སེར་ཤུལ་རིན་ཆེན་དོན་གྲུབ།
བོད་མི་རྣམས་ཕྱི་ཡུལ་དུ་གྱར་བའི་མི་ལོ་ལྔ་བཅུའི་རིང་རང་གི་འཇོན་ནུས་ལ་དཔག་པའི་ལས་དོན་ཞིག་གི་ཆེད་དུ་ཁ་ཕྱོགས་ནས་སོང་ཞིང་རང་གི་འཚོ་བའི་གནས་བབ་ལེགས་སུ་བཏང་བ་ནས་བོད་རྒྱལ་ཁབ་སླར་གསོའི་ལས་དོན་མཐོ་རུ་འདེགས་པའི་བྱ་བར་བརྩོན་ཡོད་ཅེས་བཤད་ཆོག འོན་ཀྱང་ཕྱོགས་དང་ངོས་གཞན་ཞིག་ནས་བལྟས་ན་བོད་གངས་ཅན་པར་རིན་ཐང་དུ་བརྩི་བའི་བླ་མེད་སྟོབས་ཤུགས་ཀྱི་འབྱུང་ཁུངས་བྱམས་བརྩེའི་བཟང་སྤྱོད་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་དག་ལ་སྣང་མེད་དམ་ཡུལ་དུས་ལྟོས་གྲུབ་ཀྱི་སླུ་བྲིད་འོག་ཉམ་ཉེས་སུ་ཤོར་བཞིན་པའི་གནས་སྟངས་མངོན་བཞིན་འདུག རྒྱ་གར་ས་གནས་ཉེན་རྟོག་པའི་འགོ་འཁྲིད་ཅིག་དང་རྒྱ་གར་གྱི་ཁྲིམས་རྩོད་པ་ཞིག་གིས་བཤད་པའི་སྐད་ཆ་འདིས་ང་ཚོར་གནས་སྟངས་འདིར་དྲན་གསོ་དང་ཉེན་བརྡ་གསལ་བོར་བཏང་འདུག་ཅིང་མ་འོངས་པའི་གནས་སྟངས་རབ་རིབ་ཅིག་ཀྱང་རྟོག་ངོར་འཆར་བཅུག་འོང་། ས་གནས་ཉེན་རྟོག་པའི་འགོ་དཔོན་དེས“བོད་པའི་གཞོན་སྐྱེས་ཚོ་གང་བྱུང་འཁྱམ་ཉུལ་བྱེད་མཁན་དང་འཁྲུག་པ་རྒྱག་པ། ཉལ་ཐ་འཐེན་མཁན། ར་བཟི་སོགས་མང་པོ་རེད། ཉེ་ཆར་བོད་པ་གཞོན་སྐྱེས་ཁག་ཅིག་རྒྱག་རེས་ཤོར་ནས། ཉེན་རྟོག་པ་སླེབས་པ་རེད། སྐབས་དེར་ཉེན་རྟོག་པ་མ་སླེབས་ན་གཅིག་གསོད་གྲབས་འདུག མཚན་མོ་ཉེན་རྟོག་པ་སྐོར་སྲུང་བྱེད་དུ་འགྲོ་སྐབས། བོད་པའི་གཞོན་སྐྱེས་ལས་ཀ་འདྲ་མིན་བྱེད་མཁན་དུས་རྒྱུན་མང་པོ་ཐུག་གི་འདུག ཁྱེད་རང་ཚོ་ཡིད་ཆེས་མེད་ན། ཚོགས་པ་ཁག་གི་སྐུ་ཚབ། བོད་མིའི་སྐུ་ཚབ་དེ་འདྲ་མཚན་མོར་ས་གནས་ཉེན་རྟོག་པ་མཉམ་དུ་སྐོར་བསྐྱོད་གྱིས་དང་གསལ་པོ་ཆགས་རྒྱུ་རེད། དུས་རྒྱུན་ཁྲིམས་མཐུན་བྱེད་དགོས་པ་གལ་ཆེན་པོ་རེད་”ཅེས་དང་ཁྲིམས་རྩོད་པ་ཌོག་ཊར་ཨ་ནན་ཐིས་ཡིས“བོད་པ་ཚོ་སོ་སོས་སྐྱབས་བཅོལ་བ་ཡིན་ཞེས་བརྗོད་པ་ལས། ཁྱེད་ཚོ་སྐྱབས་བཅོལ་བ་མ་རེད། རྒྱ་གར་གྱི་ཁྲིམས་ཐོག་ནས་སྐྱབས་བཅོལ་བར་ངོས་ལེན་ཡོད་པ་མ་རེད། ཕྱི་རྒྱལ་བ་རྒྱ་གར་དུ་གནས་སྡོད་བྱེད་མཁན་གྱི་མིང་ཐོག་ཏུ་ཡོད་པས།ཁྱེད་ཚོར་ཡུལ་མི་དང་མ་འདྲ་བའི་ཁྲིམས་ཁུར་དགོས་པ་དང་། ཡུལ་ཁྲིམས་དང་ཡུལ་མིའི་གོམས་གཤིས་སོགས་དང་བསྟུན་དགོས་པའི་འགན་ཁུར་མང་བ་ཡོད་པ་རེད། ཡིན་ནའང་ཁྱེད་ཚོ་ཡང་མི་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་དང་མཐུན་པའི་ཁྲིམས་ཀྱི་རྒྱབ་སྐྱོར་ཡོད་པས། གཉའ་ཆག་དགོས་དོན་གང་ཡང་མེད་པར་ཁྲིམས་གཏུག་སོགས་ཀྱི་ཐོབ་ཐང་ཆ་ཚང་ཡོད་པ་རེད། ཅེས་བཤད་ཡོད། བོད་པ་ཚོ། ད་ནི་བསམ་གཞིགས་ཀྱི་སྒོ་གླེགས་ཧར་གྱིས་ཕྱེས་ནས་རང་གིས་རང་ལ་དྲི་བ་གཏོང་དགོས་པའི་དུས་སུ་བསླེབས་ཡོད། ང་ཚོ་སྐྱབས་བཅོལ་བ་མ་ཡིན་པའི་གནས་སྟངས་དེ་ནི་བདེན་དོན་འཐབ་རྩོད་ཀྱི་ལས་རིམ་རྒྱུན་བསྲིང་དང་བརྟན་གནས་ཐུབ་མིན་གྱི་རྩ་བའི་དྲི་གཞི་གལ་ཆེན་ཞིག་ཏུ་བསླེབས་ཡོད་ལ་རྒྱ་གར་ཡུལ་མི་དང་འགོ་འཁྲིད་ཀྱི་མིག་ནང་གི་བོད་ཀྱི་གཞོན་སྐྱེས་ཚོའི་གནས་བབ་ལྷུང་བཞིན་པའི་གནད་དོན་དེས་ནི་ང་ཚོར་དེ་ལས་ལྷག་པའི་འཇིགས་སྐྲག་ཅན་གྱི་ཉེན་བརྡ་ཞིག་བཏང་ཡོད། ཀུན་གྱིས་གུས་བཀུར་གདེང་འཇོག་གྱིས་མཆོག་ཏུ་བཀུར་བའི་༸གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ན་མཐོན་པོར་སླེབས་པ་དང་དུས་མཚུངས་སུ་མ་འོངས་པའི་བོད་ཀྱི་བདག་པོ་བོད་པའི་གཞོན་སྐྱེས་ཚོའི་ཀུན་སྤྱོད་དང་བསམ་བློའི་འཕེལ་ཁ་རྒྱལ་སྤྱིའི་མིག་དཔེར་འོས་པའི་ཕྱོགས་སུ་མ་བསྐྱོད་པར་ལྡོག་ཕྱོགས་ཀྱི་མཐོང་སྣང་མི་རིགས་གཞན་གྱི་བསམ་ངོར་འབྱར་བཞིན་པ་ནི་ད་ལྟའི་ང་ཚོའི་གནས་སྟངས་ཀྱི་ཐོག་ནས་བསམ་ན་དངོས་གནས་སྐྲག་དགོས་པ་དང་འཇིགས་དགོས་པ་ཞིག་གོ། །།
2011/7/9
བདེན་པ་རེད།
རྒྱ་གར་གཞུང་དང་མི་དམངས་ནི་བཙན་བྱོལ་བོད་ལ་བཀའ་དྲིན་ཆེ། thank you India. ཞེས་པའི་གཞས་ཚིག་སྐྱོར་ལྟར་ངེས་བར་ལག་ལེན་བསྟར་དགོས་པ་དང་ང་དགུ་ལོར་བོད་མི་འབུམ་གཅིག་ལྷག་སྐྱབས་བཅོལ་དུ་འབྱོར་སྐབས་རྒྱ་གར་གཞུང་གིས་སྣེ་ལེན་ག་ཚོད་ཡག་པོ་བྱས་སོང་། དེ་བཞིན་བོད་མིའི་གཞིས་ཆགས་ཁག་དང་ན་གཞོན་སྤྱི་ཚོགས་རིག་གནས་སློབ་སྦྱོང་། ཤེས་ཡོན་གསོ་སྐྱོང་གི་རོགས་སྐྱོར། ང་ཚོ་བོད་པ་ལ་རང་དབང་ག་ཚོད་སྤྲད་ཡོད། དེ་ཚོ་ངེས་བར་ཤེས་དགོས། དེ་བཞིན་དུ་མ་འོངས་པའི་བདག་པོ་ན་གཞོན་དག་ལ་སློབ་གསོ་ཡག་པོ་ཞིག་སྤྲད་མ་ཐུབ་ན་ང་ཚོའི་མིག་མདུན་ལ་ཏན་ཏན་ཉེན་ཁ་ཞིག་ཡོང་ངེས་འདུག། དེང་སང་སློབ་གྲྭ་ཁག་གི་སློབ་མ་ཚོ་ལ་བོད་ཡིག་ལ་དེ་ཙམ་དོ་སྣང་མེད་པ། ཡ་རམས་ཀུན་སྤྱོད་སོགས་ཉམས་རྒུད་དུ་འགྲོ་བས་ཆོས་དང་རིག་གཞུང་རྒྱུན་བསྲིང་ཐུབ་མིན་ལའང་ཉེན་ཚབས་ཆེ་རུ་འགྲོ་བཞིན་འདུག
ད་ནི་བོད་མིའི་ལས་དབང་ལ་ཅིག་བལྟོས་དང་། ཁྱིམ་མཚེས་རྒྱལ་ཁབ་འདིས་སྐྱབས་བཅོལ་གྱི་ངོས་ལེན་མེད་པ་མ་ཟད་ག་དུས་ཨ་ཞང་ཚང་ལ་རྩིས་སྤྲོད་མིན་ཨ་ཞང་ཚང་གི་བཀའ་སྒུག་བཞིན་ཡོད་པ་འདྲ་པོ་འདུག། མ་གཞི་ངེད་ཚང་གི་གཞོན་སྐྱེས་འདི་ཚོའི་ཀུན་སྤྱོད་ཡང་སྐྱོ་སེའེ་རེད་ད་། ཁྱིམ་མཚེས་འདི་ལ་ཁག་འགེལ་བྱེད་ས་ཅང་ལྷག་མེད་། མདོ་དོན་གཞུང་སྒེར་གཉིས་གས་གཞོན་སྐྱེས་ལས་མེད་འདི་ཚོ་གང་ཐུབ་ཕྱི་རྒྱལ་ལ་གཏོང་ཐབས་བྱེད་དགོས་པ་རེད་། ས་འདི་ན་རང་མགོ་མི་ཐོན་མཁན་ཅང་མི་འདུག། སྤྱིར་རང་རེའི་རྩ་དོན་ཐད་ལས་འགུལ་སྤེལ་ན་ནུས་ཤུགས་ཆེ་བ་དང་། སྐྱབས་བཅོལ་ངོས་ལེན་བྱུང་ན་ཁ་ཡོད་ལག་ཡོད་ཀྱི་འཐོབ་ཐང་ཆ་ཚང་རག་གི་འདུག་ག། ཐ་ན་རང་ཉིད་ཀྱི་འཚོ་གོས་ཐད་དཀའ་ངལ་ཉུང་དུ་འགྲོ་བ་ནི་ཚང་མས་མཁྱེན་གསལ་རེད་པ། སྙིང་རྗེ། ལས་མེད་འདི་ཚོ་སྐྱབས་མེད་མགོན་མེད་ཀྱི་གསར་འབྱོར་བ་ཚོ་དང་གཞིས་ཆགས་འགའ་རེའི་ནང་རང་མགོ་མི་ཐོན་ཁ་ཤས་ཀྱི་བུ་ཕྲུག་ཡིན་རྒྱུ་རེད་། མི་ཆེན་དཔོན་ཆེན་བླ་ཆེན་ཚོའི་བུ་རྒྱུད་ཚ་རྒྱུད་ཚོ་ནི་གནའ་སྔ་མོ་ནས་ནུབ་ཕྱོགས་སུ་བཞུད་ཚར་བ་རེད་།
བྱིས་པ་དང་ན་གཞོན་ཚོར་སློབ་གསོ་སྤྲོད་སྟངས་ནི། ་བྱིས་པ་དང་ན་གཞོན་རང་ཉིད་ཀྱི་སེམས་ཁམས་དང་འཐུན་པ། སྤྱི་ཚོགས་དང་འཁོར་ཡུག་གི་འཚོ་གནས་དངོས་དང་འབྲེལ་ནས་ཡ་རབས་བཟང་སྤྱོད་འགྲེལ་བརྗོད་བྱེད་དགོས་པ་ལས། ཆོས་དང་རིག་གཞུང་ཞེས་མིང་རྫིག་པོ་ཞིག་གིས་དགེ་སྡིག་དང་སྐྱེ་བ་སྔ་ཕྱི་དག་ཞིང་ལས་འབྲས་སོགས་འགྲེལ་བརྗོད་བྱས་ནས་ཅང་ཕན་ནི་མ་རེད་། དཔེར་ན་། ནུབ་ཕྱོགས་སུ་ཆུང་དུས་ནས་དྲང་པོ་དྲང་གཞག་བྱེད་དགོས་པ་དང་། རྫུན་བཤད་མི་ཆོག་པ་ཡ་རབས་བཟང་སྤྱོད་བྱེད་དགོས་པ། སྤྱི་ཚོགས་དང་འཁོར་ཡུག་ལ་འགན་ལེན་གྱི་སློབ་གསོ་རབ་དང་རིམ་པ་རྒྱག་གི་འདུག། དེར་རྟེན་ནུབ་ཕྱོགས་ཀྱི་བྱིས་པ་མང་ཆེ་བ་སྐད་ཆ་བཤད་དུས་རྒན་པ་ནང་བཞིན་བཤད་། བསམ་བློ་ཡང་རྒན་པ་ལྟ་བུ་གཏོང་གི་འདུག། རང་རེའི་བོད་ཕྲུག་ཚོར་བྱིས་པའི་སློབ་གསོ་གཏོང་སྟངས་འགྲིག་གི་མེད་པ་འདྲ།
ཁྱིམ་ཚང་གི་ཕ་མ་ནས་བྱིས་པའི་སེམས་ཁམས་ལ་བག་ཆགས་ངན་པ་འཇོག་མི་ཉན་པ་དང་པད་ཤག་གཅིག་བུར་མགོ་འཁོར་ནས་སོ་སོའི་ཆོས་དང་རིག་གཞུང་ཐོག་ལ་དོ་སྣང་ཡེ་ནས་མ་བྱས་པར་བསྡད་ན་ནམ་ཞིག་ང་ཚོའི་མགོ་ཐོག་ལ་ལེ་ལན་རང་ལ་འཁོར་ངེས་རེད། དེ་དུས་འགྱོད་པ་སྐྱེས་ཀྱང་འཕྱིས་ཚར་བ་རེད། ཆོས་དང་རིག་གཞུང་ཉམས་ཚར་སོང་ན་བོད་མི་རིགས་ལ་རིན་ཐང་གང་ཡང་མེད་ལ་མི་རིགས་རྩ་བརླག་ཏུ་བུད་སོང་ནའང་སོང་དུ་ཆུག མི་རིགས་གསོན་གནས་ཐུབ་པར་དགེ་མཚན་ག་རེ་ཡོད་པ་རེད། ཕྱོགས་གཅིག་ནས་རྒྱ་གར་གཞུང་གིས་ང་ཚོ་རྒྱབ་སྐྱོར་ལ་ཡོད་པ་ག་རེའི་ཐོག་ལ་ཡིན་པ་ཤེས་དགོས་པ་གལ་ཆེ་ཞིང་། གཞོན་སྐྱེས་མཁས་པ་ཡིན་མདོག་མདོག་བྱེད་མཁན་ཁ་ཤས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་ཁྱད་གསོད་དང་དགག་པ། དམའ་འབེབས་སོགས་བྱེད་མཁན་དག་ནི་ནང་རུལ་གྱི་དགྲ་ངོ་མ་དེ་རེད་ལ་ཕ་གསོད་ཀྱི་ལག་དམར་བ་ངོ་མ་དེ་རེད། འདི་ངེས་ཟིན་ཏེ་དེ་ལ་ཁ་གཏད་གཅོག་དགོས་ཤིང་འདི་ཕྱི་ལོགས་ཀྱི་དགྲ་ལས་ཉེན་ཁ་ཆེ།
དྲ་གྲོགས་མིག་བརྒྱད་ལགས། ཁྱོད་ལ་ཡེ་ཤེས་ཀྱི་སྤྱན་གསུམ་པ་ལས་མང་བ་མིག་བརྒྱད་ལྡན་ཡང་བྱིས་པའི་སེམས་ཁམས་དངོས་དང་སྤྱི་ཚོགས་དང་འཁོར་ཡུག་གི་གནས་སྟངས་དངོས་མ་མཐོང་བ་ནི་ཡ་མཚན་རེད་། ཕ་མ་ཚོས་ངའི་བུ་ཕྲུག་ཀུན་སྤྱོད་བཟང་པོ་ཞིག་དང་ཀུན་ལས་ལྷག་པ་ཞིག་བྱུང་ན་བསམས་པ་ལས་བག་ཆགས་ངན་པ་འཇོག་འདོིད་པ་ནི་སུ་ལ་ཡང་མེད་། སྒོར་མོའི་དོན་དུ་ལས་ཀ་མ་ལས་ན་ང་ཚོ་གཞན་ཡུལ་འདིར་ས་སྦར་མོ་གང་ཙམ་ཡང་མེད་ཙང་ཟས་གོས་གནས་མལ་གང་ཅིར་ཡང་འབྱུང་རྩ་སྒོར་མོ་ཡིན་པར་རྟེན་སྒོར་མོའི་དོན་དུ་མ་ལས་རང་ལས་རེད་། ཁྱེད་ནང་ཆོས་ལ་མཁས་པའི་ལྷ་སྐུ་གསོན་པོ་ཚོ་ཡང་སྒོར་མོའི་དོན་དུ་མི་རྒྱུགས་མཁན་ཅང་ཡོད་ནི་མ་རེད་། ངས་འདིར་བརྗོད་འདོད་པ་ནི་ཆོས་དང་རིག་གཞུང་ཞེས་ཁ་གཡང་ཆེན་པོ་བསྒྲོགས་པ་ལས་ལག་ལེན་ལ་མི་འཁྱོལ་བའི་སྣང་ཚུལ་འདི་མ་ཡིན་པར་གང་ཐུབ་ཅི་ཐུབ་ལག་ལེན་ལ་འཁྱོལ་དགོས་པ་ནི་གནད་ཀྱི་དོན་པོ་ལགས། ཁྱེད་ཀྱིས་ད་དུང་་་( ཆོས་དང་རིག་གཞུང་ཉམས་ཚར་སོང་ན་བོད་མི་རིགས་ལ་རིན་ཐང་གང་ཡང་མེད་ལ་མི་རིགས་རྩ་བརླག་ཏུ་བུད་སོང་ནའང་སོང་དུ་ཆུག། མི་རིག་གསོན་གནས་ཐུབ་པར་དགེ་མཚན་ག་རེ་ཡོད་པ་རེད་་)ཞེས་བཤད་འདུག། འདི་ལ་ངོ་རྒོལ་མཐའ་ཅིག་ཏུ་ཡོད་། བགྲང་བྱ་གཉིས་ཙམ་གྱི་ཡར་སྔོན་དུ་བཙུན་པ་ཟམ་གདོང་གིས་ཀྱང་་་་ནང་པ་སངས་རྒྱས་ཀྱི་བསྟན་པ་འདི་འཛམ་གླིང་འདིར་གནས་ན་བོད་མི་རིགས་གནས་དང་མ་གནས་ཁྱད་པར་མེད་ཞེས་བཤད་སོང་། བཤད་སྟངས་འདི་སེར་མོ་བ་འགའ་རེས་དགོས་པ་རྒྱུ་མཚན་དམིགས་བསལ་ཞིག་ཡིན་ས་རེད་། ༧གོང་ས་མཆོག་གིས་ཀྱང་ནམ་ཡང་དེ་འདྲ་གསུང་གི་མི་འདུག། ངས་ངོས་འཛིན་ནོར་མེད་ན་ནང་ཆོས་ཀྱིས་སེར་མོ་བ་ཚོར་གང་སྤྱིར་མཐུན་རྐྱེན་སྦྱོར་གྱི་ཡོད་ཙང་ནང་བསྟན་ཉམས་ན་སེར་མོ་བའི་མཐུན་རྐྱེན་ཡང་ངམ་ངམ་ཤུགས་ཤུགས་ཉམས་འགྲོ་བ་ནི་ཆོས་ཉིད་ལ་སོང་དེར་དགོངས་པ་མིན་ནམ། དེ་མིན་ན་ནང་བསྟན་ཉམས་མི་ཉམས་ཞེས་པ་དེ་ནང་པ་ཡོད་དོ་ཅོག་ལ་འཁྲི་བའི་ལས་འགན་ཞིག་མ་རེད་པས་? ཧི་མ་ལ་ཡའི་ཡངས་སྟེང་དུ་གནས་པའི་གངས་ལྗོངས་བོད་རྒྱལ་ཁབ་ཆེན་པོ་དང་བོད་མི་རིགས་ཞེས་པ་དེ་ནང་ཆོས་མ་དར་གོང་ནས་ཡོད་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད་། དཔེར་ན་ བོད་པ་ཚང་མ་ནང་པ་ཡིན་པའི་ཁྱབ་པ་མེད་ལ་ཕལ་ཆེ་བ་ནི་ཞིང་འབྲོག་རེད་། ཞིང་པས་ཞིང་རྨོ་འདེབས་བྱེད་སྟངས་དང་འབྲོག་པས་གནག་ཕྱུགས་བཀོལ་སྤྱོད་བྱེད་སྟངས་ལ་ཅིག་བལྟོས་དང་ནང་ཆོས་ཉམས་ལེན་བྱེད་མཁན་འདྲ་པོ་འདུག་གས་? མ་ཎི་འདོན་པ་ཙམ་གྱི་ནང་པ་ཡིན་ཞེས་ལབ་ན་སྨྲ་མཁན་ནེ་ཙོ་ཡང་ནང་པ་ཡིན་པར་ཐལ། མ་ཎི་འདོན་པའི་ཕྱིར། དེར་མ་ཟད་འབའ་པ་ཕུན་ཚོགས་དབང་རྒྱལ་གཙོས་པའི་དེང་དུས་བོདནང་སྐར་ལྔའི་དར་དམར་འོག་འཚར་ལོང་བྱུང་བ་དང་འབྱུང་བཞིན་པ་མང་པོ་ཞིག་ཆོས་མཁས་ལེན་རྩ་བ་ནས་མི་བྱེད་། འོན་ཀྱང་། བོད་མི་རིགས་ཀྱི་ལྟ་བ་ནི་ཤུགས་ཆེ་ལ་བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ཞེན་པའི་གདུང་བ་ནི་ཧ་ཅང་ཟབ། མི་རིགས་འདིའི་རང་དབང་དང་བདེ་སྐྱིད་ཀྱི་དོན་དུ་རང་སྲོག་བཏང་དང་གཏོང་བཞིན་པ་འདི་ཚོར་འགྲེལ་བཤད་ག་རེ་བརྒྱག་གི་ཡིན་པ་? འགྲེལ་བཤད་གསལ་པོ་ཞིག་མེད་ན་ཁྱོདཀྱིས་གཞོན་སྐྱེས་ཅིག་ཅིག་མེག་མེག་ལབ་རྒྱུ་ཞོག། ནང་ཆོས་ཁ་ལ་འཁྱེར་ནས་བོད་རྒྱལ་ཁབ་ཆེན་པོ་འདི་དང་བོད་མི་རིགས་ཀྱི་རང་དབང་དང་བདེ་སྐྱིད་ཀྱི་རྩ་དོན་འདི་རླུང་ལ་བསྐུར་མཁན་ཁྱོད་ཚོ་ནང་རུལ་དགྲ་ངོ་མ་སུ་ཡིན་མིན་དང་སུས་སུ་ལ་ཁ་གཏད་གཅོག་དགོས་མིན་ཁྱོད་ཀྱི་ངོས་འཛིན་གསལ་པོ་གྱིས།
དེང་དུས་བོདནང་ ཞེས་པ་ལ་ཚེག་ཆུང་སྦྱར་ནས་་་བོད་ནང་ཞེས་པར་བཅོས་རོགས།
བོད་མི་རིགས་ཀྱི་འཐབ་རྩོད་འདི་བོད་འདི་ཞི་བདེའི་ལྟེ་གནས་ཤིག་གི་ཆེད་དང་། ཆོས་རྒྱལ་ལོ་པཎ་རྣམས་ཀྱིས་གཏན་ལ་ཕབ་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་དང་། རང་གི་གོམས་གཤིས་བཟང་པོ་མི་ཉམས་པ་དང་ཉམས་པ་སོར་ཆུད་དང་རྒྱུན་འཛིན་བྱེད་དགོས་པའི་ཆེད་དུ་རེད། མ་གཏོགས་ཟས་གོས་འབེལ་བོ་ཡོད་པ་དང་ཟ་འཐོང་ཉལ་སྐྱིད་ཁོ་ནའི་དོན་དུ་ཡིན་ན་གུང་ཁྲན་གྱི་དབང་བསྒྱུར་འོག་ནས་བསྡད་ན་བདེ་གི་རེད། མི་རིགས་ཤིག་གི་བླ་སྲོག་གམ་འགག་རྩ་ག་བར་ཐུག་ཡོད་མེད་ངོས་འཛིན་ཐུབ་པ་གལ་ཆེ་ཞིང་། ཁྱེད་ཚོས་ལྗེའུ་མི་རིགས་ལ་དཔེ་ཞིག་ལོངས་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ལ་བརྟེན་ནས་རང་གི་མི་རིགས་ཀྱི་ངོ་བོ་སྲ་བརྟན་དང་། ཡུན་གནས་ཐུབ་པ་འཛམ་གླིང་འདིའི་སྒང་ལ་ལྗེའུ་མི་རིགས་ས་ཡ་བཅོ་ལྔ་ཙམ་ཡོད་པ་ཚང་མས་ཆོས་ལུགས་ཀྱི་བསླབ་བྱ་བླངས་ནས། ལོ་ངོ་སྟོང་ཕྲག་གི་རིང་འཛམ་གླིང་གང་སར་ཁ་འཐོར་དུ་ཕྱིན་ན་ཡང་མི་རིགས་གཞན་ལ་ཆང་ས་མི་རྒྱག་པ་དང་ཕུགས་བརྟན་པོ་ཞིག་བྱུང་ཡོད་པ་རེད། རྩོམ་པ་པོ་འཇམ་དབྱངས་ནོར་བུའི་ཞིབ་འཇུག་དེབ་ཕྲེང་ལ་གཅིག་གཟིགས་དང་ཧ་གོ་ངེས་རེད། ང་ཚོ་བཙན་བྱོལ་དུ་བསླེབས་ནས་བཟུང་སློབ་གྲྭ་ཁག་གསར་འཛུགས་དང་ཆོས་སྡེ་གསར་འཛུགས། རི་མོ་དང་ཐང་ག། ཤིང་བཟོ། ཚེམས་བུ་སོགས་སྡེ་ཚན་མང་པོ་གསར་འཛུགས་གནང་བ་རང་གི་རིག་གཞུང་དང་མ་འབྲེལ་བ་ཡོད་མི་སྲིད། རང་གི་རིག་གཞུང་གི་ངོ་བོ་བརླག་མི་ཉན་པ་མ་ཤེས་ན་ནང་རུལ་རེད། ཀླད་པ་རུལ་བ་རྣ་བས་མ་ཚོར་བའི་གླེན་རྟགས་རེད། དགྲ་གཉེན་གྱི་དབྱེ་བ་མི་ཤེས་པའི་ཅོལ་ཆུང་རེད། ཧ་གོ་སོང་ངམ།
མིག་བརྒྱད་པ་ལགས། ངས་དྲིས་པའི་དྲི་བ་ལ་ལན་མེད་མཁར་ཉོག་གཏམ་འབའ་ཞིག་བཤད་ནས་ཅི་ཕན་། བོད་རྒྱལ་ཁབ་ཆེན་པོ་དེ་དང་བོད་མི་རིགས་ཀྱི་ཐོབ་ཐང་དང་རང་དབང་བཙན་པོ་ཆ་ཚང་ཤོར་སོང་བ་དེ་། ཆོས་དང་སྲོལ་རྒྱུན་རིག་པའི་གཞུང་ལུགས་ཀྱིས་ཕོངས་སོང་བ་ཨེ་རེད་། དེང་དུས་ཤེས་ཡོན་གྱིས་ཕོངས་སོང་བ་མ་རེད་པས་? ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཐུབ་ན་ཁྱོད་ལ་རང་དབང་དང་ཟས་གོས་གནས་མལ་ཅི་ཡང་མི་དགོས་ཟེར་ནི་ཨེ་རེད་? བོད་རྒྱལ་ཁབ་ཆེན་པོ་འདི་དང་བཙན་པོའི་གདུང་རྒྱུད་གངས་ཅན་པའི་མི་རིགས་འདི་ལ་རང་དབང་དང་ཐོབ་ཐང་ཆ་ཚང་བ་ཞིག་མེད་ན་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་ཞེས་པ་དེ་སྟོང་བསམ་མ་རེད་པས། མི་འདི་ལ་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལྟ་བ་མེད་ཁོ་ཐག་རེད་། རྒྱ་གུང་ཁྲན་ཏང་གི་དབང་བསྒྱུར་འོག་རང་དབང་དང་བདེ་སྐྱིད་ཀྱི་ཉི་མ་ཤར་རེ་བྲལ་ཡང་བཙན་བྱོལ་ཚང་གིས་གུང་ཁྲན་འོག་སྡོད་འདོད་ཡོད་ཟེར་ཤོར་ཤོར་མ་རེད་པས་? ཇིའུ་མི་རིགས་ཀྱི་དཔེ་དེ་ངས་ལེན་ཆོག། ཇིའུ་མི་རིགས་ལ་མཚོན་ན་མི་རིགས་གཞན་གྱིས་བརྙས་བཅོས་འོག་དཀའ་སྡུག་མང་པོ་མྱངས་ནས་ཡུལ་གྲུ་མང་པོར་མཐའ་འཁྱམས་དགོས་བྱུང་ཡང་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལ་རྒྱ་ཤུགས་ཆེན་བཟུངས་ནས་གསོན་པོར་གནས་ཐུབ་པ་མ་ཟད་དེང་དུས་ཀྱི་ཤེས་ཡོན་དང་རིག་པ་བདེན་པར་མཁས་པར་སྦྱངས་ཏེ་མཚན་རིག་མཁས་ཅན་མང་པོ་འདུག། མ་ཟད་ཨི་སི་རཱལ་རྒྱལ་ཁབ་དེ་གསར་བསྐྲུན་བྱས་འདུག་པ་དང་ཕ་ལི་སི་ཐན་གྱི་གལ་གནད་ཅན་གྱི་ས་ཆ་དང་འཆུ་འགོ་དེ་བཟུངས་འདུག། ཁྱིམ་མཚེས་ཁ་ཆེའི་རྒྱལ་ཁབ་དགྲ་དེ་ཚོར་འབུར་བཅོམས་བྱེད་ཀྱང་རེད་མི་འདུག་གས། ད་དུང་གཞན་གྱིས་བརྙས་བཅོས་བྱས་ན་མགོ་རྩ་བ་ནས་མི་སྒུར་ཞེས་རྩ་ཁྲིམས་ནང་འཁོད་ཡོད་པ་རེད་། ཨ་རིའི་ནང་ཆ་བཞག་ན་ཕྱུགས་བདག་མང་པོ་ཞིག་ཇིའུ་མི་རིགས་རེད་། ད་དུང་སྙན་གྲགས་ཅན་གྱི། HOLLYWOOD གློག་རྙན་བཟོ་བསྐྲུན་གྱི་བདག་པོ་ཕལ་ཆེ་བ་ཁོ་ཚོ་རེད་འདུག། དེ་ཚོ་ཚང་མ་ཆོས་ལུགས་ཀྱི་ལྟ་གྲུབ་འཁྱེར་ནས་དེང་དུས་ཀྱི་ཤེས་ཡོན་དང་རིག་པ་བདེན་པ་ལ་སྦྱངས་བ་ཅང་མ་རེད་། ཡང་ཅིག་བཤད་ན་། ཁོ་ཚོས་དེང་དུས་ཀྱི་ཤེས་ཡོན་དང་རིག་པ་བདེན་པའི་ལག་རྩལ་ལ་ལེགས་པར་སྦྱངས་ཏེ་རང་གི་དགྲ་བོ་ལས་རྣམ་པར་རྒྱལ་བ་བྱས་པ་ལས། ཇིའུ་ཆོས་ལུགས་ཀྱི་ལྟ་གྲུབ་འཁྱེར་ནས་རྩོད་པ་ལས་ཟློག་པར་མཛད་པ་ཅང་མ་རེད་པ། ང་ཚོ་བཙན་བྱོལ་བ་ལ་མཚོན་ན་། བཙན་བྱོལ་དུ་འབྱོར་མ་ཐག་དགོན་པ་བཞེངས་རྒྱུ་ཕར་བཞག་ནས་ཐོག་མ་ཉིད་དུ་སློབ་གྲྭ་ཁག་གསར་འཛུགས་གནང་དགོས་པའི་དམིགས་ཡུལ་ ༧གོང་ས་མཆོག་གིས་ཡང་ཡང་གསུངས་བ་ཁྱོད་ཀྱི་གོ་ཨེ་ཐལ། སོ་སོའི་སྲོལ་རྒྱུན་རིག་པའི་གཞུང་ལུགས་དང་ནང་ཆོས་ཀྱི་ལེགས་སྦྱང་དེ་ཚོ་ལེན་དགོས་དང་དགོས། ཡིན་ཡང་གཡག་ཞར་བ་བཞིན་ཆོས་དང་རིག་གཞུང་ཞེས་ཤི་འཐམས་རོ་འཐམས་བྱས་ནས་བོད་པའི་རྩ་དོན་ལ་ཅང་ཕན་ནི་མ་རེད་། དེ་ལ་ཀླད་པ་རུལ་བ་མ་རེད་ཀླད་པ་ལྗང་གུ་ཟེར་། རྒྱ་གར་གྱི་སྐད་དོད་ལ་་་ཀཱ་ཆཱ་ཟེར་། གོ་ཨེ་ཐལ། གོ་ན་རྣ་བའི་ནང་དུ་ཞོག། མ་གོ་ཉོག་གཏམ་མ་མང་དགའ་།
ཕན་དང་མི་ཕན་མི་དཔྱོད་ཅིང་།།
བློ་དང་ཐོས་པ་མི་བསྒྲུབ་པར།།
ལྟོ་འགྲངས་འབའ་ཞིག་དོན་གཉེར་བ།།
སྤུ་མེད་པ་ཡི་ཕག་པ་ཡིན།།
གང་ན་བཟའ་བཏུང་ཡོད་དེར་རྒྱུག།
དགོས་པའི་བྱ་བ་བཅོལ་ཡང་འབྲོས།།
གཏམ་དང་བཞད་གད་ཤེས་ན་ཡང་།།
མཇུག་མ་མེད་པའི་ཁྱི་རྒན་ཡིན།།
ཕན་དང་མི་ཕན་མི་ཤེས་ཤིང་།།
བློ་དང་ཐོས་པར་མི་འབད་པ།།
དཀོར་ཟས་འབའ་ཞིག་དོན་གཉེར་བ།།
སྤུ་མེད་པ་ཡི་ཕག་པ་རེད་།།
གང་ན་དཀོར་ཟས་ཡོད་དེར་རྒྱུགས།།
དགོས་པའི་ཉམས་ལེན་མི་བྱེད་པ།།
རྩོད་དང་ཐལ་མོ་བརྡབ་ཤེས་ཀྱང་།།
མཇུག་མ་མེད་པའི་ཁྱི་རྒན་རེད།།
ང་རང་བསམ་ཚུལ་འདྲ་མིན་ཉན་རྒྱུར་ཧ་ཅང་དགའ། རང་གི་རིག་གཞུང་གི་དྲི་མི་བྲོ་བའི་མི་ཞིག་གིས་མི་རིགས་ཀྱི་འཐབ་རྩོད་ཇི་ལྟར་བྱེད་ཐུབ་བམ། ང་ལ་དོགས་པ་ཡོད། ངེད་ཀྱི་བསམ་ཚུལ་ལྟར་བྱས་ན། རིག་གནས་གསར་བརྗེའི་སྐབས་དགོན་པ་སྟོང་ཕྲག་མང་པོ་རྩ་སྟོར་བཏང་བ་དང་། ཉེས་མེད་ཀྱི་བླ་གྲྭ་མང་པོ་དམར་གསོད་བཏང་ཟིན་ཀྱང་། བོད་ཀྱི་རིག་གཞུང་རྩ་མེད་དུ་བཏང་ཐུབ་ཡོད་པ་མ་རེད། ང་དགུ་ལོར་བོད་ས་ཡོངས་རྫོགས་གུང་དམག་གིས་དབང་བསྒྱུར་བྱས་ཡོད་པ་རེད་དེ་བོད་མིའི་བསམ་བློ་ལ་ད་དུང་དབང་བྱེད་ཐུབ་མེད་པ་འདི་རང་གི་རིག་གཞུང་གི་དྲི་མ་སྣུམ་པོ་ཡོད་པའི་བོད་མི་དག་རེད། ཨེ་ཤེས། ས་བྱི་ལོའི་བོད་ཆོལ་ཁ་གསུམ་དུ་འབོད་སྒྲ་གཅིག་གི་འོག་ཏུ་རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་ཆོས་དད་རང་མོས་དགོས་ཞེས་དཔའ་པོའི་འབོད་སྒྲ་སྒྲོག་པ་དེ་ཚོ་ལ་ཁྱོད་ཀྱིས་ཅི་ཞིག་བསམ་གི བོད་མི་རིགས་གནས་དང་མི་གནས་ཀྱི་འཐབ་རྩོད་ཁོ་ན་ཨེ་རེད། སྐད་ཆ་འདི་འདྲ་ལ་རིན་ཐང་མེད་གི་ཡ། རྒྱལ་སྤྱིའི་ལྡིང་ཆའི་སྒང་ལ་སྐྱབས་མགོན་རིན་པོ་ཆེས་ཞི་བདེའི་རྟགས་མ་མང་པོ་བཞེས་པ་དེ་ཚོ་ལ་ཁྱོད་ཀྱིས་ཅི་ཞིག་རེད་བསམ་གི གང་ལ་བརྟེན་ནས་བྱུང་བ་རེད། ཁོང་གི་དགོངས་པ་བཞེས་ཕྱོགས་ལ་རྒྱུས་མངའ་ཅུང་ཟད་ཙམ་ཡང་མེད་པར་ཧམ་བཤད་རང་བཤད་ནས་བསྡད་ན་ལེ་ལན་རང་ལ་འཁོར་ངེས་རེད། ནམ་ཞིག་མིག་ནས་ཁྲག་འཛགས་ན་ཡང་འཕྱིས་ཚར་བ་རེད། ད་ལྟ་ནས་ལམ་ཁ་མ་ནོར་བ་ཞིག་དང་ཆོས་སྲིད་ཀྱི་ཉ་ཉོག་མ་བསྲེས་ན་ཡག་གི་རེད། དྲང་བདེན་དང་བྱམས་བརྩེ། འགྲོ་བ་མིའི་ཐོབ་ཐང་སོགས་ནི་མི་རིགས་ཤིག་གནས་དང་མི་གནས་ཀྱི་འཐབ་རྩོད་ཁོ་ན་མིན་པ་ཁྱོད་ཀྱིས་ཨེ་ཤེས། སྐྱབས་མགོན་རིན་པོ་ཆེའི་གསུང་རྩོམ་ཁག་ག་ལེར་ཀློག་དང་ཁྱོད་ཀྱི་བློ་སྒོ་འབྱེད་ཐུབ། དེ་མིན་ན་གནམ་ས་གོ་འབྱེད་ཀློག་དང་ཁྱོད་ཀྱི་བློ་སྒོ་ཅུང་ཟད་ཅིག་འབྱེད་ཐུབ། ཡང་མིན་ན་བོད་ཀྱི་སྐད་ཡིག་དང་བཅས་པ་བརླག་པའི་སྟ་གོན་བརྩོན་དགོས་པ་ཡིན་ནམ། རང་གི་རིག་གཞུང་བརླགས་ནས་རང་བཙན་རྩོད་པ་ལས་མི་རིགས་དང་རིག་གཞུང་གཉིས་མཉམ་ཤི་མཉམ་གསོན་བྱེད་ན་དགའ། ཨེ་གོ་ཐལ། སུམ་ཅུ་བའི་མགོར། གང་ལ་ཡོན་ཏན་མཆོག་མངའ་བའི།།དཀོན་མཆོག་དེ་ལ་ཕྱག་འཚལ་ལོ།།ཞེས་བོད་ཀྱི་ཡི་གེ་ཐོག་མར་གསར་གཏོད་མཛད་པ་ནའང་མཆོད་བརྗོད་གཅིག་བུ་ལ་བསམ་བློ་ཐོངས་དང་། ཆོས་རྒྱལ་ལོ་པཎ་རྣམས་དང་། བོད་ཀྱི་མཁས་དབང་རིམ་བྱོན་དང་། ཁྱད་པར་དུ་རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱི་མཚོན་པའི་བོད་ལ་སྐུ་དྲིན་ཆེ་བ་དྲན་ཤེས་མེད་པར། ཇ་ལན་དུག་གིས་འཇལ་བ་བོད་ཀྱི་གཞོན་སྐྱེས་ནང་རུལ་བ་འགའ་ཡིས་བསམ་བཟོས་ནས་ནག་བསུབ་ཏུ་གཏོང་འདོད་པ་ནམ་ཡང་འགྲུབ་ཀྱི་མ་རེད། དེ་ཚོ་ནང་དགྲ་ངོ་མ་དེ་རེད། ཨེ་གོ་ཐལ། ཚིག་ཅུང་ཟད་ཐལ་དྲགས་པས་དགོངས་འགལ་མེད་པར་ཞུ། །
དྲ་གྲོགས་སྤྱན་བརྒྱད་ལྡན་ལགས། ཁྱེད་ཀྱིས་རིག་གཞུང་རིག་གཞུང་་་་ཞེས་མང་པོ་ཞིག་བརྗོད་སོང་། ཆོས་ལུགས་རིག་པ་ལ་ཟེར་། ཡང་ན་ལོ་རྒྱུས་རིག་པ་ལ་ཟེར་། ཡང་ན་སྤྱི་ཚོགས་རིག་པ་ལ་ཟེར་། ཡང་ན་མི་རིགས་རིག་པ་ལ་ཟེར་། ངས་ཁྱོན་ནས་ཤེས་མ་སོང་། ཚང་མ་ལ་བརྗོད་ཀྱི་ཡོད་ན་ངས་དྲི་ཆ་ཚང་བ་ཞིག་མི་བྲོ་ཡང་གཏོག་ཙམ་གཏོག་ཙམ་བྲོ་མྱོང་། ངས་གོང་དུ་བརྗོད་ཟིན་ཀྱང་འདིར་ནན་གྱིས་བརྗོད་འདོད་པ་ནི་རིག་པའི་གཞུང་ལུགས་ཁྱད་པར་ཅན་དེ་ཚོ་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་དངསྲུང་སྐྱོབ་བྱེས་སའི་འཁོར་ཡུག་བོད་རྒྱལ་ཁབ་འདི་རང་དབང་གཙང་མ་ཞིག་མེད་སོང་ན་། ཆོས་དང་རིག་གཞུང་སྲུང་སྐྱོབ་སྲུང་སྐྱོབ་ཞེས་ག་ཚད་ལབ་ན་ཡང་ཁ་སྟོང་ནང་གི་དོན་སྟོང་མ་རེད་པས། དཔེར་ན་ང་ཚོ་བཙན་བྱོལ་ནང་ལ་ཆ་བཞོག་སྤྱི་ཚོགས་དང་འཁོར་ཡུག་གི་ཤུགས་རྐྱེན་འོག་རིག་པའི་གཞུང་ལུགས་དེ་ཚོ་ཕར་ཟད་། རང་སྐད་ཡང་མི་ཤེས་པའི་གནས་སྟངས་དེ་ག་རེ་བྱས་པ་རེད་ཅིག་གསུངས་དང་། རིག་གནས་གསར་རྗེ་ཆེན་པོའི་སྐབས་དགོན་པ་དང་བླ་གྲྭ་ཙམ་མ་རེད་བོད་མི་དམངས་དང་བོད་རིག་པ་ཁྱོན་ཡོངས་ལ་ཉམས་ཉེས་ཆེན་པོ་བྱུང་བ་མ་ཟད་གྲལ་རིམ་འཐབ་རྩོད་ཀྱི་དཀའ་སྡུག་ཚད་ལས་འགལ་བ་ལོ་མང་མྱངས་དགོས་བྱུང་བ་རེད་། ༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ཡང་སྐབས་དེ་དུས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་ཤོག་བུའི་ཞྭ་མོ་གཡོགས་འཐབ་རྩོད་བཏང་མི་ལོ་བརྒྱད་ལྷག་ཙམ་བཙོན་དུ་བཞུགས་དགོས་བྱུང་ནས་འོ་རྒྱལ་ཆེན་པོ་བྱུང་བ་རེད་།་ འོན་ཀྱང་ཁོང་གི་ཐུགས་སྟོབས་ལ་འཇིགས་ཞུམ་སྤུ་ཙམ་མེད་པར་ཁོང་གིས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་ལ་རྒྱ་དང་ཆེ་མཐོང་ལ་གནོད་པའི་ལས་ཁོང་གི་སྐུ་ཚེའི་ནང་ནམ་ཡང་གནང་རྒྱུ་མིན་པའི་དམ་བཅའ་བརྟན་པོར་བཞེས་ནས་བོད་མི་རིགས་དང་བོད་རིག་པ་ལ་ཞབས་འདེགས་ཅི་ཙམ་བསྒྲུབས་འདུག། ད་དུང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་དང་ཚེ་ཏན་ཞབས་དྲུང་མཆོག་གིས་དབུས་བོད་རིག་པ་མཁས་ཅན་མང་པོས་མི་རིགས་ཀྱི་ལ་རྒྱ་དང་མི་རིགས་ཀྱི་ལྟ་བ་མི་རིགས་ཀྱི་གདུང་ཞེན་ཟབ་མོ་བཅངས་ནས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་འདི་དང་བོད་རིག་པ་ལ་མཛད་རྗེས་ཆེན་པོ་བཞག་འདུག། གུང་ཁྲན་ཚང་གིས་བོད་མི་རིགས་ཀྱི་བསམ་བློར་བཅིངས་གྲོལ་ད་དུང་བཏང་མི་ཐུབ་པ་འདི་། གུང་ཁྲན་ལ་འཁོན་འཛིན་དང་མི་རིགས་ཀྱི་ལྟ་བ་མི་རིགས་ཀྱི་ལ་རྒྱ་མི་རིགས་ལ་གདུང་ཞེན་ཟབ་མོ་ཡོད་པའི་རྟགས་མིན་ན་ཅི་རེད་། ས་བྱི་ཞི་རྒོལ་སྐབས་ཀྱི་འབོད་སྒྲ་ཕྱ་ངེ་ཕྱོ་ངེ་ནི་མང་པོ་འདུག། འོན་ཀྱང་དཔའ་བོའི་འབོད་སྒྲ་ཤུགས་ཆེ་ཤོས་དང་ཁྱབ་ཆེ་ཤོས་དེ་་་་བོད་མི་སྐྱིད་སྡུག་མཉམ་མྱོང་དང་། བོད་ལ་རང་དབང་དགོས། ༧རྒྱལ་དབང་བསྟན་འཛིན་རྒྱ་མཚོ་བོད་དང་བོད་མི་རིགས་ཀྱི་དོན་གྱི་བདག་པོ་ཡིན་བོད་ལ་གདན་འདྲེན་ཞུ་དགོས་ཞེས་མ་གཏོགས་གཞན་གོ་མ་སོང་། འབོད་སྒྲ་འདི་ངས་ཡང་དག་པ་ཞིག་རེད་བསམ་གི། ཁྱེད་རང་? བོད་མི་རིགས་འདི་མེད་ན་ཆོས་དང་རིག་གཞུང་སུས་བདག་པོ་བརྒྱག་གི་རེད་། སུས་སྲུང་སྐྱོབ་བྱེད་ཀྱི་རེད་། བོད་ཀྱི་རྩ་དོན་འཐབ་རྩོད་སུས་བྱེད་ཀྱི་རེད་། སྐད་ཆ་ལ་རིན་ཐང་མེད་པ་འདི་ཁྱེད་ཀྱིས་གསུངས་འདུག། ༧སྐྱབས་མགོན་རྒྱལ་བའི་འཛད་པ་འཕྲིན་ལས་ལ་ངས་ནམ་ཡང་དགུང་སྔོན་དབྱིངས་སུ་སྟོད་པ་ལས་ངས་གང་དུ་སྨད་འདུག། ཁྱེད་མིག་བརྒྱད་ལྡན་དེ་ཞར་སོང་བ་ཨེ་རེད་། མིག་ནས་ཁྲག་འཛགས་མཁན་ཞིག་གཞན་གྱིས་མི་མཐོང་བར་ཁྱེད་ཀྱི་མིག་བརྒྱད་ལྡན་མ་དེས་མཐོང་སོང་བ་ཨེ་རེད་། ངའི་མིག་གཉིས་ལྡན་མ་དེ་ནམ་ཡང་ཁྲག་འཛག་གི་མ་རེད་ལ་ནམ་ཡང་གསལ་གསལ་གྲུང་རིག་རིག་བྱས་ནས་འཛམ་གླིང་འགྱུར་འགྲོས་ལ་བལྟ་གི་རེད་། ངས་ལམ་ཁ་ནམ་ཡང་ནོར་མེད་ལ་ཆོས་སྲིད་ཉྭ་ཉུང་དེ་བས་བསྲེས་མེད་། ངས་ད་དུང་ཆོས་སྲིད་གཉིས་ཁ་ཁག་འདོད་ཀྱི་ཡོད་། དྲང་བདེན་དང་བྱམས་བརྕེ་འགྲོ་བ་མི་ཡིས་འཐོབ་ཐང་སོགས་མི་རིགས་གནས་དང་མི་གནས་ཀྱི་འཐབ་རྩོད་རེད་ཟེར་སུས་སྨྲས་སོང་། ཆོས་སྲིད་མཉམ་བསྲེས་གཏོང་མཁན་ཁྱེད་མིན་ན་སུ་རེད་། ངས་བོད་རང་གི་སྐད་ཡིག་དང་རིག་པའི་གཞུང་ལུགས་ལ་མཐོང་ཆེན་བྱེད་ཀྱི་ཡོད་མ་གཏོགས་མི་དགོས་ཞེས་ནམ་ཡང་མ་སྨྲས་སོ། ཁྱོད་ཀྱི་རིག་པའི་གཞུང་ལུགས་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་མིན་མི་ཤེས། ཕལ་ཆེར་ཁྱེད་ལྷ་སྐུ་གསོན་པོ་ཞིག་ཡིན་ཙང་ཆོས་ལུགས་རིག་པ་ཁོ་ནར་འདོད་ཀྱི་ཡོད་པ་འདྲ། ཁྱེད་རང་ཤི་འདོད་ཡོད་ན་ངས་འགགས་བྱ་གང་ཡང་མེད་། ངེད་གཞོན་སྐྱེས་ཚོའི་ལྷན་སྐྱེས་ཀྱི་འཐོབ་ཐང་ལ་༧རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་ནམ་ཡང་བཀགས་འགོགས་གནང་གི་མརེད་ལ་ནམ་ཞིག་རྒྱབ་རྐྱོར་ཡང་གནང་ངེས། ངེད་གཞོན་སྐྱེས་ཚོས་ལྷན་སྐྱེས་ཀྱི་འཐོབ་ཐང་རྩོད་པ་ལ་༧རྒྱལ་བ་རྣམ་གཉིས་ལ་ཇ་ལན་དུག་འཇལ་གང་དུ་བྱས་འདུག་ག་དུས་བྱས་སོང་ཁྱེད་ཀྱིས་གསལ་བཤད་གཙང་མ་ཞིགནགྱིས་དང་། མེད་ན་ངས་ཁྱེད་གུང་ཁྲན་ཚང་གི་རྒྱུགས་ཁྱིར་ངོས་འཛིན་བྱས་ཆོག། གོ་ཨེ་ཐལ།
མི་ཉམས་གོང་འཕེལ་དང་ཞེས་པར། དང་སྒྲ་དེ་ལ་ཚེག་ཆུང་ཞིག་དང་སྲུང་སྐྱོབ་བྱེས་ཞེས་པར་རྗེས་འཇུག་ད་ལ་བཅོས་རོགས། གཙང་མ་ཞིག་ཞེས་པའི་རྗེས་ཀྱི་ན་དེ་མེད་པར་བྱས་ནས་ཚེག་ཆུང་ལ་བཅོས་རོགས།
གསེར་འབྲུག་ལགས། སྐུ་ཉིད་ཀྱིས་གསུངས་པ་ལ་རྒྱུ་མཚན་འདུག་མོད། ཤེས་བྱ་ཐམས་ཅད་ལེབ་ལེབ་ཡིན་པའི་བཟོ་ལྟ་འདུག་པས་ད་དུང་ཕྱོགས་གང་ཐད་ནས་ཚིག་གི་དག་ཆ་དང་ཡིག་ནོར་བཅས་ལ་གཟབ་དགོས་པ་དང་། ངས་གང་བཤད་སྐུ་ཉིད་ཀྱིས་གསལ་བོ་ཞིག་རྟོགས་མེད་པ་འདྲ་བས། ད་དུང་མུ་མཐུད་དུ་བོད་ཀྱི་རིག་གནས་དག་ལ་སྦྱང་བརྩོན་བྱེད་ན་དགའ་བ་ལས་ཧམ་པ་ཚོད་མེད་ཀྱི་སྲོལ་ཀ་ལ་འཇུས་ན་རང་ཉིད་ཕོངས་བ་མ་གཏོགས་ཕན་ཐོགས་ཡོང་རྒྱུ་ཅུང་ཁག་པོ་མིན་ནམ། སྐུ་ཉིད་ལ་སྨད་པ་དང་མཚང་འདྲི་བ་དེ་འདྲ་རྩ་བ་ནས་མིན་པའང་སྤྱིའི་ཆ་ནས་ཤེས་དགོས་པ་གལ་ཆེ། ངས་བོད་ཀྱི་རིག་གཞུང་གནས་དང་མི་གནས་ཀྱི་འགག་རྩ་ལ་འཇུས་ནས་གླེང་གིན་ཡོད་ལ། དེ་ཁྱོད་ཀྱིས་ཤེས་མེད་པ་འདྲ། བོད་ཀྱི་རིག་གཞུང་ཟེར་བ་སྒྲ་བཤད་ཀྱི་དབང་དུ་བྱས་ན་བོད་ཀྱི་རིག་གནས་ཀྱི་གཞུང་ཟེར་གི་ཡོད་པ་རེད། བོད་ཀྱི་རིག་གནས་ལ་དབྱེ་ན་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་ཡོད། དེའི་ནང་ནས་ཀྱང་ནང་བསྟན་གྱི་སྡེ་སྣོད་གསུམ་པོ་དེ་ལ་ནང་རིག་པ་ཟེར་གི་རེད། དེ་ནི་བོད་ཀྱི་རིག་གནས་ཐམས་ཅད་ཀྱི་གཙོ་བོ་དང་རབ་དང་ཕུལ་དུ་གྱུར་བ་རེད། སྔོན་གྱི་ལོ་ཙཱ་བ་དང་མཁས་དབང་རིམ་བྱོན་གྱིས་གཏན་ལ་ཕབ་བཞག་པ་ཚིག་གི་འཁྲུལ་བ་ཚར་གཅོད་པའི་སྒྲ་རིག་པ་དང་དོན་གྱི་འཁྲུལ་བ་ཚར་གཅོད་པའི་གཏན་ཚིགས་རིག་པ་སོགས་སྒྲུབ་བྱེད་འགོད་པ་དང་རྒྱུ་མཚན་འདྲེན་པ་ཐམས་ཅད་སྡེ་སྣོད་གསུམ་གྱི་འཆད་ཉན་སྤུས་དག་པོ་ཞིག་ཡོང་བའི་ཆེད་དུ་རེད། བོད་མི་རིགས་ཀྱི་རྒྱ་ཆའི་དགུ་བཅུ་ཙམ་ཆོས་ལུགས་ལ་ཡིད་ཆེས་བྱེད་མཁན་ཆགས་ཡོད་སྟབས། འདི་ལ་རྡོག་རོལ་བཏང་ན་ནང་རུལ་བ་རེད་མ་རེད།
བོད་ཀྱི་རྩ་དོན་དང་མཐུན་པ་རེད་མ་རེད། མི་རིགས་ཀྱི་འཐབ་རྩོད་རེད་མ་རེད། ཆོས་རྒྱལ་བཀའ་དྲིན་ཅན་ལ་ཇ་ལན་དུག་གིས་འཇལ་བ་རེད་མ་རེད། འཛམ་གླིང་གི་རིག་གཞུང་སྲུང་སྐྱོབ་ཀྱི་ཆ་ཤས་སུ་འགྲོ་གི་རེད་མ་རེད། རྒྱལ་བ་རིན་པོ་ཆེ་ལྟ་བུའི་ཆོས་ཀྱི་དབུ་ཁྲིད་རྣམས་ལ་ཁ་ལན་སློག་པ་རེད་མ་རེད། ཚན་རིག་དང་མཐུན་པ་རེད་མ་རེད། ཡག་པོ་ཞིག་དགོངས་པ་བཞེས་རོགས། བདེན་པ་ཉིད་རྒྱལ་བར་སྨོན།
དྲ་གྲོགས་མིག་བརྒྱད་ལགས། དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་། དག་ནོར་དང་ཡིག་ནོར་ཡོད་ན་སྐབས་འཕྲལ་དག་བཅོས་གནང་ན་དགའ་བསུ་ཡོད་། ཁྱེད་ཀྱིས་རིག་གཞུང་རིག་གཞུང་ཞེས་པ་དེ་བཅུ་ཕྲག་རིག་པའི་ནང་གི་ཆེ་བ་ལྔའི་ཡ་གྱལ་ནང་དོན་་རིག་པར་གསུངས་ཀྱི་ཡོད་པ་འདྲ། དེ་ངས་གོང་དུ་བརྗོད་ཟིན་པའི་ཆོས་ལུགས་རིག་པའི་ཁོངས་སུ་འདུས། ཁྱེད་ཀྱིས་རིག་གཞུང་གནས་མི་གནས་ཀྱི་འགག་རྩ་་ནང་བསྟན་སྡེ་སྣོད་གསུམ་གྱི་ནང་དོན་རིག་པ་ལ་འཇུས་ནས་གླེང་། ངས་སྤྱི་ཚོགས་རིག་པ་དང་། ལོ་རྒྱུས་རིག་པ། མི་རིགས་རིག་པ་ལ་འཇུས་ནས་གླེང་། ཁྱེད་ཀྱིས་ཆོས་ལུགས་ལྟ་གྲུབ་ཁོ་ན་ལ་འཇུས་ནས་གླེང་། ངས་མི་རིགས་ཀྱི་ལ་རྒྱ་དང་ལྟ་བ་ཁོ་ན་ལ་འཇུས་ནས་གླེང་། ཁྱེད་ཀྱིས་ཆོས་དད་རང་དབང་ཁོ་ན་གླེང་། ངས་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བོད་མི་རིགས་ཀྱི་ལྷན་སྐྱེས་ཀྱི་འཐོབ་ཐང་རང་དབང་བཙན་པོ་དེ་གླེང་། མདོར་ན་ཁྱེད་ཀྱིས་ལམ་དབུ་མའི་ལྟ་གྲུབ་ཁོ་ན་གླེང་། ངས་རང་བཙན་ལྟ་གྲུབ་ཁོ་ན་གླེང་། ང་གཉིས་བསམ་ཚུལ་མི་འཐུན་ས་འདི་རེད་། ཨེ་རེད་། བོད་མི་རིགས་ཀྱི་ཆོས་དད་རང་དབང་ལ་ངས་ནམ་ཡང་རྡོག་རོལ་བཏང་མ་མྱོང་ལ་ནམ་ཡང་གཏོང་རྩིས་མེད་། ང་ཡང་ནང་ཆོས་ལ་དད་མཁན་ཞིག་ཡིན་། ལོ་རྒྱུས་ལ་ཕྱིར་མིག་ཐེངས་གཅིག་བལྟོས་དང་སེར་མོ་བ་འགའ་རེས་བོད་ཀྱི་ཆབ་སྲིད་ཀྱི་གར་སྟེགས་སུ་སྐྱོ་གར་གྱི་ལེའུ་མང་པོ་ཞིག་འཁྲབ་འདུག། དེ་ཚོར་ཞེ་གཏིང་ནས་སུན་གི། ༧རྒྱལ་བའི་དབང་པོ་ལ་དགུང་དུ་སྟོད་གྱིན་ཡོད་ཟེར་གྱིན་ཟེར་གྱིན་ཡང་ཞལ་ལན་ཕུལ་འདུག་ཟེར་ན་ཅི་ཟེར་ལེ་རེད་། ངས་ལོ་རྒྱུས་དངོས་དང་སྤྱི་ཚོགས་དང་འཁོར་ཡུག་གི་གནས་ཚུལ་དངོས་བརྗོད་པ་ལ་ཚན་རིག་དང་མཐུན་གྱི་མི་འདུག་ཟེར་ནི་ཨེ་རེད་། དགོངས་པ་ཡག་པོ་ཞིག་བཞེས་དང་། མཐར་་་་བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།
རང་བཙན་འཐབ་རྩོད་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་རང་གི་གོམས་གཤིས་བཟང་པོ་འདི་བརླག་ན་དེ་ལ་དགེ་མཚན་ག་རེ་ཡོད་བསམ་གཞིགས་ཡག་པོ་གནང་དགོས་པ་དང་། སྲོག་མེད་བེམ་པོ་ཞིག་ཇི་འདྲ་མཛེས་ཡང་ནམ་ཞིག་རུལ་ངེས་དང་ཡང་ན་དྲི་ཁ་བ་དང་ཡང་ན་འཐོར་ངེས་མ་རེད་དམ། རིག་གཞུང་ནི་མི་རིགས་ཀྱི་གཅེས་སྲོག་དང་མི་རིགས་ནི་རིག་གཞུང་གི་རྟེན་ས་ཡིན། འཛམ་གླིང་གི་འགྱུར་བ་དང་དུས་རབས་ཀྱི་ཁ་ཕྱོགས་ལ་བརྟེན་ནས་འགྲོ་དགོས་བ་རེད། རྡོ་ཆས་ཀྱི་དུས་རབས་ནས་འཕྲུལ་ཆས་ཀྱི་དུས་རབས་བར་འགྲོ་བ་མིས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་བརྟེན་ནས་སྤྱི་ཚོགས་འཕེལ་རྒྱས་དང་བརྟན་རླིང་། ཤེས་རིག་གོང་འཕེལ། འགྲོ་བ་མི་རྣམས་ཕན་ཚུན་གཅིག་ལ་གཅིག་རྟེན་གྱི་རྟེན་འབྲེལ་ཆོས་ཉིད་འདི་སུ་ཞིག་གིས་ཀྱང་འཇིག་མི་ཐུབ། ཨེ་གོ་ཐལ། ད་དུང་མ་གོ་ན་ངའི་སྐད་ཆ་ལ་འབྲེལ་བ་མེད། འཛམ་གླིང་མི་དམངས་ཀྱིས་བོད་ལ་ག་རེའི་ཐོག་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག བོད་ཀྱི་སྐད་ཡིག་དང་རིག་གཞུང་དྲི་མ་མེད་པ་འདི་མེད་རྒྱུ་ན་བོད་མི་རིགས་འདི་ད་ལྟ་གསོན་པོར་གནས་ཡོད་མེད་ཀྱང་ཐེ་ཚོམ་རེད། ད་ལྟ་འཛམ་གླིང་ན་རྒྱ་དང་བོད་ཟེར་བ་ཐ་དད་དུ་འབྱེད་ཆོས་ནི་ལུས་ཀྱི་ཁ་དོག་མ་ཡིན། རིག་གཞུང་གསོན་པོ་འདི་རེད། ཨེ་གོ་ཐལ། དཔེར་ན་མན་ཇུའི་མི་རིགས་བཞིན་ད་ལྟ་གྲིབ་མ་ཙམ་ཡང་མཐོང་དཀོན། ཨེ་ཤེས་ཐལ། ངས་སྔོན་མ་ནས་ཇ་ལན་དུག་གིས་མ་འཇལ་རོགས་ཞུས་པའི་གནད་འགག་གཅིག་འདི་ཡིན། རྒྱ་གར་ནང་སྐད་ཡིག་མི་འདྲ་བ་ཉེར་གཉིས་ཙམ་ཡོད་ན་ཡང་མི་དམངས་རྡོག་རྩ་གཅིག་ཏུ་སྒྲིལ་བ་ནི་ཆོས་ལུགས་ཀྱི་བཀའ་དྲིན་རེད། རང་བཙན་འཐབ་རྩོད་པ་གན་དྷི་མཆོག་ཆོས་ལུགས་པ་རེད། ཁོང་གིས་ཆོས་ལུགས་ཀྱི་རྣམ་དཔྱོད་བེད་སྤྱད་དེ་ཞི་བའི་ལམ་ནས་རྒྱ་གར་ལ་རང་བཙན་ཐོབ་པ་རེད། མི་དམངས་ས་ཡ་མང་པོ་ཁོང་གི་རྗེས་སུ་འབྲངས། ཁོང་ལ་རྗེས་དྲན་དང་བསྟོད་བསྔགས་འབུལ་བཞིན་པ་འདུག འདི་གན་དྷི་མཆོག་གིས་བདེན་པའི་དོན་དུ་སྲོག་གཏོང་ཕོད་པ་དང་འཚེ་བ་མེད་པའི་ལྟ་སྤྱོད་ཀྱི་སྙིང་སྟོབས་རེད། ཨེ་གོ་ཐལ། ང་ཚོའི་བོད་པ་ཚོ་ལ་དེ་ལྟ་བུའི་སྙིང་སྟོབས་འདུག་གམ་མི་འདུག ཁ་ཤས་ཀྱིས་ནི་ཆོས་ལུགས་ལ་ཁ་གཏོང་། བླ་མ་ལ་ཁ་གཏོང་། ཁ་འབར་གཡོ་གཏམ་མང་། བདེན་པ་ལ་རྒྱབ་གཏོད་བྱེད། ཆིག་སྒྲིལ་མེད། ལུང་ཚན་གྱི་ཞེན་ཁོག་ཆེ།
རང་དོན་བ་སྤུ་ཙམ་ཡང་མི་འཁྱོངས་ཤིང་།།
གཞན་སྐྱོན་རྡུལ་ཕྲན་ཙམ་ལ་ཡང་དག་བྱེད།།
གང་ཡང་མ་ཡིན་ཅི་ཡང་མ་རེག་པའི།།
ཀླད་མེད་སྟོང་བསམ་རིགས་ལ་ཡ་རེ་ང་།།
ཐོས་པས་མཁས་པར་མ་བྱས་ཤིང་།།
བསམ་པས་སྒྲོ་འདོགས་མ་བཅད་པར།།
སྒོམ་པས་ཉམས་སུ་ལེན་འདོད་འདི།།
སྒོམ་ཆེན་འཕྱི་བའི་རྟུལ་ཞུགས་ཡིན།།
ཕ་མེས་སྐད་ཡིག་མ་སྦྱང་ཞིང་།།
རང་གི་རིག་གཞུང་མི་ཤེས་པར།།
གཞན་གྱི་རྗེས་སུ་རྒྱུག་འདོད་འདི།།
རང་སྲོག་གཅོད་པའི་རལ་གྲི་ཡིན།།
ལས་དོན་ཅུང་ཟད་ཞིག་གིས་བསྐུལ་ཏེས་བྲིས་ལན་ཞིག་བྲིས་ཁོམས་མ་བྱུང་བར་དགོངས་འགལ་མ་མཛད་རོགས། ཞེས་ཞུ་ཐལ། གོམས་གཤིས་བཟང་པོ་ཞེས་པ་འདི་གང་འདྲ་ཞིག་ལ་ངོས་འཛིན་ནམ་? དྲང་པོར་བརྗོད་ན་ངེད་བོད་པ་ཚང་དང་ཆོས་བྱེད་ཀྱི་དགེ་འདུན་པ་མང་ཆེ་བ་ལ་གཅིག་གཟིགས་དང་། ཕྱིའི་ཀུན་སྤྱོད་མཐའ་ན་ཁ་ལུད་དང་སྣ་ལུད་སྐྱག་གཅིན་སོགས། འཁོར་ཡུག་ལ་དགོངས་པ་ཁྱོན་ནས་མི་བཞེས་པར་སྣང་བ་དྲེད་ནས་ས་ཕྱོགས་གང་སར་གཡུག་པ་དང་གཏོང་བ་ནི་གོམས་གཤིས་བཟང་པོ་ཨེ་རེད་། དཔེར་ན་ཕྱིའི་རྒྱལ་ཁབ་ལ་བྱིས་པ་ཕན་ནས་དེ་འདྲའི་རིགས་ནི་གང་དུ་ཡང་མ་དམིགས་པའི་ཕྱིར་། ད་དུང་འཐོབ་བྱ་ཞིག་ལེན་དུས་དང་འགྲིམ་འགྲུལ་སྤ་སེ་སོགས་ལེན་དུས། མདོར་ན་གྲལ་རིམ་པ་ལྟར་འགྲོ་དགོས་ཚེ་གཞན་ལ་ལྟ་ཙམ་ཡང་མི་བྱེད་པར་གྲལ་འགོར་འཚང་ག་བརྒྱབ་ཀྱང་བྱེད་པ་འདི་གོམས་གཤིས་བཟང་པོ་ཨེ་རེད་། དེ་དེ་བཞིན་མང་པོ་འདུག། ནང་སེམས་ཀྱི་ཀུན་སློང་འཁྱེར་སྟངས་ཀྱི་གོམས་གཤིས་ལ་གཅིག་གཟིགས་དང་། མཐའ་ན་ཕན་ཚུན་ཚིག་རྩུབ་གཅིག་ཀྱང་མི་བཟོད་པར་དཔའ་དམ་བཤམས་ནས་འཛིང་ཀྱང་དང་། འཛིང་ནས་ལོ་དང་ཟླ་བ་འཁོན་འཛིན་བྱེད་པ། ད་དུང་དེས་མི་ཚད་མི་རབས་ནས་མི་རབས་འཁོན་ལན་བྱེད་པ་འདི་གོམས་གཤིས་བཟང་པོ་ཨེ་རེད་ འདི་བོད་པའི་གོམས་གཤིས་ལ་མ་གཏོགས་ཡོད་རྒྱུ་མ་རེད་། ངོ་དགའ་སྤྲེལ་ལད་དང་ངོ་དགའ་ཕྱོགས་འཐེན་བྱེད་རྒྱུ་ནི་བོད་པ་ལ་ལྡན་འདུག། ད་དུང་སྐྱ་སེར་དབྱེར་མེད་ནང་པ་སངས་རྒྱས་པའི་རྗེས་འཇུག་ཡིན་མདོག་མདོག་དང་རང་རྒྱུད་ལ་བྱང་སེམས་ཡོད་མདོག་མདོག་བྱེད་ཀྱིན་བྱེད་ཀྱིན་དུད་འགྲོ་བཀོལ་སྤྱོད་ཀྱི་སྣང་ཚུལ་དང་གནས་ཚུལ་ལ་མི་བལྟ་བར་དམར་ཟས་འབལ་འབོལ་དུ་སྤྱོད་བཞིན་པ་འདི་གོམས་གཤིས་བཟང་པོ་ཞིག་ཨེ་རེད་། ཆོས་ཁས་མི་ལེན་མཁན་དང་ཁྱད་པར་ནང་ཆོས་དྲི་ཙམ་མེད་པའི་ཕྱི་རྒྱལ་བ་མང་པོར་དངོས་ཡོད་བྱམས་པ་དང་སྙིང་རྗེ། ལྷག་བསམ་དང་དྲང་བདེན་ནི་ཁོ་ཚོར་ཡང་ལྡན་འདུག། མ་གཞི་སྐད་ཡིག་དང་རིག་གཞུང་བརླགས་ན་ཡང་མི་རིགས་རང་བཙན་ཐོབ་ནས་དམངས་གཙོ་དང་རང་དབང་ལ་ལོངས་སུ་སྤྱོད་བཞིན་པའི་རྒྱལ་ཁབ་ཞིག་ཡོད་པ་གསར་དུ་འདེམས་འཐོན་བྱུང་བའི་བཀའ་ཁྲི་སྐུ་ཞབས་བློ་སེང་ལགས་ཀྱིས་གཏམ་བཤད་ལ་ཅིག་གསན་དང་དཔེ་མཚོན་སྙིང་རྗེ་པོ་ཞིག་བཞག་གི་འདུག། སྤྱིར་སྟང་ང་རང་ལ་མཚོན་ན་རང་སྐད་དང་རང་གི་རིག་གཞུང་ལ་ལར་ཞེན་དང་དོ་སྣང་ཡོད་ལ་ངའི་བུ་ཕྲུག་གསུམ་ལོ་ན་ཧ་ཅང་ཕྲ་ཡང་ངས་རྟག་པར་བོད་སྐད་བརྒྱོབ་བོད་ཡིག་སྦྱོངས་ཞེས་བཤད་ཀྱི་ཡོད་ལ་ཆེ་ཤོས་ལོ་བཞི་མ་གཏོགས་སླེབས་མེད་ཀྱང་བོད་སྐད་གཙང་མ་བཤད་ཤེས་ཀྱི་ཡོད་ལ་ཞེ་ཚིག་ཀྱང་གང་འཚམས་ཤེས་ཀྱི་ཡོད་། ངས་འདིར་བསམ་ཚུལ་གྱི་མཆན་བྲིས་དགོས་དོན་ནི་། བཙུན་པ་ཟམ་གདོང་ཚང་དང་ཁྱེད་མིག་བརྒྱད་ལྡན་མ་གཉིས་ལ་གཟུགས་དང་སྲོག་མི་འདོད་པར་སྙིང་དང་ཀླད་པ་འདོད་པ་འདི་ཡ་རེ་མཚར་ནས་སྣོད་ཀྱི་འཇིག་རྟེན་མེད་ན་བཅུད་ཀྱི་སེམས་ཅན་མེད་པ་ནི་རྟེན་འབྱུང་གི་རང་གཤིས་སུ་་སོང་། གཟུགས་དང་སྲོག་མེད་ན་སྙིང་དང་ཀླད་པ་མི་འབྱུང་བ་འདི་ངས་གོང་དུ་ལན་མང་བརྗོད་ཟིན་ཀྱང་ཁྱོད་ཀྱིས་མཁས་ལེན་མི་བྱེད་པ་ནི་ཁྱོད་ཀྱི་རང་གཤིས་སུ་གྲུབ། འཛམ་གླིང་ན་རྒྱ་དང་བོད་ཞེས་པ་ཐ་དད་དུ་འབྱེད་ཆོས་ནི་ལུས་ཀྱི་ཁ་དོག་མ་ཡིན་། རིག་གཞུང་གསོན་པོ་འདི་ཡིན་ཞེས་འབྱེད་ཆོས་སྐད་ཡིག་གཅིག་པུར་འདོད་པ་ནི་མི་ཐད་དེ་བོད་པས་མགོ་སེར་ཐམས་ཅད་ལ་དབྱིན་ཇི་ཞེས་འབོད་པ་བཞིན་། མིག་སྔོན་པོ་དང་སྐྲ་སེར་པོའི་ཁ་དོག་རྒྱུ་མཚན་དུ་བྱས་ཏེ་ཨ་རི་བ་དང་ཇར་མན་ལ་སོགས་པ་སྐད་དང་རིག་གཞུང་རྦད་དེ་ཐ་དད་པ་ལ་མི་བལྟ་བར་ཚང་མར་དབྱིན་ཇི་ཞེས་འབོད་། མི་རིགས་ནག་པོ་ཞེས་བརྗོད་ན་ཁ་དོག་མ་ཡིན་ན་རིག་གཞུང་ནག་པོ་ཡིན་པར་ཐལ། དེ་ནས་རྒྱ་གར་ཞེས་བརྗོད་ན་ཁྱོད་ཀྱི་སེམས་ངོར་ཁ་དོག་ནག་ལ་ལྟོ་བ་ལྡིར་ཞིང་རྐང་ལག་ཕྲ་བ་མིག་དོང་དུ་བརྒྱབ་པ་ཞིག་འཆར་གྱི་འདུག་གམ? ཡང་ན་་་ཨེག་་་མདོའོ་་་ཏིན་་ཞེས་བརྗོད་མཁན་ཞིག་འཆར་གྱི་འདུག། དེ་བཞིན་རྒྱ་མི་ཞེས་ལབ་ན་ཤ་མདོག་དཀར་ལ་སྣ་ལེབ་ལེབ་གཟུགས་པོ་སྦེག་སྦེག་ཁ་ནང་སོ་ཐམས་ཅད་རུལ་པ་ཞིག་འཆར་གྱི་འདུག་གམ། ཡང་ན་་་་ཡིས་་་ཨར་་་སན་་་ཟེར་མཁན་ཞིག་འཆར་གྱི་འདུག། བོད་པ་ཞེས་ལབ་ན་ཤ་མདོག་སྔོ་རིལ་རིལ། མཁུར་ཚོས་དམར་རིལ་རིལ། སྣ་སྣ་ཚོགས་ཞིག། གཟུགས་སྟོབས་འབྲིང་ཙམ་ཞིག། ངང་རྒྱུད་རིང་མདོག་མདོག། བྱམས་སེམས་ཆེ་མདོག་མདོག། ཉམས་ཆུང་མདོག་མདོག་ཞིག་འཆར་གྱི་འདུག་གམ། ཡང་ན་་་ཀ་ཁ་ག་ང་་་དང་གཅིག་གཉིས་གསུམ་་་ཟེར་མཁན་ཞིག་འཆར་གྱི་འདུག་གམ། ཁ་དོག་དང་དབྱིབས་མ་རེད་ཟེར་ཨེ་རེད་། ངས་ཁྱོད་ལ་དྲི་བ་ཞིག་འདྲི། རྒྱ་གར་ན་ཆོས་ལུགས་ག་ཚོད་ཡོད་དམ། ཧིན་དྷུ་དང་ཁ་ཆེ་སིག་སོགས་ལྟ་གྲུབ་གཅིག་ཡིན་ནམ་ཐ་དད་ཡིན་། ཧིན་དྷུ་དང་སིག་བར་དུ་རྩོད་རྙོག། ཧིན་དྷུ་དང་ཁ་ཆེ་དབར་དུ་རྩོད་རྙོག་མེད་རེད་པས་མི་འདི་རྒྱ་གར་ལ་ཆ་རྒྱུས་ཡ་རྒྱུས་མེད་ཁོ་ཐག་རེད་། རྒྱ་གར་རྡོག་རྩ་གཅིག་བསྒྲིལ་འདི་མི་རིགས་ཀྱི་ལྟ་བ་དང་མི་རིགས་ཀྱི་ལར་ཞེན་ནི་ཡིན་ཐག་ཆོད་རེད་། རང་བཙན་འཐབ་རྩོད་པ་གྷན་དྷི་ཇི་ནང་པ་རེད་ཧིན་དྷུ་རེད་། གཅིག་གསུངས་དང་། ཞི་བདེའི་གཟེངས་རྟགས་བཞེས་མཁན་མང་པོ་ཆོས་ལུགས་པ་མ་རེད་ལ་ནང་པ་དེ་བས་མ་རེད་། འོན་ཀྱང་ཁོ་ཚོས་རྙོག་འཛིང་སྣེ་མང་རང་བཞིན་ཅན་དང་དཀའ་སྡུག་གི་ཀྱག་ཀྱོག་ལམ་བུ་བརྒྱུད་རང་གི་ཀླད་རྩའི་འཁོར་རྒྱུགསརང་བཞིན་ཅན་དེ་བེད་སྤྱད་ནས་ཞི་བདེ་དང་དྲང་བདེན་ལ་ཁ་ཕྱོགས་པར་བྱས་པ་ཞིག་ནི་བདེན་པ་རེད་དོ་།
མཁས་པ་བརྩད་ཀྱང་མ་དྲིས་ན།།དེ་ཡི་བར་དུ་གཏིང་མི་དཔོག།།ཅེས་པ་ལྟར་དྲང་ལྡོག་ཅི་རིགས་ཀྱི་སྒོ་ནས་བརྩད་ན་གསེར་གྱི་ངོ་བོ་ལྷང་ལ་འབུད་ངེས་རེད་མོད། ཡིན་ན་ཡང་སྐུ་ཉིད་ཀྱིས་གསེར་ཡོད་པ་བཞག་ནས་ར་གན་འཚོལ་བ་ངལ་བའི་རྒྱུ་མ་ཡིན་ནམ། འདི་ཁ་དོག་ལ་འཁྲུལ་བའི་སྐྱོན་དུ་འདུག གཅིག་དེ་རེད། འདས་བའི་དུས་རབས་ཉི་ཤུ་བའི་ནང་གཞན་གྱི་བདག་དབང་ཡོད་པའི་ས་ཆ་བཙན་འཕྲོག་དང་མི་གསོད་ཁྲག་སྦྱོར་བྱེད་མཁན་ཕལ་ཆེ་བ་ཆོས་མེད་སྨྲ་བ་ཚོ་རེད། དབང་ཆ་གཅིག་སྡུད་ཀྱི་འདོད་བློ་མེ་ལྟར་འབར་བའི་ཆོམ་རྐུན་པ་དག་རེད། གན་དྷི་མཆོག་གིས། སྡིག་པའི་རྩ་བ་ང་རྒྱལ་ཡིན།།ཆོས་ཀྱི་རྩ་བ་བྱམས་བརྩེ་ཡིན།།ཞེས་པ་ལྟར་བྱམས་བརྩེས་ཕོངས་བའི་མི་དག་རེད། ཨེ་གོ་ཐལ། གོ་ན་རྣ་བའི་བདུད་རྩི་ཡིན། །མ་གོ་གླུ་ལ་འབྲེལ་བ་མེད།། གྲྭ་བ་རེ་ཟུང་གི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཡོངས་ལ་སྡོམ་ཚིག་ཅིག་རྒྱག་པ་འདི་འབེན་མེད་མདའ་འཕེན་རེད། གར་ཕོག་ལ་ངེས་བ་མེད། གོམས་གཤིས་བཟང་པོ་ཟེར་བ་འདི་ཚུལ་མཐུན་གྱི་ལྟ་སྤྱོད་བཟང་པོ་ཞིག་ལ་གོ་གི་རེད། སྐྱ་སེར་ལ་དབྱེ་བ་མེད་པར་འགྲོ་བ་མིའི་ཚོགས་སྡེ་འདི་སྐྱོན་ཡོན་འདྲེས་མ་རེད་ལ་ཡིན་དགོས་ཀྱི་རེད། སྐྱོན་མེད་ན་ཡོན་ཏན་མེད། ཡོན་ཏན་མེད་ན་མིའི་འཚོ་བ་དོན་ཡོད་མིན། དགོན་པ་གྲྭ་ཚང་གི་སྒྲིག་ཁྲིམས་ཟེར་བ་ཡང་མིས་བཟོས་པ་རེད་ལ་མི་ཁྲིམས་ཀྱིས་བཟོ་གི་རེད། ཨེ་གོ བོད་ཀྱི་ཆོས་དང་རིག་གཞུང་གསོན་པོར་གནས་ཐུབ་མི་ཐུབ་ཀྱི་འགག་རྩའི་གཙོ་བོ་དགོན་སྡེ་ཁག་ལ་ཐུག་འདུག་པ་དང་བོད་དོན་ལས་འགུལ་ངར་ངར་ཤུག་ཤུག་གིས་སྤེལ་མཁན་གཙོ་བོ་ཡང་གྲྭ་བཙུན་ཚོ་རེད། ཡིན་ན་ཡང་ད་ལྟའི་གནས་སྐབས་སུ་ཆོས་སྲིད་ཟུང་འབྲེལ་གྱི་སྐད་ཆ་ནུས་མེད་ཆགས་ཚར་བ་དང་དགའ་ལྡན་ཕོ་བྲང་གི་སྲིད་དབང་མཇུག་བསྡུ་མཛད་ཚར་བ་དང་འབྲེལ་ཁྱེད་ཚོའི་ལག་པར་བསླེབས་པ་རེད། མ་འོངས་པའི་བརྒྱུད་རིམ་ནང་ལ་གཞོན་ནུ་ཚོས་འགན་ཅི་ཞིག་ཁུར་མིན་དང་གྲྭ་བས་ཆབ་སྲིད་ལ་ལག་པ་བསྐྱང་དགོས་མིན་དགོས་མཁོ་ལ་བརྟེན་ནས་ཡོང་གི་རེད། གོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་དམངས་ལ་ངོམ་རྒྱུ་ཞིག་ཡོད་པ་ཆོས་ལུགས་འདི་རེད། འདི་སྲུང་སྐྱོབ་བྱེད་པའི་འགན་ཁྱེད་རང་ལའང་ཡོད་པ་རེད། ཨེ་གོ་ཐལ།
འོ་ཡཱ། ད་རྩོད་པ་ཆོས་ཕྱོགས་སུ་ཞི་བར་བྱེད་། རེད་རེད་ཆོས་བྱེད་དགེ་འདུན་པ་ཚོས་རིག་གཞུང་མི་ཉམས་རྒྱུན་འཛིན་དང་བོད་དོན་ལས་འགུལ་སྔར་ལྷག་ངར་ངར་ཤུག་ཤག་སྤེལ་རྒྱུར་དགའ་བསུ་ཚད་མེད་ཞུ་ལ་སྔགས་བརྗོད་ཀྱང་ཡང་ཡང་ཞུ། འོན་ཀྱང་བོད་མི་རིགས་ཀྱི་ལྟ་བ་མ་བརྗེད་པ་གནང་ལ། ངེད་གཞོན་སྐྱེས་ཚོས་ཀྱང་ཕ་མེས་ཀྱི་བཀའ་དྲིན་དྲན་པའི་ངོས་ནས་མཆོག་གསུམ་ལ་དད་པ་རྣམ་གསུམ་དང་ནང་དོན་རིག་པ་ལ་ཅི་ནུས་ཀྱིས་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་བཅས། མདོར་ན་། ༧རྒྱལ་བའི་ཞབས་ཟུང་གསེར་གྱི་པད་མོའི་རྗེས་སུ་འབྲངས་ཏེ་ཞི་བདེའི་ས་བོན་འདེབས་བཞིན་དྲང་བདེན་གྱི་བ་དན་དཀར་པོ་དགུང་ལ་འཕྱར་ཏེ་རང་དབང་རྩོད་ལེན་བྱ།
ལུང་རྟོགས་ལགས།
ཐོས་པས་དོན་གནད་མི་རྟོགས་ཤིང་།
བསམ་པས་སྒྲོ་འདོགས་མ་བཅད་པར།
སྒོམ་པས་རྒྱུད་ལ་མི་སྦྱོར་འདི།
བོང་བུ་རྨིག་རྩེའི་རྟུལ་ཞུགས་ཡིན་།
ཕ་མེས་སྐད་ཡིག་འཁྱར་འཁྱོར་ཙམ།
དེང་དུས་ཤེས་ཡོན་མི་བརྩོན་ཞིང་།
མི་རིགས་ལྟ་བ་མེད་ལེ་འདི།
རིག་གཞུང་སྲུང་སྐྱོབ་གད་མོའི་གནས།