ཐེ་བོ་ཤེས་རབ་རྒྱ་མཚོ།
ཅི་ཞིག་བཤད་དགོས་ཇི་ལྟར་བཤད་དགོས།།
དོ་ནུབ་སྙིང་ཁོང་དྲོད་ཀྱིས་གཏམས་བྱུང་།།
ལོ་གསུམ་ལྕགས་ནག་བཙོན་ཁང་ནང་ལ།།
ཁྱོད་ཀྱིས་དཀའ་སྡུག་མྱངས་པ་མང་སོང་།།
བྱིས་པའི་ནང་གི་བྱིས་པ་ཡིན་དུས།།
ཕལ་བའི་ནང་གི་ཕལ་བ་ཡིན་མོད།།
ནར་སོན་ལོ་ཟླའི་རླུང་འཚུབ་འོག་ནས།།
བདེན་དོན་སྐྱོང་བའི་དཔའ་སྙིང་རྒྱས་སོང་།།
ལོ་ངོ་གསུམ་དེ་ཐུང་ཐུང་མ་ཡིན།།
ཉིན་གྲངས་ཆིག་སྟོང་གོ་ལྔ་འདས་སོང་།།
སྒེར་གཅོད་གཞུང་གི་རྩིག་གྱང་ངོས་སུ།།
བདེན་དོན་ཡི་གེ་སྲོག་གིས་བྲིས་སོང་།།
ཕ་མེས་ཡང་མེས་ཕྱི་མའི་ཡུལ་ནས།།
ཁྱོད་ལ་གཟིགས་ནས་འདོད་པ་ཚིམས་ཡོད།།
སྤུན་སྲིང་མང་པོ་གཞིས་དང་བྱེས་ནས།།
ཁྱོད་ལ་བལྟས་ནས་རྟོག་པ་སད་ཡོད།།
ཁྱོད་ཀྱི་རྟོག་བརྗོད་འཇའ་དང་འོད་ཡིན།།
ཁ་བའི་རི་ལ་མཛེས་སྡུག་བསྐྱིལ་ཡོད།།
ཁྱོད་ཀྱི་བློ་སྤོབས་མདའ་དང་ཐོག་ཡིན།།
གཏུམ་དྲག་དཔོན་གཞུང་སྙིང་རྩ་བཀད་ཡོད།།
ཁྱོད་ཀྱི་ལུས་ངག་ཡིད་གསུམ་འགུལ་བསྐྱོད།།
དབྱངས་གསལ་སོ་བཞིས་མཚོན་ཐབས་ཡོད་དམ།།
ཁྱོད་ཀྱིས་མྱངས་པའི་དཀའ་སྡུག་ལོ་ཟླ།།
ཡི་གེ་ནང་ལ་ཤོང་ཐབས་ཡོད་དམ།།
གླེགས་བམ་ཁྲི་ཕྲག་སྟོང་དུ་བྱས་ཀྱང་།།
ཁྱོད་ཀྱི་ལམ་ཡིག་བྲིས་ནས་མི་ཚར།།
གསེར་སྣག་རྡོ་རིང་དགུང་ལ་བསླངས་ཀྱང་།།
ཁྱོད་ཀྱི་མཛད་རྗེས་མཚོན་ཐབས་མི་འདུག།
ཅི་ཞིག་ཇི་ལྟར་བྲིས་པར་བྱས་ན།།
གང་ཞིག་ག་འདྲ་མཚོན་པར་ནུས་སམ།།
འཐོམས་པའི་མགོ་དང་འཁུམས་པའི་ལག་གིས།།
དྲན་པར་མ་ནུས་འབྲི་ཡང་མ་ཕོད།།
མེ་མདའི་ངོ་ཡ་སྨྱུ་གུས་བྱས་པ།།
གནམ་ས་གཉིས་ཀྱིས་བརྗེད་སྲོལ་ཡོད་དམ།།
ལོ་གསུམ་མནར་གཅོད་གོ་རིམ་དེ་དག།
སྒང་པ་བོད་འདིའི་སེམས་ལ་ལོས་ཡོད།།
སེམས་ཀྱི་དགའ་བ་མཚོན་པའི་བརྡ་རུ།།
ཧ་ཅང་གཙང་བའི་ཁ་བཏགས་དཀར་པོ།།
འཇིགས་ཞུམ་བྲལ་བའི་མི་བུ་ཁྱོད་ཀྱི།།
སྐེ་ལ་ལྷོད་ཀྱིས་བསྒྲོན་ན་འདོད་ཡོད།།
སྙིང་གི་སྤུན་གྲོགས་དམ་པ་མགར་མིའམ་སྐལ་བཟང་སྦྱིན་པ་སེམས་ཀྱིས་དྲན་བཞིན་འབྲི་བ་པོ་ནི་ས་མཐར་འཁྱམས་པའི་ཐེ་བོ་ཤེས་རབ་རྒྱ་མཚོར་འབོད་པ་དེའོ།།
ཕྱི་ལོ་༢༠༡༣ལོའི་ཟླ་༧ཚེས་༢༡ དགོང་མོ།
ཨོ་ཡ་་སེམས་པའི་ལ་རྒྱ་མཚོན་ཆེད་དུ་སྙན་ཚིག་གཅིག་འབྲི་གི་ཡིན།
སྨྱུག་གུ་ལག་ཏུ་ཟིན་མཁན་མཁས་པ་ཤིག
སྒེར་གཅོད་གཞུང་གི་ཉེས་ཅན་བཙོན་པ་ཞིག
ལོ་གསུམ་བཙོན་དུ་མནར་གཅོད་མྱོང་མཁན་ཞིག
དེ་རིང་ཕྱིར་ལོག་ཕེབས་པར་རྟེན་འབྲེལ་ཞུ།།
པུར་རྒྱལ་བོད་ཀྱི་རྒྱལ་ཁབ་འདི་ཡི་ཆེད།
གདོང་དམར་བོད་ཀྱི་མི་རིགས་འདི་ཡི་ཆེད།
ལོ་གསུམ་བཙོན་དུ་མནར་བའི་བུ་ཁྱོད་ལ།
སེམས་ཀྱི་མཇལ་དར་དྲི་མེད་འགུལ་དུ་གསོལ།།
བཙིར་ནས་མ་ཡིན་འཐེན་ཡང་མི་དགོས་པར།།
རང་བྱུང་ངག་གི་ལྷ་མོའི་མགྲིན་པ་ལས།།
ལྷོད་ཀྱིས་བབ་པའི་སྙན་ཚིག་ཐུང་ཐུང་འདི།།
བདག་ཡིད་སྤྲོ་བ་འཕེལ་པའི་སྨན་མཆོག་ཉིད།།
སྒང་བ་བོད་ཀྱི་བདེ་སྡུག་གླེང་བ་ལ།།
མི་འཇིགས་རྒྱ་སྟག་ངར་མའི་སྙིང་ཁམས་ཅན།།
དེ་རིང་བཙོན་གྲོལ་ཐོབ་སྟེ་རང་ཁྱིམ་ལ།།
ཞབས་སོར་བདེ་བ་བཀོད་པར་གདའ་བསུ་ཞུ།།
ད་དུང་དུ་ཡང་ཁ་བའི་བདེ་སྡུག་དག།
གླེང་ལ་མི་འཇིགས་སྤོབས་པ་ཆེར་སྐྱེད་དེ།།
ཕྱག་སོའི་གསེར་སྨྱུག་ཐང་ལ་མི་འཇོག་པར།།
ཐག་རིང་སྤུན་ཆུང་ཞིག་གི་རེ་བ་ཡིན།།
ཐུགས་རྗེ་ཆེ། ཡག་པོ་བྲིས་འདུག སྐལ་བཟང་སྦྱིན་པ་ཟེར་བ་ནི་གོོ་ཐོས་ཡོད་ཀྱང་གནས་ཚུལ་གསལ་པོ་མི་དྲན་པས་གསལ་བཤད་ཡོད་ན་ཐུགས་རྗེ་ཆེ།
བོད་པའི་ལ་རྒྱ་རྩོད་མཁན་ཨ་མའི་བུ།།
གཞིས་བྱིས་མཉམ་འཛོམས་སྒྲུབ་མཁན་ཨ་མའི་བུ།།
རིག་གཞུང་སྲུང་སྐྱབས་མཛད་མཁན་ཨ་མའི་བུ།།
ཁྱེད་ལ་ས་མཐའི་ཁྲོད་ནས་བཀའ་དྲིན་དྲན།།
སྐལ་བཟང་སྦྱིན་པ་ནི་<>འི་རྩོམ་སྒྲིག་པ་རེད། ཁོང་གི་སྨྱུག་མིང་ལ་ཙ་ཡུས་ཙི་དམར་རམ་མགར་མི་ཟེར། <>གིས་མཚོན་པའི་བོད་ནང་གི་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཡོད།༢༠༠༨ ལོར་<>འི་སྟེང་<>ཞེས་པའི་རྩོམ་ཡིག་སྤེལ་རྐྱེན་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཆད་བཅད། ཁོང་གི་ཕ་ཡུལ་བླ་བྲང་ཙ་ཡུས་རེད། ཙ་ཡུས་ནི་མི་གྲངས་ཉུང་ཉུང་ལས་མེད་པའི་རོང་མ་འབྲོག་གི་ལུང་པ་ཆུང་ཆུང་ཞིག་ཡིན་ནའང་། ས་འདི་ནས་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཐད་ལ་ཕྱག་རྗེས་རླབས་ཆེན་འཇོག་མྱོང་མཁན་གྱི་སྐྱེས་བུ་མང་པོ་བྱུང་བའི་ནང་གི་མི་བུ་གཅིག་ནི་ཁོང་རེད། ལོ་རྒྱུས་མདོར་བསྡུས་དེ་ཙམ་རེད།
ཨོ།། གོང་གི་དཔེ་རྟགས་ནང་དཔེ་མིང་ཆད་ཡོད་པ་དང་། དེ་ནི་ ༼དུས་རབས་ཀྱི་ང༽ རེད།
སྐལ་བཟང་སྦྱིན་པ་ནི་༼དུས་རབས་ཀྱི་ང༽འི་རྩོམ་སྒྲིག་པ་རེད། ཁོང་གི་སྨྱུག་མིང་ལ་ཙ་ཡུས་ཙི་དམར་རམ་མགར་མི་ཟེར། གིས་མཚོན་པའི་བོད་ནང་གི་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཡོད།༢༠༠༨ ལོར་འི་སྟེང་ཞེས་པའི་རྩོམ་ཡིག་སྤེལ་རྐྱེན་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཆད་བཅད། ཁོང་གི་ཕ་ཡུལ་བླ་བྲང་ཙ་ཡུས་རེད། ཙ་ཡུས་ནི་མི་གྲངས་ཉུང་ཉུང་ལས་མེད་པའི་རོང་མ་འབྲོག་གི་ལུང་པ་ཆུང་ཆུང་ཞིག་ཡིན་ནའང་། ས་འདི་ནས་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཐད་ལ་ཕྱག་རྗེས་རླབས་ཆེན་འཇོག་མྱོང་མཁན་གྱི་སྐྱེས་བུ་མང་པོ་བྱུང་བའི་ནང་གི་མི་བུ་གཅིག་ནི་ཁོང་རེད། ལོ་རྒྱུས་མདོར་བསྡུས་དེ་ཙམ་རེད།
སྐལ་བཟང་སྦྱིན་པ་ནི་༼དུས་རབས་ཀྱི་ང༽འི་རྩོམ་སྒྲིག་པ་རེད། ཁོང་གི་སྨྱུག་མིང་ལ་ཙ་ཡུས་ཙི་དམར་རམ་མགར་མི་ཟེར། ༼གངས་རྒྱན་མེ་ཏོག༽གིས་མཚོན་པའི་བོད་ནང་གི་དུས་དེབ་ཁག་ཏུ་རྩོམ་ཡིག་མི་ཉུང་བ་ཞིག་སྤེལ་ཡོད།༢༠༠༨ ལོར་༼ཤར་དུང་རི༽འི་སྟེང་༼ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར༽ཞེས་པའི་རྩོམ་ཡིག་སྤེལ་རྐྱེན་ལོ་གསུམ་ལ་བཙོན་འཇུག་ཁྲིམས་ཆད་བཅད། ཁོང་གི་ཕ་ཡུལ་བླ་བྲང་ཙ་ཡུས་རེད། ཙ་ཡུས་ནི་མི་གྲངས་ཉུང་ཉུང་ལས་མེད་པའི་རོང་མ་འབྲོག་གི་ལུང་པ་ཆུང་ཆུང་ཞིག་ཡིན་ནའང་། ས་འདི་ནས་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཐད་ལ་ཕྱག་རྗེས་རླབས་ཆེན་འཇོག་མྱོང་མཁན་གྱི་སྐྱེས་བུ་མང་པོ་བྱུང་བའི་ནང་གི་མི་བུ་གཅིག་ནི་ཁོང་རེད། ལོ་རྒྱུས་མདོར་བསྡུས་དེ་ཙམ་རེད།