རྔ་བ་བརྒྱད་གསུམ་གཅིག་དྲུག
སྙིང་ཉེ་བའི་གཅེས་ཕྲུག ཁྱོད་ངོ་མ་བུ་ཕྲུག་ཡ་རབས་ཡ་རབས་ཤིག་རེད། གདོང་དང་གཟུགས་བྱད་མཛེས་པ་ནང་བཞིན། ཁྱེད་ཀྱི་ལྷད་མེད་ཀྱི་སེམས་པའང་ནག་ནོག་དང་དྲི་མས་དབེན་ཞིང་། དུང་དཀར་ལྟར་དཀར་ནོ་ཁོ་ཐག་རེད། སྙིང་ཉེ་བའི་གཅེས་ཕྲུག ངས་ཁྱོད་ལ་བཤད་ཕོད་པ་ཞིག་ལ། བཤད་འོས་པ་ཞིག་ལ། ཁྱོད་ལ་ལྷད་མེད་ཀྱི་བརྩེ་བ་སྟེར་མཁན་རང་གི་ཕ་མ་ཡིན་ལ། ཁྱོད་ཀྱི་འབྱུང་འགྱུར་དང་འཚོ་བའི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་མཁན་ཡང་རང་གི་ཕ་མ་རེད།
དེའི་ཕྱིར། རང་གི་ཕ་མ་རང་གི་ནོར་བུ་དངོས་ཡིན་ལ། རང་གི་དཀོན་མཆོག་ཀྱང་དངོས་ཡིན། ཁྱོད་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ལ། ཁྱོད་ཀྱི་ཕ་མ་ཟུང་གིས། ཁྱོད་ལ་ཅི་ལྟར་བྱམས་བྱམས་དུངས་དུངས་བྱས་པ་སྟེ། ཉིན་མཚན་ཁོར་མོ་ཡུག་ཏུ། ཁྱོད་ལ་བྱམས་བརྩེ་གཙང་མ་གཙང་མ་ཞིག་བཅངས་ཡོད་ལ། དུངས་བའང་གཙང་མ་གཙང་མ་ཞིག་ཕྱིན་ཡོད།
དེའི་ཕྱིར། ཕ་མ་ཟུང་གི་ལྷད་མེད་པའི་བྱམས་བརྩེ་དང་། དུངས་བ་སྟེ། བུ་ལ་རེ་བའི་སྨོན་འདུན་དང་། བློས་གཏོང་གནང་བའི་ཡོད་ཚད་ཀྱི་ཡོད་ཚད། ཁྱོད་ཀྱིས་རང་ཉིད་ཀྱི་ང་རྒྱལ་ཞིག་ཏུ་ངོམ་ཆོག་ཆོག་རེད།
ནམ་ཞིག་སྟེ་ཧ་ཅང་ཐག་མི་རིང་བའི་དུས་ཤིག་ན། ཁྱོད་ཀྱིས་ཉི་ཟླའི་སྐོར་ལམ་ངོགས་སུ། རང་བྱུང་འཇིག་རྟེན་ལ་ལེགས་སྐྱེས་འབུལ་དུས། པོ་ཏཱ་ལའི་རྒྱ་ཕིབས་ངོགས་སུ་གསེར་མདོག་གི་མིང་བྱང་འབྲི་དུས། ཕ་མ་གཉིས་ཀྱིས་ཀྱང་ཁྱོད་རང་སེམས་སྟེང་གི་སྒྲོན་མེ་ཞིག་ཏུ་རློམ་ཆོག་ཆོག་རེད།
དེའི་རྐྱེན། བྱམས་བརྩེ་དང་དུངས་བ་དེའི་ཁྲོད་དུ་ལྗིད་ཏིག་ཏིག་གི་རེ་བ་གྲངས་མེད་ཅིག་གིས། ཁྱོད་ཀྱི་གོམ་ཁ་གཅིག་རེ་གཉིས་རེ་བྱས་ནས་རྩི་བཞིན་ཡོད་པས།
རང་ཉིད་ལ་ཡིད་ཐང་མ་ཆད་པར་མདུན་སྐྱོད་ཀྱིས་ཤིག
རེད། ད་དུང་། ཕ་མའི་མིག་མདུན་ན། ཆེས་མཛེས་ཤིང་ཡིད་དུ་འོང་བའི་མེ་ཏོག་ཆུང་ཆུང་དེ། ཁྱོད་རང་ཡིན་ལ། ཆེས་སྙན་ཞིང་འཇེབས་པའི་གླུ་སྐད་དྭངས་མ་དེ། ཁྱོད་ཀྱིས་གཅེས་སྐད་རེད། དེའི་ཕྱིར། ཕ་མའི་རེ་སྒུག་དང་སྨོན་པ་གོས་སུ་གྱོན་ཏེ། ཁྱོད་མི་བུ་བཟང་བོ་བཟང་བོ་ཞིག་བྱེད་དགོས་ལ། ཕ་མའི་ཡིད་ཆེས་དང་ལམ་སྟོན་རྒྱབ་རི་བྱས་ཏེ། ཁྱོད་མི་བུ་གཞུང་དྲང་གཞུང་དྲང་ཞིག་བྱེད་དགོས།
གོ་སོང་ངམ། སྙིང་ཉེ་བའི་གཅེས་ཕྲུག
ངས་ཁྱོད་ལ་ལེགས་སྐྱེས་ཤིག་གི་ཚབ་ཏུ། སྐད་ཆ་འདི་དག་ཡི་གེར་བཏབ་པ་ཡིན་ལ། དུངས་སེམས་ཤིག་གི་ཟོལ་དུ་སྙིང་གཏམ་འདི་དག་ཁྱོད་ལ་བསྲིངས་བ་ཡིན།
ཕྱི་ལོ་ ༢༠༡༣ ཟླ་བ་ ༠༧ ཚེས་ ༠༤ ཉིན།