མགལ་དུམ།
——-(སྟོང་ལོ་གསར་བར་རང་ཉིད་ཀྱིས་རང་ཉིད་ལ་གྲོས་བཏབ་པ།)
སྐར་མ་ཐག་ཐག་འདའ་བའི་སྔ་ཕྱི་ཙམ་ནས།།
ཉི་མ་ལོ་ལ་འབྱར་ཏེ་ཕར་ལ་ཆས་སོང་།།
དེའི་ལོར་འདི་ལོར་དྲན་པའི་སྐད་ཅིག་རེ་རེར། །
ང་ཚོ་ལ་ཁའི་ཉི་མའི་ཟླ་བོ་མིན་འགྲོ།།
དྭངས་པའི་མེ་ལོང་ངོས་ཀྱི་གཟུགས་པོ་དེ་ཉིད།།
ད་དུང་གཞོན་གཞོན་སྙམ་པའི་འཕྲུལ་སྣང་གདའ་མོད།།
ལོ་ཟླའི་གསེབ་ཏུ་ནུབ་པའི་འདས་དོན་རེ་རེ།།
རང་ཉིད་རྒས་ཤིང་རྒུད་པའི་དཔང་པོ་མིན་འགྲོ།
ཁ་སང་སང་ཉིན་འབོད་པའི་ཚིག་མཚམས་ཤིག་ལས།།
སྟོང་ལོ་ཕར་ལ་འདས་སྟེ་ཚུར་ལ་སླེབས་སོང་།།
ཐོབ་ཤོར་ཚད་ལ་འཇལ་པའི་དངན་པ་རེ་རེ།།
མི་ཚེ་དོན་མེད་ཟད་པའི་བློ་འགྱོད་མིན་འགྲོ།།
སྟོང་ལོ་གསར་དུ་ཚེས་པའི་སྐད་ཅིག་དེ་ལ།།
ལག་པ་བྲང་ལ་བཞག་ཏེ་ཞིབ་ཏུ་བསམ་བཞིན།།
འདི་ལོར་ཉིག་ཉིག་བྱ་བའི་བསྒྲགས་གཏམ་སྦྲན་པ།།
སང་ལོར་ཁག་གཡོགས་བྱ་སའི་ལུང་ཞིག་མིན་འགྲོ།
རང་ཉིད་ཡོད་ཚད་ཡིན་པའི་སྣང་བ་ཞིག་གིས།།
གཞན་སྐྱོན་ཕྲན་ཙམ་ཞིག་ལས་ཁ་ཕོད་བརྗོད་ཅིང་།།
རང་སྐྱོན་སྦས་བར་འབད་པའི་རྔུལ་ཆུ་བཙོག་པོ།།
ད་ནས་ཕྱི་བར་བརྩོན་ན་ཡག་པོ་མིན་འགྲོ།
རང་གིས་རང་ཉིད་སེམས་པའི་འདུ་ཤེས་དྲོན་མོ།།
སུ་དང་གང་ལ་ཡོད་པའི་ནོར་བུ་ཡིན་མོད།།
རིན་ཐང་གཞལ་བར་ནོར་བའི་ཉེན་ཁའི་ཟུར་ལ།།
ནམ་ཡང་གཟབ་པར་བྱས་ན་ལེགས་པོ་མིན་འགྲོ།།
༢༠༡༥-༡-༢ ཉིན།