ཆབ་མདོ་ངག་ཕུན།
—————-
གྲོགས་པོ་ལགས།
སྐུ་ཉིད་ནད་གཞི་ཕྲན་བུ་དྲག་ཏུ་ཕྱིན་ནས་སྨན་ཁང་ནས་བཏང་བ་ཐོས་དུས་ཧ་ཅང་དགའ་བོ་བྱུང་།
རྒྱུ་མཚན་ནི་མི་ཡུལ་ལ་གྲོགས་མེད་ཁེར་རྐྱང་དུ་མལ་སར་ལྷག་ཅིང་།
ན་ཟུག་གི་དཀའ་ངལ་དང་།
དྲིན་ཅན་ཕ་མ་དང་ཁ་བྲལ་བའི་སྡུག་བསྔལ་སོགས།
ཁྱོད་ལ་དཀའ་སྡུག་ཅི་ཞིག་ཡོད་པར་རྟོགས་ཐུབ།
ན་ཟུག་མྱོང་ཐེངས་རེར།
བདེ་ཐང་སྐབས་ཀྱི་འགྲོ་འདུག་ཡིད་ལ་འཁོར་ཞིང་།
ད་གཟོད་གཞི་ནས་སྐྱིད་སྣང་ཤར་འོང་།
གྲོགས་མཆོག་ལགས།
ཕ་ཡུལ་གྱི་ཡུལ་ལྗོངས་དང་།
མདངས་གཙང་འབབ་པའི་གངས་ཆུ།
རི་གཟར་གྱི་རྦབ་ཆུ།
དེ་ལས་ཉམས་དགའ་ཞིང་མཛེས་སྡུག་ལྡན་པའི་རྩ་ཐང་སྟེང་ལ།
འབྲི་གཡག་གི་ངར་སྒྲ་སྒྲོག་ཅིང་།
སྤྲིན་གྱི་སྒྲ་དབྱངས་སྒྲོག་པ་བཞིན་རི་ལུང་འུར་གྱིས་རྒྱོང་འོང་།
སྤང་ཐང་ཡིད་འོང་ལྡན་པའི་སྟེང་ལ།
དྲོད་སྐྱིད་ལྡན་པའི་སྦྲག་གུར་འཕུག་ཅིང་།
སོས་དལ་དགའ་བའི་འབྲོག་པ་རྒན་པོས།
ལྕགས་གཞོང་ནང་དུ་འོ་མ་བསྐོལ་བས།
དྲི་ཞིམ་ས་ཕྱོགས་ཀུན་ཏུ་ཁྱབ་ཅིང་།
ཉམས་དགའ་བའི་རི་ལུང་གི་མཛེས་སྡུག།
ཡིད་ལ་འཁོར་ཞིང་ཧ་ཅང་འགྲོ་འདོད་སྐྱེ་འོང་།
གྲོགས་མཆོག་ལགས།
དེ་དག་ཡིད་ལ་འཁོར་དུས་ལས་དབང་ལ་འཁང་ཤོར་ཞིང་།
ལས་དབང་ནི་འདི་འདྲ་ཟློག་ཏུ་མེད་པ་རེད་སྙམ་སེམས་ཁམས་དྲག་ཏུ་འཕག།
ཁྱོད་ལུས་ལ་དཀའ་སྡུག་གང་འདྲ་མྱོང་གི་ཡོད་པར་རྟོགས་ཤིང་།
ང་ཡང་རྒྱུད་ལམ་དེ་དག་བརྒྱུད་ན་ཡོང་དགོས་བྱུང་མཁན་ཞིག་ཀྱང་ཡིན་པས་སོ།
གྲོགས་པོ་ལགས།
ད་ནི་འདས་ཟིན་པའི་གནས་ཚུལ་རྣམས་འདོར་ནས་གཟུགས་ལུས་རྙིང་པར་བསམ་བློ་གསར་པ་ཞིག་བཟུང་ནས་མི་ཚེ་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་ན་ལུས་སེམས་ལ་བདེ་སྐྱིད་ལོས་ཡོང་།
ད་ནས་བཟུང་སྟེ་སྐུ་ཉིད་བདེ་སྐྱིད་ལྡན་པ་འཚོ་བར་རོལ་རྒྱུ་ཡོང་བའི་རེ་བ་དང་ཡིད་ཆེས་སྨོན་ལམ་འདེབས་བཞིན་ཡོད།
གྲོགས་མཆོག་ལགས།
ང་ཚོ་ཚང་མ་སྐྱིད་པའི་ཕ་ཡུལ་ཁ་བྲལ་ནས་སྐད་དང་གོམས་གཤིས་མི་གཅིག་པའི་མི་རིགས་དཀྱིལ་ལ་འཚོ་བ་རོལ་དུས་ཕྱི་ནང་གང་ཐད་ལུས་སེམས་ལ་དཀའ་ངལ་ཡོད་པ་བརྗོད་ག་ལ་དགོས།
གྲོགས་མཆོག་ལགས།
འོན་ཀྱང་དཀའ་ངལ་དེ་དག་ལ་བག་ཁུམ་ནས་བསྡད་ན་ག་ལ་འགྲིགས།
གཏན་ནས་མི་འགྲིགས།
ང་ཚོ་ཚང་མ་འཇིག་རྟེན་འཚོ་དགོས་ལ།
ང་ཚོ་ཚང་མ་འཇིག་རྟེན་འདིར་གནས་ཐུབ་དགོས་ཤིང་།
ང་ཚོ་ཚང་མ་དཀའ་ངལ་ལ་གདོང་ལེན་གྱིས་ཕུགས་འདུན་གྱིས་ལམ་བཟང་སྐྲུན་དགོས་ལ།
མདུན་བསྐྱོད་བྱེད་པ་ལས་ཕྱིར་ལོག་གཏན་ནས་བྱེད་མི་རུང་།
ཕ་བཟང་གི་བུ།
ལྷ་རྗེས་ལམ་སྟོན་གང་གནང་ད་ནས་བཟུང་སྟེ་ཡིད་ལ་བཟུང་ཞིག།།
ཕན་མེད་ཀྱི་ཆར་རག་ནི་ང་ཚོ་དགྲ་བོ་ཡིན་ལ།
ང་ཚོའི་མི་ཚེ་འཕྲོག་ལྷག་གཏོང་མཁན་གཤེད་མ་དང་ཅི་མི་མཚུངས།
དེ་དག་ང་ཚོར་གཏན་ནས་མི་དགོས།
དུག་ངན་དེ་དག་སྤང་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་བསྐྱལ་རོགས་གནང་།
གྲོགས་མཆོག་ལགས།
འཇིག་རྟེན་གྱི་ཁམས་འདིར་ཉིན་གཅིག་ལས་བསྡད་རྒྱུ་མ་བྱུང་ཡང་མི་ཚེ་དོན་ལྡན་འཚོ་བ་རོལ་དང་།
མི་ཚེ་དོན་ལྡན་ཅིའི་ཕྱིར་མི་འགྱུར།
མ་འོངས་ཕུགས་འདུན་གྱི་ལམ་ཆེན་བཟང་པོར་མདུན་བསྐྱོད་ཐུབ་ངེས་སྙམ།
གྲོགས་མཆོག་ལགས།
ངས་སེམས་ཁོང་ནས་འཕྱུར་བའི་དྲང་གཏམ་ཡིན་ལ།
ཀུན་ལ་ཕན་པའི་སྙིང་གཏམ་ལྷད་མེད་ཀྱང་ཡིན།
ང་ནི་བསམ་བློ་རིག་པ་གང་ཡང་མིན་ལ།
དེ་ལས་ཀྱང་ཤེས་རིག་གི་ལོ་འདབ་རྒྱས་ཤིང་ནམ་འཕང་ཆོད་པ་ཞིག་ཀྱང་མིན།
ང་ནི་ལྟེ་ཁྲག་གངས་ལྗོངས་ལ་འཕོས་ཤིང་།
ལས་དབང་གི་མི་ཡུལ་འཁྱམས་འོང་བའི་ཤར་མཐའི་སྤྲང་འཁྱམས་པ་ཞིག་ཡིན།
དེ་རིང་ཙམ་ཞིག་བྱོས།
མགྱོགས་མྱུར་མཇལ་བར་སྨོན།
སྐུ་ཚེ་རིང་།
བརྟན་དུ་བདེ་བར་སྨོན།
ཞེས་པ་འདི་ནི་གྲོགས་པོ་གཅིག་ཆང་རག་རྐྱེན་པས་སྨན་ཁང་ལ་ལྷག་སྐབས་སེམས་གསོའི་ཆེད་དུ་བྲིས་ཤིང་དེ་རིང་ཕྲན་བུ་བཟོ་བཅོས་བྱས་ཡོད།
ངོ་མ་ཆང་རག་དང་ཐ་མག་བཟའ་རྒྱུ་ཡོད་བསམ་ནས་ཚད་མེད་པའི་ཟས་ནི་སོ་སོར་སྡུག་པོ་བྱིན་མཁན་དུག་རང་རེད། ཁྱེད་ཀྱི་གྲོགས་པོའི་གཙོས་ཚང་མས་ཟས་ཚོད་མེད་དང་ཤ་ཆང་རག་དང་ཐ་མག་སོགས་ལ་འཛེམས་ནས་སྡོད་ཚེ་རིང་དགའ་ཉམས་ངང་བཞུགས་རོགས།