་ལགས། གཅིག་བྱས་ན། ལོ་ངོ་མང་བོ་ཞིག་གི་རྗེས་སུ། ང་རང་ད་དུང་མ་ཤི་ཚེ་རིང་བྱུང་ན། ཆེས་བཤད་མ་ཐུབ་པའི་སྐད་ཆ་མང་བོ་ཞིག འབྲི་མ་འཕོད་པའི་འཕྲིན་ཡིག་མི་ཉུང་བ་ཞིག ཡུན་རིང་མཐོང་མ་ཐུབ་པའི་སྙིང་གི་ཚི་ལུ་ཁྱེད་ཀྱི་ལག་འགོར་འཇུས་དེ་བཤད་དུས་ཤིག་ཡོད་སྲིད་དམ། གཅིག་བྱས་ན། ངའི་བུ་མོ་དང་མཛའ་མོ་གཉིས་ཀྱང་ང་དང་ལྷན་དུ་ཡོད་ཀྱང་། ཁོང་ཚོས་ང་རང་སྙིང་གི་ཚི་ལུ་ཁྱེད་ལ་དགའ་བ་ང་ཡི་ཤ་གསེང་དུ་འབུར་དུ་ཐོན་པའི་ཡིག་འབྲི་དེ་དག་གིས་བདེན་དབུང་བྱས་ཡོད་པ་རེད།
སྙིང་གི་ཚི་ལུ། ང་རང་ཁྱེད་ལ་དགའ།
ཁ་བརྡ་ཚང་གི་སྙིང་གི་ཚི་ལུ་ཟེར་བའི་གསར་འཕྲིན་བཀླགས་རྗེས་སུ་ཤར་མར་དྲ་ཐོག་ནས་སྙིང་གི་ཚི་ལུ་ལ་བྲིས་པ་ཡིན།
ཞི་ལིས་་་་་དི་་་་ཡུམ་ཅིག་མི་བདེན་ན། མ་གཞི་ངེད་གཉིས་ཀྱི་ཚོར་བ་གཅིག་ཡིན་པས་འདྲ། འོན་ཀྱང་ ཨོ་་ཨོ་ ཨོ་དུ་གི་ཆེ་ནི་་་་བརྗེད་ཨེ་ཐུབ་གི་ལྟ་ཡ་་་་་
ཡག་པོ་བྲིས་འདུག་སང་ཉིན་འགྲན་བསྡུར་ནང་ཞུགས་ད་ཨང་ཐོབ་གི་རེད་གྲོགས་པོ་ངའི་ཁྱེད་ཀྱི་བསམ་དོན་འགྲུབ་བའི་སྨོན་ལམ་འདེབས།།
སྙིང་གི་ཚི་ལུའི་སྐོར་ལ་ཉན་དུ་ཕེབས་པ་དགའ་ནས་ཡོད། སྤུན་ཟླ་ཁྱེད་ཅག་གིས་ཀྱང་རང་རང་གི་སེམས་ནང་གི་སྙིང་གི་ཚི་ལུའི་སྐོར་རེ་གསུང་དང་། ང་རང་ཐོག་མར་ཉན་དུ་ཡོང་ཡ་་