རྩོམ་པ་པོ། རྔ་བ་ཀུན་བཟང་།
མི་ལ་ལ་ཞིག་ལ་ལོ་ཟླའི་འདས་དོན་དེ་ལྟར་སྨྲ་བ་མེད་པར། མཚོ་ཆེན་ཁའི་ཉ་མོ་བཞིན་འཇམ་ཅག་གེར་འགྲོ་བཞིན་ཡོད་ལ། ཡང་མི་འགའ་རེ་མདུན་ཕྱོགས་ན་ཅི་ཞིག་ཡོད་མེད་ལ་ལྟ་བཞིན་ཉག་ཁའི་དར་ལྕོག་ཅིག་འདར་འདར་ངང་རླུང་ནག་འཚུབ་མའི་ཁྲོད་ན་གནས་བཞིན་ཡོད་སྲོལ། རེད་དེ། རང་ཉིད་ལ་བྱུང་བའི་ཆེས་ཡ་མཚན་པ་དང་། ནམ་ཡང་བརྗེད་དཀའ་བའི་གནས་ཚུལ་འགའ་ཕྱིར་ཡོང་མེད་ཀྱང་། བསམ་གཞིག་གི་མེ་ལོང་ཁྲོད་ནས་ཕྱིར་ལོག་ཆོག་པར་ཆོས་ཉིད་རིགས་པས་དགག་བྱ་མེད།
མཛེས་སྡུག་ལྡན་པའི་ནམ་དུས་འདི་ལྟ་བུ་ཞིག་སྟེ། ༢༠༢༣ལོའི་དགུན་སྨད་ཀྱི་ཞོགས་པ་དུས་ཚོད་༡༡་ཙམ་ལ་མི་ཚོགས་བརྒྱ་སྟོང་མང་བོས་འཚང་ཁ་ཤིག་ཤིག་བྱེད་སའི་བཞི་མདོ་ཞིག་ནས་རྐང་གསུམ་ལ་བསྒུགས། སྐར་མ་འགའ་ཞིག་གི་རྗེས་ལ་རྐང་གསུམ་ཁ་ལོ་བ་ཞི་ལུ་ལོ་ཆུང་ཡིན་པ་ཞིག་སླེབས། ཞི་ལུ་གདོང་གཞི་སྐྱ་བོ་དང་། མིག་སྐྱག་ཡང་གཙང་མ་བཀྲུས་མེད་པས། ང་དང་གཅིག་པ་རེད་འདུག་པས། ཞོགས་ཇ་ཞིག་རྨི་ལམ་རེད། ངས་ཁོང་ལ་“སྙིང་ཉེ་བའི་རྐང་གསུམ་ཁ་ལོ་བ”་ཞེས་མིང་འབོད་དུས། ཀློག་པ་པོ་རེ་འགའ་ཞིག་ཡ་མཚན་སྐྱེ་སྲིད། འོན་ཀྱང་།འདི་ནི་ང་ལ་བྱུང་བའི་གནད་དོན་ཡོངས་དང་འབྲེལ་ཡོད་པས་ཁྱེད་ཅག་གིས་སྐར་མ་འགའ་བཟོད་སྒོམ་ཞིག་གནང་རོགས།
དེ་ལྟར་ཀྱག་ཀྱོག་དང་། ཟང་ཟིང་གི་རྒྱ་ལམ་བརྒྱུད་ནས་ངེད་གཉིས་སྐར་མ་འགའ་སོང་བའི་དུས་མཚམས་ཞིག་ལ། ཁོང་གིས་ང་ལ་དབྱིན་སྐད་ཀྱིས་མིང་དང་མཐོ་སློབ། ལུང་བ་སོགས་དྲིས་སོང་། གནད་དོན་དེའི་ཁྲོད་ནས་ཁོང་སློབ་གྲྭ་སོང་མྱོང་མེད་པ་དང་། ཡིད་དུ་འོང་བའི་བྱིས་དུས་སུ་བློ་ཕམ་པའི་གནད་དོན་ཞིག་བྱུང་ཡོད་པ་མངོན་སུམ་རྩོད་མེད་རེད། མཚམས་འདིར་ངས་རྐང་གསུམ་གྱི་ཤེལ་སྒོའི་ནང་ནས་ལྟ་དུས། ཁོང་གི་ངོ་གདོང་ལ་མི་བདེ་བ་ཅུང་བྱུང་ཡང་ཞིབ་ཏུ་འདྲི་མ་ཤེས།
སྐབས་དེར་རྐང་གསུམ་ཅུང་དལ་དུ་བྱིན་པ་དང་། སྲང་ལམ་ཐོག་ནས་ཞི་མོ་ཆུང་ཆུང་ལོ་བརྒྱད་དགུ་ཅན་ཞིག་གི་ལག་ལ་སྨྱུ་གུ་རིང་པོ་འགའ་བཟུང་ནས་སྐྱོ་སྣང་དང་བཅས་“ཉོ་རོགས”་ཞེས་ང་ལ་འཇུས་ནས་མི་གློད་པས། དེ་མ་ཐག་ཁོང་མར་བབས་ནས་ཞི་མོ་དེར་བཀའ་བཀྱོན་བཏང་བྱུང་། སྐབས་དེ་དུས་མ་གཏོགས་ངས་ཁོང་དབང་བོ་སྐྱོན་ཅན་ཞིག་ཡིན་པར་དོ་སྣང་མ་བྱུང་། རེད་དེ། ཁོང་ལ་གུ་དོག་པའི་སྡུག་སྣང་ཞིག་ག་ལ་ཡོད། ང་ལས་སྤྲོ་སྣང་ཆེ། དེ་རྗེས་ངས་ཡང་བསྐྱར་ཤེལ་སྒོའི་ནང་ནས་ཁོང་ལ་གཅིག་ལྟ་ཞོར་“ཁྱེད་ཀྱི་རྐང་བ་ལ་ག་རེ་གནང་སོང་”ཞེས་དྲིས་དུས་ཁོང་གིས་འདི་ལྟར་བཤད།
“ངའི་མིང་ལ་ལྭ་ཏྭ་ཟེར་ཞིང་། ཆུང་དུས་ནས་སློབ་གྲྭར་འགྲོ་མ་མྱོང་། ང་ལ་སྤུན་བཞི་ཡོད། ཞི་ལུ་གསུམ་དང་ཞི་མོ་གཅིག་ཡོད། ཁོང་ཚོ་ཚང་མ་ད་ལྟ་ཁྱིམ་ཚང་ཡོད་མཁན་ཏག་ཏག་ཡིན། བྱིས་དུས་དེ་དྲན་གསོ་བྱེད་འདོད་མི་འདུག སྤྱིར་ཡིན་ན་ང་ཞི་ལུ་གསར་ཡག་ཅིག་ཡིན། ཆུང་དུས་རྩེད་རོགས་ཞི་མོ་མང་པོ་ང་ལ་དགའ། འོན་ཀྱང་། ང་ལོ་དྲུག་ཡིན་དུས། ནང་ལ་མེ་ཤོར་གྱི་རྐྱེན་ངན་ཞིག་བྱུང་། སྐབས་དེ་དུས་ཧ་ལམ་མཚན་དཀྱིལ་ཞིག་རེད་ཟེར། ལས་དོན་ཞིག་གི་ཆེད་ལ་ཨ་ཕ་རོགས་པ་ཞིག་གི་ནང་ལ་སོང་བ་དང་། ནང་ལ་ཨ་མ་དང་ང་ཚོ་མིང་སྲིང་ཚོ་གཅིག་པུ་རེད། ང་གཉིད་ལ་ཤོར་ནས་ཉལ་ཁང་ལ་ལྷག་སོང་བས།རྐང་པ་གཡས་པ་ལ་སྐྱོན་འདི་འདྲ་ཞིག་བྱུང་བ་རེད། ཕ་མ་ནི་ཕ་མ་རང་རེད། ནམ་ཡིན་རུང་ཕྲུ་གུའི་ཆེད་དུ་བསམ་བློ་ཁོ་ན་གཏོང་བས། དེང་ཚང་གི་ཡོད་ཚད་སྨན་རིན་ལ་ཤོར། ཐ་ན་ཨ་ཕ་ལས་ཀ་འགྲོ་བྱེད་ཀྱི་རྐང་འཁོར་ཡང་ཧིན་སྒོར་གཅིག་སྟོང་ལ་བཙོང་དགོས་བྱུང་། དེའི་ཕྱིར། ད་བར་དུ་ཕ་མས་ང་ལ་ཉེས་རྡུང་ནན་མོ་ཞིག་ཀྱང་གཏོང་མ་མྱོང་ལ། གནས་ཚུལ་དེ་ནི་ད་ལྟ་ནས་བརྩིས་པའི་མི་ལོ་བཅུ་གསུམ་ལྷག་གི་སྔོན་དུ་བྱུང་བ་ཞིག་ཡིན། མི་ལོ་དེ་དག་གི་རིང་ལ་ཀུན་གྱིས་འཚང་ཁ་ཤིག་ཤིག་གིས་སློབ་གྲྭར་འགྲོ་ཟེར་བའི་ལམ་ཆེན་དེར་གོམ་པ་སྤོས་མ་མྱོང་ལ། སློབ་གྲྭའི་རྒྱ་སྒོ་དེར་འཛུལ་མ་ཐུབ་པའི་བློ་ཕམ་དེ་ཙམ་མི་འདུག འོན་ཀྱང་། མི་ཞིག་གི་མི་ཚེའི་ནང་ལ་རང་ཉིད་ལ་སྙིང་གཏམ་བཤད་སའི་ཆུང་མ་ཞིག་དང་། ཨ་ཕ་ཟེར་མཁན་གྱི་བྱིས་པ་ཞིག་བྱུང་ན་བསམ་ནས། ལྷ་ཁང་གང་དང་། ལྷ་མོ་གང་གི་སྐུ་མདུན་དུ་སླེབས་དུས། གཅིག་གྱུར་གྱི་སྨོན་ལམ་ཞིག་འདེབས་རོགས་ཞུ་ཟེར་ནས་ངས་ནམ་རྒྱུན་ནས་མགྲོན་པོ་དག་ལ་བཤད་ཀྱིན་ཡོད། ཡིན་ནའང་། ང་དབང་བོ་སྐྱོན་ཅན་ཡིན་པས་ཆུང་མའི་སྐོར་ནས་ཕ་མ་དང་སྤུན་མཆེད་ཚོས་ཀྱང་ཁ་བརྡ་ཉུང་ལ། གོ་རྟོགས་མཐོ་བ་དང་། ལྷད་མེད་དྭངས་གཙང་ཀྱི་བུད་མེད་ཅིག་མིན་ན། ད་ལྟ་ནི་སྔོན་མ་དང་མི་འདྲ་བར་ང་ལྟ་བུའི་སྤྲང་པོ་རྐང་བ་མེད་མཁན་ཞིག་མཐོང་དུས་མནའ་མ་ཡོང་མཁན་སུ་ཡོད་རེད།”
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཚིག་དེ་འདྲ་ཞིག་བརྗོད་ཡོད། “ཕྱུག་པོས་ཕྱུག་པོའི་ས་ནས་སྡུག་གཏམ་བྱེད།། དབུལ་བོས་དབུལ་པོའི་ས་ན་སྨྲེ་ངག་འདོན།། མི་རེའི་སེམས་ན་སྡུག་བསྔལ་ཁུར་པོ་རེ།། འཁོར་བའི་གནས་ན་བདེ་བའི་སྐབས་མ་མཆིས།།” ཞེས་པར་ལྟར། དལ་དལ་ལྷོད་ལྷོད་དང་། བློ་བདེ་བག་ཕེབས་ཀྱི་ངང་ནས་རང་གི་འཚོ་བ་སྐྱེལ་མཁན་མཁའ་དབྱིངས་སུ་ཤར་བའི་སྐར་མ་འབུམ་ཕྲག་ལྟར་ག་ལ་ཡིན། མ་གཞི། གཏམ་རྒྱུད་ཀྱི་མཚམས་འདི་འདྲ་ཞིག་ལ་སླེབས་དུས་ང་འགྲོ་སའི་ས་གནས་ལ་ཐོན། རྐང་གསུལ་ལས་མར་འབབ་ཞོར་ལ་ལྐོག་ནས་ཁོང་གི་རྐང་བ་ལ་ཡང་བསྐྱར་གཅིག་བལྟས།སྙིང་རྗེ། རྐང་བ་གཡས་པ་བརླ་རྩ་ནས་གཏུབ་དགོས་བྱུང་བས། ཁོག་སྨད་ལ་གྱོན་པའི་རྐང་སྣམ་སྔོ་ནག་ཐེད་པོ་དེའི་གོས་ཐུང་གཡས་པའི་ཁ་གཡས་པའི་བརླ་ཤ་དང་གཡོན་པའི་པུས་མོའི་བར་ནས་རླུང་རླབས་ཀྱིས་གཡོས་པས་ཉག་ཁའི་དར་ལྕོགས་བཞིན་ལྷབ་ལྷུབ་ཏུ་འཕུར་བའི་ཚུལ་དེ་སུས་མཐོང་ཡང་བལྟས་ན་མིག་ལ་མི་མཛེས་ཤིང་། བསམ་ན་ཡིད་སེམས་སྐྱོ་ནས་རང་དབང་མེད་པར་ངུ་དགོད་འཆོར་ཨང་། སྐབས་དེར།ངའི་སེམས་ལ། སྔར་བསྟན་ཟིན་པའི་སྨན་པ་དེའི་རིགས་ཀྱིས་ཡག་པོ་བྱས་མི་འདུག་བསམ་ནས་ཁོང་ཁྲོ་ལངས་བྱུང་། གང་ལགས་ཤེ་ན། ངེས་པར་དུ་རྐང་བ་གཏུབ་དགོས་ཚེ། ཤིང་ངམ།ལྕགས་སོགས་ལས་གྲུབ་པའི་རྐང་པ་རྫུན་མ་ཞིག་སྐབས་དེ་དུས་བཟོ་མ་ཐུབ་པ་རེད་དམ། ཡང་ན། སྤྱི་དམངས་ཉམ་ཐག་ལ་མགོ་བསྐོར་ནས་སྤུས་ཀ་ལེགས་པོ་ཞིག་མ་བཟོས་བ་རེད།
གང་ལྟར། བྱུང་རིམ་དེར་བསམ་ནས་སྒོར་༥༠་གླ་དངུལ་ལས་ཐོལ་བ་སྤྲད་དུས། ད་གཟོད་ཁོང་ཐོག་མར་མཇལ་བའི་སྐབས་དང་བསྡུར་ན་ད་ལྟ་གདོང་མདོག་མངོན་གསལ་དོད་པོས་ཡག་ཏུ་སོང་བ་མ་ཟད། ཡིད་སྐྱོ་བའི་བྱ་དངོས་ཡོད་ཚད་ལྷགས་པར་བསྐུར་བའི་སྣང་ཚུལ་ཞིག་བསྟན་པས། ཕྲན་ལ་སེམས་ཀྱི་སྤྲོ་བ་ཅུང་ཙམ་ཞིག་འཕེལ་ལ། ཁོང་རང་ཡང་དགའ་དགའ་སྤྲོ་སྤྲོའི་ངང་རང་ལམ་ལ་ལོག་ཕྱིན་སོང་།
རེ་བ་དང་རྨི་ལམ་གཅིག་པའི་དབང་བོ་ཀུན་ཚང་གིས་འཇིག་རྟེན་ན་འཚོ་བའི་ངས། ཁོང་གི་ངོ་མཚར་བའི་བྱིས་དུས་དང་། ད་ལྟའི་སྣང་ཚུལ་དག་ལ་བསམ་བློ་བཏང་ནས་ཟ་ཁང་(UP65)ནང་ལ་ཕྱིན། ཡུད་ཙམ་ནས་ཅི་ཞིག་དྲན་པ་ལྟར། ཞོགས་པ་ནང་ནས་ཁུར་ཡོང་བའི་དེབ་དང་། གློག་ཀླད། ཁ་པར་སོགས་གཅིག་ཀྱང་མཐོང་ས་ན་མེད་ལ། ཐ་ན་ལུས་ཐོག་ལ་སྒོར་གཅིག་ཀྱང་མི་འདུག སྐབས་དེར་གཞི་ནས་རྐང་གསུམ་གྱི་རྒྱབ་ལ་ལྷག་ཡོད་པ་དྲན་ཀྱང་།ཁ་དཔེར། “ལི་ལི་(ཞི་མི)ཤོར་རྒྱབ་དཀར་ཁུང་”ཟེར་བ་ལྟར་ཁ་ལོ་བ་གང་ནས་གང་ལ་སོང་བ་སུས་ཤེས། གལ་སྲིད་ཧ་གོ་བའི་དབང་དུ་བཏང་ཡང་ཕྱིར་སྟེར་ཀྱི་ཡིན་མིན་ག་ལ་ཤེས། དེ་མ་ཐག་ཟ་ཁང་ནས་ཡར་ལངས་ནས་སྲང་ལམ་གཡས་གཡོན་ལ་རྐང་གསུམ་ཁ་ལོ་བ་ཡོད་མེད་བལྟས། སྐད་ཆ་དྲང་མོ་བཤད་ན། སྐབས་དེའི་ཚོར་སྣང་ལ་སྨན་འདི་འདྲ་ཞིག“བསགས་པའི་ཟས་ནོར་ལོངས་སྤྱོད་ཅི་སྙེད་ཀྱང་།། བསྐྱང་སོགས་འདིར་སྡུག་ཕྱི་མར་ངན་སོང་རྒྱུ།།སྒྱུ་མ་བདེན་འཛིན་རང་ཉིད་སྟོང་པར་འགྲོ།། དེ་ཕྱིར་མེད་ན་འདོད་སེམས་ཡོད་ཞེན་སྤོང་།།” ཞེས་པ་འདི་དཔེ་ཀློག་ཁྲོད་ན་ཡོད་པ་མ་གཏོགས་འཚོ་བའི་ལག་ལེན་ན་དངོས་སུ་མེད་པར་དེ་རིང་གི་གནས་ཚུལ་ལས་གསལ་བོར་ཤེས་སོང་། འུར་འུར་ཟིང་ཟིང་གི་ཁྲོད་ལུས་ཡོངས་སུ་འདར་ནས། ཐོད་པ་ནས་ཚ་ཤར་རྒྱུག ལག་པ་གཡས་གཡོན་ནང་ལ་འབུ་རྒྱུག་པ་ལྟར་ན་ཟུག་རྒྱུག ཅི་བྱེད་འདི་བྱེད་དང་། ཅི་དྲན་འདི་དྲན་མི་འདུག ང་དང་ཅུང་བར་ཐག་རིང་ས་ན་རྒྱ་གར་ཞི་ལུ་བཞིས་ཇ་འཐུང་ཞོར་ང་ལ་བལྟས་ནས་གད་མོ་དགོད་པ་དང་། ཡང་ལམ་ཟུར་གྱི་ཤིང་ཏོག་བཙོང་མཁན་རྒན་པོ་དེས་ངའི་ངོ་གདོང་མཐོང་བས་སེམས་འཚབ་གནང་།
ང་ལ་ཁག་ཅི་ཡོད་། རྒྱུ་མཚན་ནི། གློག་ཀླད་ཟུར་ཀྱི་ཁུག་མའི་ནང་ལ་ཐེབ་སྡེར(Pen drive ) དཀར་ནག་གཉིས་ཡོད། དངོས་པོ་དེ་གཉིས་ནང་ལ་ངས་་ཞག་སྣེ་ཞག་གིས་མཐུད་པའི་བསྒྱུར་རྩོམ། ཟླ་སྣེ་ཟླ་ཡིས་མཐུད་པའི་དཔྱད་རྩོམ། ལོ་སྣེ་ལོ་ཡིས་མཐུད་པའི་སྙན་ངག་དང་། ཞིང་གཤེགས་རྒན་དམ་པས་གནང་བའི་ཡིག་ཆ་སོགས་ཡོད། དེ་དག་ཡོད་ཚད་གར་སོང་ཆ་མེད་གྱུར་དུས་ངའི་སེམས་སུ་དེ་བས་ཀྱང་དངངས་འཚབ་སྐྱེས། ལུས་ཡོངས་ལ་མེ་ཚ་པོ་ཞིག་བྱོ་པའི་སྣང་བ་འཆར་ཏེ། ལམ་ཟུར་ཞིག་ཏུ་བདག་མེད་ཀྱི་ཁྱི་ལྡོམ་ལྟར་ལུས། བདག་ལ་རྟག་ཏུ་སྐུལ་ལྕག་གནང་མཁན་གྱི་རྒན་དམ་པས་ཚིག་འདི་འདྲ་ཞིག་སྔོན་མ་དྲངས་མྱོང་“ནོར་བུ་རང་ལ་ཡོད་དུས།།ནོར་བུའི་ནོར་ཉམས་མ་ཆོད།། ནོར་བུ་མི་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚངས་བྱུང་”དེ་འདྲ་དངོས་འབྲེལ་ལོས་ཡིན། གསེར་དངུལ་ལས་ལྷག་པའི་ཐེབ་སྡེར་གཉིས་རང་ལག་ལ་ཡོད་དུས། སྣང་མེད་ངང་ཁུག་མ་ཞིག་གི་ནང་ལ་བཞག་ནས་དགོས་དུས་མ་གཏོགས་གར་འགྲོ་བདག་མེད་དུ་གཡུགས། ད་དུང་སྡོད་མི་ཚུགས་པར་འགྲོ་ཡ་མང་དྲགས་པས་དེ་རིང་གི་གནས་ཚུལ་འདི་བྱུང་རེད་བསམ་དུས། ལྷག་ཏུ་རང་ཉིད་ཀྱིས་རང་ཉིད་ལ་ཁོང་ཁྲོ་ལངས་ཡང་ཕན་མེད་སྟོང་སྡུག་རང་རེད།
དུས་ཚོད་ཕྱེད་ཀ་ཙམ་སོང་རྗེས། བསམ་ཡུལ་ལས་འདས་པ་ཞིག་ལ། སེམས་བཟང་ཅན་གྱི་རྐང་གསུམ་ཁ་ལོ་བ་དེས་ངའི་རྒྱབ་ནས་“རྒན་ལགས་ཁྱེད་ཀྱི་དངོས་པོ་ངའི་རྐང་གསུམ་ཀྱི་རྒྱབ་ལ་ལྷག་འདུག དངོས་པོ་རྣམས་ཚང་ཡོད་མེད་ལ་ཅིག་ལྟོས་དང་” ཞེས་ངའི་མིག་མདུན་ནས་འཛུམ་དམུལ་དམུལ་ངང་རྐང་བ་གཅིག་གི་ཐོག་ལ་ལངས་ནས་བསྡད་དུས། ང་རང་དགའ་དྲགས་ཏེ་ཁ་ལོ་བ་དེར་ཁ་དྲོ་ཞུ་བའི་སྐད་ཆ་ཙམ་ཡང་བཤད་རྒྱུ་མ་དྲན་པར། ཁོ་དང་ཁོའི་རྐང་གསུམ་གྱི་སྔུན་ནས་སྐད་ཆ་བཤད་མི་ཤེས་པའི་ལྐུགས་པ་ལྟར་ཡར་ལངས་ནས་བསྡད། ཡང་བསྐྱར་ཁ་ལོ་བས་་“རྒན་ལགས་ཁྱེད་རང་གི་སེམས་མ་འཚབ་། དཔེ་ཁུག་ནང་ལ་དེབ་བཞི་དང་། ཁ་པར། གློག་ཀླད། དངུལ་ཁུག་ཅིག་འདུག དེ་དག་ཚང་མ་ཏག་ཏག་ཚང་ཡོད། ཁྱེད་ཀྱིས་ང་ལ་སེམས་བཟང་བྱེད་ནས་གླ་དངུལ་ཐོལ་བ་གནང་བ་མ་ཟད། ངས་རྐང་གསུམ་བཏང་ནས་ལོ་མང་སོང་ཡང་མི་གཅིག་གིས་ཀྱང་ང་ལ་ཁ་བརྡ་དང་བསྟོད་བསྔགས་དེ་འདྲ་བྱེད་མ་མྱོང་།” ཞེས་དཔེ་ཁུག་བཟུང་ནས་ངའི་ལག་ལ་སྤྲད་བྱུང་། ཁ་ལོ་བས་བཤད་པའི་སྐད་ཆ་དང་། བྱ་སྤྱོད་དེར་ཀློག་པ་པོ་ཁྱེད་ཚོས་མཐོང་ཡང་བརྗེད་དཀའ་བའི་དྲན་གསོ་ཞིག་ལོས་ཡོང་། སྐབས་དེར། རྐང་བ་མི་བཟང་ནའང་། སེམས་བཟང་བའི་ཁ་ལོ་བས་རྐང་གསུམ་ལ་མེ་ཁ་བཟུང་( མེ་སྦར་) ནས་རང་ལམ་ལ་འགྲོ་མགོ་རྩོམ། དེ་མ་ཐག་ང་ལ་གནོན་མི་ཐུབ་པའི་དགའ་སྣང་དང་། སྨྲ་མི་ཤེས་པའི་ཚོར་བ་ཞིག་གིས་དྲན་པ་བསྐུལ་ཏེ། བཀའ་དྲིན་དང་ཐུགས་རྗེ་ཆེ། ཁ་དྲོ་སོགས་མ་ཎི་འདོན་འདོན་བྱས་ནས། དངུལ་ཁུག་ནང་ནས་སྒོར་༥༠༠བླངས་ཏེ། ཁོང་ལ་སྤྲད་ཀྱང་། ཁོས་ལེན་རོགས་མི་བྱེད། འོན་ཀྱང་། ཨུ་ཚུགས་མཐར་སྐྱེལ་བྱས་ནས་མཐའ་མ་ཁོང་གི་ཁོག་སྟོད་ལ་གྱོན་པའི་སྟོད་གོས་ཀྱི་ཁུག་མའི་ནང་ལ་བཞག་ཐུབ་ཙམ་བྱུང་། ཁོས་སླར་ཡང་འཛུམ་ཙམ་བྱས་ཏེ་“བཀའ་དྲིན་ཆེ”་ཞེས་བཤད་རྗེས་རང་གི་ལམ་དུ་ཆས་སོང་།
ངས་ཁོའི་རྒྱབ་ལོག་ལ་ལྟ་སྐབས། སྐབས་དེའི་རྣམ་པས་ངའི་རུས་རྐང་ལ་ཧ་ཅང་མཐུག་པོའི་བག་ཆགས་ཤིག་བཞག་བྱུང་ལ། ཚེ་རབས་སྔོན་མའི་ལས་དབང་ཡིན་ནམ། ཚེ་འདིའི་བསྐོལ་ཐང་ཡིན་པ་གང་ཡིན་མི་ཤེས་མོད། ང་དང་རྐང་གསུམ་ཁ་ལོའི་བར་ན་རླབས་ཆེན་གྱི་དམ་ཚིག་ཅིག་ཡོད་པ་ཅི་ལ་མིན།མ་གཞིར་ང་རང་མུ་མཐུད་དུ་ས་ཆ་དེ་རང་དུ་སྡོད་མཁན་ཡིན་པས། ནམ་ཞིག་ལ་ཁོང་ལ་ཐུག་ནས་ཁ་བརྡ་ཞིབ་མོ་ཞིག་བྱེད་པའི་གོ་སྐབས་ཞིག་དང་། གལ་ཏེ་ནམ་ཡང་མ་ཐུག་ཀྱང་ངའི་མི་ཚེའི་ཁྲོད་ནས་ཁྱེད་རང་དང་འདྲ་བའི་དབང་པོ་སྐྱོན་ཅན་རིགས་ལ་བརྩེ་གུས་དང་། དོན་ཆེ་ཆུང་ཅི་བྱུང་ཡང་ངས་ཁྱེད་ལ་ལྷ་ཁང་དང་། ལྷ་མོའི་སྐུ་མདུན་ནས་སྨོན་ལམ་འདེབས་རོགས་ཞུ་ཆོག
ད་གཟོད་ཀློག་པ་པོ་ལྷན་རྒྱས་ཀྱིས་ངས་ཅི་ཞིག་ལ་“སྙིང་ཉེ་བའི་རྐང་གསུམ་ཁ་ལོ་བ”ཞེས་འབོད་དོན་ལ་བསམ་གཞིག་ཐུབ་པར་ངེས་ལ། དེ་བས་ད་ཐེངས་ཀྱི་གནས་ཚུལ་འདི་དངོས་བྱུང་ལས་འུར་གཏམ་རེད་མ་དགོངས་ཤིག། གལ་ཏེ་ཁྱེད་ལ་དྲན་གསོའམ་དངོས་སྒྲུང་འདི་འདྲ་བྱུང་ཚེ། དེ་ནི་མཛེས་སྡུག་ལྡན་པའི་མི་ཚེའི་ལེའུ་ཞིག་ཡིན་པས་གཞན་ལ་བཤད་ན་དེ་བས་ངོ་མཚར་ཆེ། རྒྱུ་མཚན། ང་ཚོ་མི་ཟེར་བ་འདི་མཐའ་མེད་པའི་དྲན་གསོ་དང་རྨི་ལམ། ཡང་ན།དངོས་སྒྲུང་གི་ཁྲོད་ན་འཚོ་བས། ཁ་བའི་དྲན་གསོ་དང་། མངར་བའི་དྲན་གསོ། སྐྱུར་བའི་དྲན་གསོ་སོགས་ནི་མི་ཞིག་གིས་དཔེ་ཆ་ཅི་ཙམ་བཀླགས་པ་དང་།རྩོམ་ཡིག་ཅི་ཙམ་བྲིས་པའི་གྲངས་ཀ་སྡོམ་པ་ལྟར་མིན་པར། དྲན་གསོ་དེ་དག་དེ་རིང་ཁྱེད་ལ་ཉིན་གུང་ཞལ་ལག་མཆོད་དུས་ཡོང་སྲིད་ལ། མཚན་དཀྱིལ་གྱི་དུས་ཚོད་གསུམ་པར་བསླེབས་དུས་ཀྱང་འབྱུང་སྲིད། དེའི་ཕྱིར། རང་ཉིད་ཀྱི་དྲན་གསོ་དང་དེའི་ཡུལ་ལྗོངས་ལ་བག་ཆགས་ཀྱི་མེ་ཏོག་ཁྲི་སྟོང་འཁྲུངས་ས་ཡོད་པས། རང་སེམས་ལ་སྔ་དྲོའི་ཟིལ་པ་མ་ཡལ་གོང་དང་། ཉིན་གུང་སྦྲང་ཆར་མ་བབ་གོང་ལ་ལྟ་སྐྱོང་མ་གནང་ཚེ། རང་སེམས་ཀྱི་ཚོར་སྣང་ལ་ནམ་ཡང་བསྐྱར་ལྡོག་བྱ་རྒྱུ་ཞིག་ག་ལ་ཡོད། །
༢༠༢༣།༢།༦།
དངོས་བྱུང་ཡིན་དང་རྩོམ་སྒྲུང་ཡིན་མ་ཤེས་ཀྱང་སྙན་པོ་བྱུང་ཆ་ཚང་ཀློག་པ་ཡིན་།
སྤྱི་ཚོགས་ཆེན་པོའི་ནང་ལ་ལེགས་ཉེས་ཚང་མ་ཡོང་སྲིད་།
སྤྱི་ཚོགས་ཆེན་པོའི་ནང་ལ་རྐུ་ཇག་ཚང་མ་ཡོང་སྲིད་།
སྤྱི་ཚོགས་ཆེན་པོའི་ནང་ལ་དྲང་བདེན་གཡོ་ཁྲམ་ཡོང་སྲིད་།
སྤྱི་ཚོགས་ཆེན་པོའི་ནང་ལ་ཐོབ་ཤོར་ཚང་མ་ཡོང་སྲིད་།
སྤྱི་ཚོགས་ཆེན་པོའི་ནང་ལ་རླག་གཏོར་རྙེད་གསུམ་ཡོང་སྲིད་།