སྙན་དོན་སྙིང་པོ།
ངས་ཡ་ཁའི་སྣབས་ལའང་བདག་པོ་བྱེད་མི་ཤེས་ཤིང་མགོ་ཡི་རལ་བ་རླུང་ལ་འཕྱོ་བཞིན་རྐང་རྗེན་དུ་ཁོད་ཡངས་བའི་འབྲོག་ཡུལ་གྱི་རྩྭ་ཐང་ན་རྒྱུག་མ་འདུར་ཀྱིས་རྩེད་འཇོར་གཡེངས་བའི་བྱིས་དུས་ཤིག་ལ་འུ་གཉིས་དང་ཐོག་འཕྲད་ས་ནི་འབྲོག་གི་སྦྲ་ཁྱིམ་ན་དྲེག་པ་ཧ་ཅང་མོད་པའི་ཤིང་གི་མར་སྒམ་གྱི་འགྲམ་དེ་ཡིན་པ་ཕྲན་གྱི་དྲན་པའི་ཟབ་ས་གསལ་ལྷང་ངེར་འདུག
དྲིན་ཆེན་གྱི་ཨ་མྱེས་འདས་པོས་ཁྱེད་ཀྱི་མཛེས་སྡུག་གི་གཟུགས་རིས་རེ་རེ་མར་སྒམ་གྱི་སྟེང་དུ་བྲིས་ཤིང་། སྐབས་དེར་ང་ཁྱོད་ཀྱི་འབོད་བདེ་བའི་མིང་དང་ཡིད་འོང་གི་ལང་ཚོར་དགའ་སྣང་ཤོར། སྙིང་ཉེ་བའི་དབྱངས་གསལ་མཚོ། དེ་ནི་ཆུང་འདྲིས་ཀྱི་བརྩེ་ཞེན་ཞིག་སྟེ་ངའི་རུས་རྐང་དུ་འཐིམས་པའི་བག་ཆགས། རྩ་ལམ་ན་རྒྱུ་བའི་ཐ་སྙད་ཀྱི་ཁྲག་རྒྱུན་ཐོག་མ་ཡིན། དྲིན་ཆེན་གྱི་ཨ་མྱེས་འདས་པོ་དེའི་དམིགས་ཡུལ་ཅི་འདྲ་ཞིག་གིས་དབྱངས་གསལ་མཚོ་ང་ལ་ངོ་ཤེས་སུ་བཅུག་པའི་རྒྱུ་མཚན་གསལ་བོ་ཞིག་དེ་རིང་ད་དུང་ངས་མ་ཤེས་ཀྱང་ཁོང་གི་བཀའ་དྲིན་གྱིས་ཁྱོད་ནི་ངའི་མི་ཚེའི་མངར་སྐྱུར་གྱི་གཏམ་རྒྱུད་འཆད་སའི་བློ་ཐུབ་ཀྱི་སྙིང་ཉེ་ཁོ་ནའོ།། དེང་སང་ཕྱི་དྲན་རེ་བྱེད་ཚེ་བྱིས་དུས་ནས་བཟུང་ཁྱེད་དང་འགྲོག་བདེ་ཡི་དུངས་བ་ཞིག་ངང་གིས་འཕེལ་ནའང་ཉིན་དེར་རང་དུ་འུ་གཉིས་གཟུགས་དང་གྲིབ་མ་བཞིན་འགྲོག་པའི་སྐལ་བ་རེ་ཞིག་ཕྲན་ལ་མ་ལྡན། དེ་ནི་སྐབས་དེའི་རྩྭ་ཐང་གི་འབྲོག་ཕྲུག་ཕལ་མོ་ཆེ་ཡི་མི་ཚེའི་བྱུང་བ་རྩྭ་ཐང་ནས་སྐྱེལ་དགོས་བས་ང་ཡང་དེ་བཞིན་ལོས་ཡིན། འོན་ཀྱང་བདག་གི་བྱིས་དུས་ཀྱི་དུངས་ཞེན་གཙང་མ་དེ་ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོས་དབང་མེད་དུ་བཀུག་སོང་བས། སེམས་ཚོར་དེའི་དབང་གིས་ང་རང་སླར་ཡང་ཁྱེད་ཀྱི་འཇིག་རྟེན་ལ་ཆ་ཡོད་རྒྱུས་ཡོད་ཅིག་དུ་འགྱུར་ཆེད་ངས་ཨ་ཕ་ལ་ང་རང་སློབ་གྲྭར་མངག་པའི་རེ་བ་མིག་ཆུ་དང་ལྷན་དུ་ཡང་ཡང་ཞུས་མྱངས། ལོ་དེའི་དགུན་ཁ་ཨ་མས་བཟོས་པའི་རས་ཀྱི་དཔེ་ཁུག་སྔོ་སྐྱ་དེ་ཁུར་ནས་ཆེས་ཐོག་མའི་ཤེས་རིག་གི་སྒོ་ཆེན་དུ་འཛུལ་བ་ནས། འུ་གཉིས་ཇ་དང་འོ་མ་བཞིན། ཆུ་དང་ཆར་བ་ལྟར་སླར་ཡང་འདྲིས་ཤིང་གོམས་ཏེ་སོང་།
མི་ལོ་དུ་མ་རིམ་གྱིས་འདས་པའི་ལོ་ཟླའི་ཁྲོད་ངས་གཞན་ཡིག་ཐར་ཐོར་རེ་ངོ་ཤེས་ཀྱང་། འུ་གཉིས་ཀྱི་ཆུང་འདྲིས་ཀྱི་བརྩེ་བའི་ཞེ་འདང་དང་བསྡུར་ན་ངས་སུ་ཡང་ངོ་ཤེས་མེད་པ་འདྲ། དེ་ལྟར་འདྲིས་ཤིང་གོམས་པའི་བདག་གི་སྙིང་ཉེ་བའི་ཆུང་དུས་ཀྱི་དབྱངས་གསལ་མཚོ། ངའི་ཁེར་རྐྱང་གི་དཔུང་ཡ་དགའ་བོ། ངའི་སེམས་ཚོར་གྱི་བཞུར་རྒྱུན་གསོན་པོ། ཤི་ན་ཁྱོད་དང་མཉམ་དུ་ཡིན་ལ་གསོན་ན་ཁྱོད་དང་མཉམ་དུ་ཡིན། མི་ཚེ་ཕྱིར་ལྷག་ཁྲོད་གཞན་གང་མང་མང་ཞིག་ཤེས་ན་ལོས་དགའ་མོད། གལ་ཏེ་གང་ཡང་མ་ཤེས་ནའང་། ཁྱོད་ཀྱི་མཛེས་སྡུག་གི་མིག་གདངས་ནས་ངའི་སེམས་ཚོར་ཀྱི་འཇིག་རྟེན་ཆེན་མོ་ལོ་སར་ཀྱི་སྡེར་ཁ་བཞིན་ལྷུག་པོར་བཤམ་ཆོག རི་གཟར་ཀྱི་རྦབ་ཆུ་ལྟར་ལྷུང་ལྷུང་འབབ་ཆོག ཁྱོད་ཁོ་ན་ཡོད་པས་ངས་རྒྱལ་ཁམས་སེམས་ཀྱིས་མྱོང་ཞིང་འཇིག་རྟེན་རིག་པས་འཚོལ་ཆོག ཁྱོད་ཀྱི་མཛེས་སྡུག་གི་ལང་ཚོ། ཡིད་སེམས་ཀྱི་རྩེད་ཆས་བཟང་པོ་རུ་སྒོམ་བཞིན་ངའི་ཉིན་ཞག་གི་ལོ་ཟླ་ཆུ་མོ་བཞིན་རྒྱང་དུ་གྱེས་ཀྱང་། ངས་ཁྱོད་ཀྱི་འཇིག་རྟེན་ལ་མིག་གིས་རིག་རིག་དང་། རྣ་བས་ཉན་ཉན་དུ་ཡོད། ཁྱོད་ཀྱི་ལྷད་མེད་ཀྱི་ཆུ་རྒྱུན་དྭངས་མོ་བདག་གི་ཟུང་ཁྲག་ལ་འདྲེས་ཤིང་རུས་རྐང་དུ་སིམས་ཤིང་། ཁྱོད་ཀྱིས་གནང་བའི་བརྡ་དང་གོ་བ་རེ་རེ་མིག་ལམ་དུ་མངོན་ཞིང་ཡིད་ཡུལ་དུ་ལྷུང་ཚེ། ཁྱོད་ནི་དྲིན་ཆེན་སུ་ཞིག་གི་རྔུལ་ཆུ་དང་ཚེ་སྲོག་ལ་བརྗེས་ནས་ནར་སོན་ཡོང་བའི་རིན་ཐང་གཞལ་མེད་དེ་ཡིན་པ་ཚོར། ད་ལྟ་ངས་བསམ་ན་ཁྱོད་གང་ནས་འོངས་དང་ཅི་ལྟར་འོང་བ་གཙོ་བོའི་ནང་གི་ཕལ་བ་ཅུང་ཙམ་ཡིན་པར་འདོད་ལ་དེ་ལས་ཀྱང་གལ་ཆེ་བ་ནི་ཁྱོད་ཀྱི་ལུས་ངག་ཡིད་གསུམ་ལ་སྙིང་ནས་བརྩེ་བ་དང་ཁྱོད་དང་མཉམ་དུ་མངར་སྐྱུར་ཀྱི་འཚོ་བ་རོལ་རྒྱུ་ལས་ལྷག་ཅིག་མེད། ཕལ་བའི་འཚོ་བ་རེ་རེ་ཁྲོད་ཁྱོད་ཀྱི་ཚེ་སྲོག་གི་འོད་སྣང་རེ་ཇ་ཚྭ་ལྟ་བའི་ཀུན་མཁོ་ཡི་དུས་སུ་སྙིང་ཉེ་ལགས། དེ་ནི་ཤི་གསོན་གྱི་གདམ་གསེས་ཤིག་དང་། འབྱུང་འགྱུར་གྱི་རེ་བ་ཞིག་ཡིན།
གཅེས་པར་འོས་པའི་དབྱངས་གསལ་མཚོ། རྒྱ་མཚོའི་ཕར་རོལ་ནས་གངས་རི་མིག་གིས་མི་ཟིན་ན་ཡང་སེམས་ཀྱིས་མྱོང་བཞིན་ཅི་ཞིག་ཕན་ཚུན་ལ་ད་དུང་གླེང་བར་འདོད། ནགས་ཚལ་གྱི་ལྗོངས་སྟུག་པས་རྩྭ་ཐང་དུ་རྐང་རྗེན་དུ་རྩེད་བའི་སྐལ་བ་དཀོན་ན་ཡང་། སེམས་པ་རྩྭ་ཐང་དུ་འཁྲེང་བཞིན་གང་ཞིག་བརྗོད་འདོད་ཡོད། ངའི་སྙིང་ཉེ་བའི་དབྱངས་གསལ་མཚོ་ཁྱེད་ཀྱི་ལང་ཚོར་གས་ཆག་མེད་པར་སྨོན། ཁྱེད་ཀྱི་མཛེས་སྡུག་ལ་གཟི་བྱིན་འཕྲོ་བར་ཤོག སྙིང་ཉེ་ལགས་ཁྲི་ལོ་ནས་ཁྲི་ལོ་ཤོག ང་རང་རྟག་ཏུ་ཁྱོད་ལ་དགའ། དབྱངས་གསལ་མཚོ།