(རྒྱང་རིང་གི་གྲོགས་མོ་ཞིག་ལ་)
དོལ་སྨྱོན།
ཀ་ར་ལས་མངར་བའི་
ཁ་བ་ལས་འཇམ་པའི་
ག་བུར་ལས་བསུང་བའི་
ང་ཡི་སྙིང་ཉེ་མ་
ཁྱོད་ ཅ་ག་དག་པའི་རྒྱུ་དངོས་ཇི་བཞིན་
ཆ་རྒྱུས་མེད་པའི་འཁོར་ཡུག་ན་
ཇ་ཆང་ལ་ངོམས་མེད་དུ་རོལ་ཞོར་
ཉ་གང་ཟླ་བའི་དཔལ་ལྟར་སྨོན་
ཏ་ལའི་འདབ་མའི་འོག་
ཐ་མལ་དུ་ལུས་པའི་བུ་ཆུང་ང་
ད་དུང་ཡང་ཁྱོད་ཕྱོགས་སུ་བསམ་བློ་གཏོང་བཞིན་
ན་ཟུག་གྲངས་མེད་ཀྱི་རྨ་ཁ་སེམས་སུ་བསྐྱིལ་
པ་ལགས་ཀྱིས་གསུངས་ན་
ཕ་རོལ་ལ་སེམས་པ་ཤོར་བ་ནི་
བེའུས་ཨ་མ་འཚོལ་བ་བཞིན་
མི་བཟོད་པའི་སྡུག་བསྔལ་གྱི་སྣ་འདྲེན་ཡིན་ཟེར་
ང་ལ་ཅི་ཁག་ རྩྭ་རྩེའི་ཟིལ་པ་ལས་མཛེས་པའི་ཁྱོད་ཀྱི་རྣམ་པ་
མཚལ་གྱི་ཁ་དོག་ལས་དམར་བའི་ཁྱོད་ཀྱི་ཁུར་ཚོས་
ཛ་ལང་གི་སྤྱོད་པས་དབེན་པའི་ཁྱོད་ཀྱི་གཤིས་ཀ་
ཝ་ལེར་བསམས་ན་ཁྱོད་ལ་འདི་ལྟ་བུའི་ཡོན་ཏན་གང་ནས་འཛོམས་
ཞ་བོ་ལྟར་གྱུར་བའི་ང་ཡི་དབང་ཤེས་ཡོད་ཚད་
ཟ་འོག་ལྟར་བཀྲ་བའི་ ཁྱོད་གཅིག་པུས་དབང་སྒྱུར་བྱེད་དུས་
འོ་འདོད་གྲངས་མེད་ཀྱིས་ལྷིང་འཇགས་དཀྲོགས་ཤིང་
ཡ་ཆུང་སེམས་པ་འཁྱགས་རོམ་གྱི་གཏིང་དུ་ལྷུང་
ར་རོ་བྲལ་བའི་ཁྱོད་ཀྱི་བརྩེ་དུང་གི་མཁའ་དབྱིངས་ན་
ལ་ལ་ཞིག་ནུས་རྩལ་ཡོད་ཚད་ཀྱིས་ལྡིང་བསྐོར་བྱེད་དུས་
ཤ་ཐང་ཆད་པའི་ཉམ་ཆུང་བའི་བུང་བ་ང་
ས་ཕྱོགས་འདི་ནས་མིག་ཆུའི་ཐིགས་པ་འགའ་བསྙིལ་བ་ལས་བྱེད་ཐབས་བྲལ་
ཧ་ལོའི་མེ་ཏོག་ལས་མཛེས་པའི་
ཨུག་ཆོས་ཀྱི་ཟེའུ་འབྲུ་ལས་བརྗིད་པའི་
ང་ཡི་སྙིང་ཉེ་མ་