དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ།
དེ་ལ་འདིར་གོ་ལོག་ཅེས་པ་ནི་ཕྱིན་ཅི་ལོག་ཏུ་སོང་པའི་དོན་དང་། གནས་ལུགས་དང་མི་མཐུན་ཞིང་ཡང་དག་པ་མ་ཡིན་པའི་དོན་ཡིན་ལ། མདོར་ན་ལམ་ལོག་ཏུ་སོང་བའི་དོན་ལ་གོ་དགོས།
དང་པོ་སྙིང་རྗེ་གོ་ལོག་ནི།
སྔར་རྗེ་བཙུན་མི་ལ་ལམ་ཁ་ཞིག་ཏུ་ཐད་ཀར་ཉལ་ནས་བཞུགས་ཡོད་པའི་ཚེ། ན་ཆུང་གཞོན་ནུ་མ་འགས་མཐོང་ནས་ཁོང་ཚོས་ལྟོས་དང་མི་སྡུག་པོ་འདི་འདྲ་ལ། སྙིང་རྗེ། འདི་འདྲའི་ལུས་སུ་ནམ་ཡང་མི་སྐྱེ་བར་ཤོག་ཟེར་ནས་སྨོན་ལམ་བཏབ་པ་དང་། རྗེ་བཙུན་གྱི་ཐུགས་ལ་སྙིང་རྗེ་ལྷག་པར་འཁྲུངས་སྟེ། ཉོན་མོངས་མ་རིག་པའི་དབང་གིས་ང་རྒྱལ་དང་སྙིང་རྗེ་གོ་ལོག་པ་ཁྱེད་ཚོ་ང་འདྲ་བར་སྨོན་ལམ་བཏབ་ཀྱང་སྐྱེ་བར་མི་འདུག་གསུངས་པ་ལྟ་བུ། དེ་ནི་སྙིང་རྗེ་སྐྱེ་སའི་ཡུལ་ནོར་ནས་སྙིང་རྗེ་གོ་ལོག་ཏུ་སོང་བའི་དབང་གིས་སྨོན་ལམ་གོ་ལོག་བཏབ་པ་རེད།
གཉིས་པ་དད་པ་གོ་ལོག་ནི།
སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་ན་ཡང་། རྨོངས་པའི་དབང་གིས་ཉོན་མོངས་དང་དུ་བླངས་ནས་རང་གི་བདེ་བ་དགྲ་ལྟར་འཇོམས་པ་ནི་བླང་དོར་གོ་ལོག་ཏུ་སོང་བའི་དབང་གིས་ཡིན་ལ། དེ་བཞིན་དུ་བཟོད་པ་གོ་ལོག སྙིང་རྗེ་ལོ་གོ་ལོག དད་པ་ལོ་གོ་ལོག དག་སྣང་གོ་ལོག འདུན་པ་གོ་ལོག དོན་གཉེར་གོ་ལོག ཡི་རང་གོ་ལོག་སོགས་གོ་ལོག་མང་པོ་ཡོད་པ་ལས། དད་པ་གོ་ལོག་དང་དག་སྣང་གོ་ལོག་གཉིས་ནི་ང་ཚོའི་སྤྱི་ཚོགས་ནང་རྒྱ་ཁྱབ་ཏུ་དར་ཏེ། དེ་གཉིས་ལ་ཡོན་ཏན་ཁྱད་པར་བ་ཞིག་ཏུ་རློམ་པའི་རྐྱེན་གྱིས་གནོད་པ་ཚབ་ཆེན་བཟོ་བཞིན་པ་མ་ཟད། བོད་ཕུང་བྱེད་ཀྱི་རྩ་བ་ལྟ་བུ་ཞིག་ཏུ་གྱུར་ཡོད།
དེ་འདྲའི་དད་པ་གོ་ལོག་དང་དག་སྣང་གོ་ལོག་བསྐྲུན་མཁན་འབྱུང་ཁུངས་ནི། ཆོས་ལ་སློབ་གཉེར་མ་བྱས་ཤིང་སངས་རྒྱས་པར་ཁས་འཆེ་བའི་གྲྭ་བ་དང་བླ་སྤྲུལ་གྱི་མིང་ཡོད་མཁན་དག་ནས་འབྱུང་བཞིན་ཡོད། དཔེར་ན། དགོན་པ་ག་གེ་མོའི་གྲྭ་བ་ཚོས་རྒྱ་ཡུལ་ནས་རྒྱ་རིགས་དད་ལྡན་ཚོར་ཆོས་བཤད་རྒྱག་ཁུལ་གྱིས་དངུལ་སྒོར་མང་པོ་མགོ་བསྐོར་གཏོང་གི་ཡོད་ཚུལ་བཤད་ཀྱི་ཡོད་མོད། དོན་དངོས་སུ་དངུལ་རག་ཡ་མང་ཉུང་གི་ཁྱད་པར་ཙམ་ལས་བོད་ཁུལ་གྱི་དད་ལྡན་མང་ཚོགས་ལ་ནང་ཆོས་ཀྱི་གོ་དོན་མ་ཤེས་པར་ཆོས་བཤད་ཁུལ་གྱིས་མགོ་སྐོར་གཏོང་སྟངས་གཉི་ཀ་གཅིག་མཚུངས་རེད། རྒྱུ་མཚན་ནི། བོད་ཁུལ་དུ་ཧང་སང་དགོས་པའི་གནད་དོན་ཞིག་ཡོད་པ་དེ་ཡིན། དེ་ནི་སློབ་གཉེར་མེད་པའི་དགོན་སྡེའི་གྲྭ་བ་དང་། དད་ལྡན་མང་ཚོགས་ཚོས་ཕྱག་མཆོད་སྐོར་གསུམ་བྱེད་ཤེས་པ་ལས་དཀོན་མཆོག་གསུམ་གྱི་གྲངས་ཀ་ཙམ་ཡང་རྒྱག་མི་ཤེས་མཁན་མང་དུ་བྱུང་བ་འདི་རེད། འདི་ནི་ནང་བ་ཡོངས་ཁ་སྐྱེངས། ངོ་གནོང་དགོས་པའི་གནས་ཤིག་ཡིན། ཡིད་མི་ཆེས་ན་ཞིབ་འཇུག་གནང་དང་གསལ་བོར་རྟོགས་ཐུབ། འདི་སུས་ལན་པ་རེད་ཟེར་ན། མགོ་ལ་བསྡད་མཁན་དགོན་པའི་གྲྭ་བ་དང་ལྷག་ཏུ་བླ་སྤྲུལ་གྱི་མིང་ཡོད་མཁན་ཚོའི་སྐྱོན་ཡིན་ལ། དད་ལྡན་མི་མང་གི་ལག་ནས་འབུལ་བ་ཚུར་ལེན་ཐབས་སུ། ཕར་ཕྱག་མདུད་དང་བྱིན་རླབས་རིལ་བུ། སྐུ་པར་གནང་བ་ཙམ་ལས་སློབ་གསོ་དང་ཆོས་ཀྱི་ངོ་སྤྲོད་སོགས་མེད་པས་རེད། དེ་ནི་ཤ་ཚ་དང་སྙིང་རྗེ་ཆུང་བའི་རྟགས་མཚན་གསལ་བོ་ཞིག་མ་ཡིན་ནམ། དད་ལྡན་མང་ཚོགས་ཀྱི་རྒྱུད་ལ་ནང་བའི་ཆོས་ཀྱི་ས་བོན་ཞིག་བསྐྲུན་ཐུབ་ན་ད་གཟོད་ཚེ་འདི་དང་ཕྱི་མ་ལ་ཕན་ཐོགས་པ་ལས་ཕྱག་མདུད་དང་བྱིན་རྟེན་ཙམ་གྱིས་ཚེ་འདི་ཕྱི་ལ་ཕན་ག་རེ་ཐོགས་རྒྱུ་རེད། ཕྱག་མདུད་དང་བྱིན་རྟེན་གནང་རྒྱུ་ནི་སྲོལ་རྒྱུན་ཡིན་པས་མུ་མཐུད་གནང་ན་མི་འགྲིག་པ་མེད་ཀྱང་། དད་ལྡན་མི་མང་ལ་ནང་ཆོས་ཀྱི་ས་བོན་ཞིག་རྒྱུད་ལ་བསྐྲུན་རྒྱུའི་ཆེད་དུ་སློབ་གསོ་དང་ཆོས་ཀྱི་ངོ་སྤྲོད་གནང་རྒྱུ་ནི་ཧ་ཅང་གལ་ཆེ་བར་བརྟེན། རེ་བ་དང་འབོད་སྐུལ་གྱི་ཁ་ཆེམས་འདི་རླུང་ལ་མ་བསྐུར་ཐབས་མེད་བྱུང་།
དད་ལྡན་ཚོས་སྐྱབས་འཇུག་ཞུ་ས་དང་ཐོད་པ་གཏུགས་ས་ནི་བླ་སྤྲུལ་དང་། དགེ་འདུན་པ་ཡིན་ཀྱང་། ཁོང་ཚོས་མི་དམངས་བྱིངས་ཀྱི་གནས་སྟངས་ལ་བསམ་གཞིག་རྩ་བ་ནས་མ་གནང་བའི་སྐྱོན་ཆེན་པོ་ཞིག་འདུག་པས་འདིར་མི་མང་གི་གནས་སྟངས་དཔེར་མཚོན་ཙམ་ཞིག་ཞུ་ན། དེ་ཡང་སྡེ་བ་ག་གེ་མོར་བླ་སྤྲུལ་ག་གེ་མོ་ཞིག་གིས་ཇ་བཞེས་གནང་རྒྱུ་ཡིན་ཟེར་ནས་གསལ་བསྒྲགས་གནང་སྐབས། རྒན་རྒོན་ནང་ནས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁྱིམ་ནང་སྤྲུལ་སྐུའི་ཞབས་རྗེས་ཕབ་ན་རྐྱེན་ངན་བར་ཆད་ཐམས་ཅད་བཟློག་རྒྱུ་རེད་ཟེར་མཁན་འདུག་ཀྱང་། གཞོན་པ་ཚོས་ནང་ནས་གཅིག་གིས་ཇ་བཞེས་གཉིས་ཀྱིས་ཇ་བཞེས། ཁོང་ཚོས་ག་རེ་ཁ་གསོ་ཐུབ་ཀྱི་མེད་པ་རེད། ང་ཚོར་དཀའ་ཁག་འདུག ཕྲུ་གུ་ཚོར་སློབ་གྲྭ་འགྲོ་ཡ་ལ་འགྲོ་སོང་དང་། ཁྱིམ་ཚང་རང་ལ་འགྲོ་སོང་། ཁང་པ་བཟོ་བཅོས། སྨན་ཁང་གི་འགྲོ་སོང་བཅས་གཏོང་དགོས། ས་ལས་རྡོ་ལས་ཀྱི་ཞོར་ལས་ལ་སོང་ན་ཉིན་གང་སྒོར་༡༢༠ ཙམ་ལས་མི་རག་པ་སོགས་སྡུག་སྐད་ཆེན་པོ་འབྱིན་གྱི་འདུག ངེད་སྡེ་བའི་སྡེ་དཔོན་སོགས་ཀྱིས་མ་མཐར་འབྲུ་རིགས་རྒྱ་མ་ལྔ་བཅུ་དང་སྒོར་༡༠༠ རེ་ཕུལ་རོགས། དེའི་སྒང་ལ་རང་རང་གི་དཔལ་འབྱོར་གྱི་གནས་བབ་དང་བསྟུན་ནས་ཕུལ་ཆོག་ཅེས་བཤད་པར། ཁྱིམ་ཚང་གཞན་པ་ཚང་མས་མ་མཐར་སྒོར་ལྔ་བརྒྱ་དང་འབྲུ་རིགས་རྒྱ་མ་༡༠༠རེ་ཕུལ་བཞིན་པས་ངེད་ཀྱང་དེ་ལྟར་ཕུལ་མ་ཐུབ་ན་ངོ་ཚ་དང་གཞན་གྱིས་འཕྱ་སྨོད་བྱེད་ཀྱི་རེད་ཅེས་ཟེར། མང་ཚོགས་ཀྱིས་དེ་ལྟར་བསམ་དགོས་པའི་རྒྱུ་མཚན་ནི། ཇ་བཞེས་སྐབས་དཔལ་འབྱོར་ཅུང་བཟང་བ་ཚོས་ཕུལ་བའི་འབུལ་བ་དང་སྒོར་མོའི་གྲངས་ཀ་ཀུན་ལ་ཁྱབ་བསྒྲགས་ཤུགས་ཆེར་བྱས་པས་དཔལ་འབྱོར་ཅུང་ཞན་པ་དང་དབུལ་པོ་ཚོར་འདུག་མི་བཟོད་པ་ལྟ་བུ་ཆགས་ཡོད་འདུག
ཡང་བླ་སྤྲུལ་ག་གེ་མོ་ཞིག་གིས་སྡེ་བའི་སྡེ་དཔོན་ལ་ད་ལོ་ཇ་བཞེས་གནང་རྒྱུ་ཡིན་ཚུལ་བཤད་པར། སྡེ་དཔོན་གྱིས་ད་ལོ་སྡེ་བར་དཀའ་ཁག་ཆེ་ཚུལ་སོགས་རྒྱུ་མཚན་བཤད་ནས་སང་ལོ་ཞིག་ལ་ཇ་བཞེས་གནང་ན་ལེགས་ཚུལ་ཞུས་པར་བླ་སྤྲུལ་དེས་ཞེ་སྡང་དང་ཁོང་ཁྲོ་ཆེན་པོ་ལངས་པ་མི་མང་ནང་ཡོངས་གྲགས་སུ་བཤད་ཀྱི་འདུག
ཡང་སྡེ་བ་ག་གེ་མོ་ཞིག་གི་བླ་སྤྲུལ་གྱིས་དགོན་པར་ཚོགས་གཏོང་བའི་ཆེད་དུ་སྡེ་བར་འབོད་སྐུལ་བྱས་ནས་དཔལ་འབྱོར་འདུ་འགོད་ཆེད་ཁྱབ་བསྒྲགས་ཤུགས་ཆེར་བྱས་པའི་དབང་གིས་དཔལ་འབྱོར་ཞན་པའི་ཁྱིམ་ཚང་ཚོས་ཀྱང་དམངས་སྒོར་ཁྲི་འགའ་རེ་ཁས་བླངས་པ་དང་། མི་ཚང་ཞིག་གིས་རང་ལ་སྒོར་ཁྲི་གཉིས་མེད་བཞིན་དུ་སྒོར་ཁྲི་གཉིས་ཁས་ལེན་བྱས། མཐའ་མ་གཞན་ལག་ནས་བུན་སྐྱེད་ཆེན་པོའི་ཐོག་གཡར་ནས་སྒོར་ཁྲི་གཉིས་ཕུལ་ཐབས་བྱས་པར་ལོ་ངོ་དྲུག་ཙམ་འགོར་རྗེས་སྒོར་ཁྲི་གཉིས་ཀྱི་སྐྱེད་ཀ་དང་དེའི་སྐྱེད་ཀ་ལ་ཡང་སྐྱེད་ཀ་བབས་ནས་སྒོར་ཁྲི་བཅུ་གཉིས་ཀྱི་བུ་ལོན་ཆགས་པས་ཁྱིམ་ཚང་ནང་བཟའ་འཁོན་དང་། རྙོག་དྲ་ཆེན་པོ་བྱུང་སྟེ་དཀའ་ཁག་ཆེན་པོས་སྡུག་སྐད་འབྱིན་བཞིན་པ་སྡེ་བ་དེའི་མི་ཕལ་ཆེ་བས་ཤེས་ཡོད།
ཡང་དགོན་པ་ག་གེ་མོ་ཞིག་གིས་འདུ་ཁང་གསར་བཞེངས་ཆེད་ཞལ་འདེབས་བསྡུ་སློང་ཆེད་ཁས་ལེན་བྱེད་དུ་བཅུག ཞལ་འདེབས་མཐོ་བོ་སྤྲོད་མཁན་ལ་མང་ཚོགས་དཀྱིལ་ནས་བསྟོད་བསྔགས་དང་། ཁ་བཏགས་འཐེན་པ། དགའ་རྟགས་དང་དྲན་རྟེན་གྱི་འཛིན་བྱང་ཕུལ་བ་སོགས་ཀྱིས་གཞན་རྣམས་ངར་ཤུགས་སློང་བའི་ཐབས་ཇུས་ཀྱི་བྱ་སྤྱོད་སྤེལ་བས། གཅིག་རྗེས་གཉིས་མཐུད་ཀྱིས་ཁྱིམ་ཚང་རེ་རེ་ནས་འགྲན་རྩོད་ཀྱི་རྣམ་པའི་སྒོ་ནས་དེ་མ་ཐག་སྡེ་བ་ཆུང་ཆུང་ཞིག་ལས་མེད་ཀྱང་དམངས་སྒོར་ཁྲི་དྲུག་བརྒྱ་ལྷག་འདུས། དེ་ནས་ཚོགས་ཁང་ལེགས་པར་བཞེངས་གྲུབ་རྗེས་ད་དུང་སྒོར་ལྷག་མ་ཡོད་མོད། འོན་ཀྱང་ཁྱིམ་ཚང་ཁ་ཤས་ཀྱིས་དཔལ་འབྱོར་གྱི་དཀའ་ཁག་ལ་བརྟེན་ནས་སྔར་ཁས་བླངས་པ་ཕུལ་མ་ཐུབ་པར་བརྟེན། དགོན་པ་དེའི་གྲྭ་བ་རྣམས་ཡོང་ནས་ཁས་བླངས་པའི་སྒོར་རྣམས་དགོན་པར་ངེས་པར་དུ་ཕུལ་དགོས་ཚུལ་དང་། གལ་སྲིད་མ་ཕུལ་ན་མི་ཤི་བ་དང་ནད་མནར་སོགས་ཀྱི་སྐབས་སུ་དགོན་པའི་གྲྭ་བ་རྣམས་ཁྱིམ་དེ་དག་ལ་ཕེབས་རྒྱུ་མིན་པ་དང་། དགོན་པ་དང་འབྲེལ་བ་གཅོད་ཀྱི་ཡིན་ཚུལ་གྱི་འཇིགས་སྐུལ་བྱས་པ་སོགས་ནང་བའི་ཆོས་དང་འགལ་བའི་བྱ་སྤྱོད་སེམས་ལ་དྲན་མ་ཐུབ་པ་དང་། ཁར་འདོན་མི་ཐུབ་པའི་རང་མཚང་ཤིན་ཏུ་མང་ངོ།། སངས་རྒྱས་ཆོས་ཀྱི་རྩ་བ་ནི་གཞན་ཕན་སྙིང་རྗེ་ཡིན་ལ། ལྷག་ཏུ་སེམས་ཅན་དཀའ་ངལ་ཡོད་པ་དག་ལ་ཤིན་ཏུ་སྙིང་བརྩེ་དགོས་པ་སྤྱོད་འཇུག་དང་། ལམ་རིམ་སོགས་སུ་སྒྲུབ་བྱེད་ཀྱི་ལུང་དང་རྒྱུ་མཚན་གསལ་བོར་གསུངས་ཡོད།
སྤྱིར་ཞལ་འདེབས་འབུལ་མ་འབུལ་རང་དབང་ཡིན་ཀྱང་ཁོ་བ་ཚོས་ཞལ་འདེབས་སོགས་བསྡུ་རྒྱུའི་འཕྲུལ་ཐབས་ལ་བརྟེན་ནས་སློབ་སྦྱོང་མེད་པའི་དད་ལྡན་མི་མང་ཉམ་ཆུང་རྣམས་རང་དབང་མེད་པར་བཟོ་བཞིན་པ་འདི་གནད་དོན་གྱི་འགག་རྩ་ཡིན།
ལྷ་སྡེ་མི་སྡེ་རྣམས་ཀྱི་རེ་བ་རྒྱག་ས་དང་སྐྱབས་འཇུག་ཞུ་ས་དགོན་པ་དང་བླ་སྤྲུལ་ཁག་ཡིན་པ་ནི། མི་རབས་ནས་མི་རབས་བརྒྱུད་ནས་ཡོང་བའི་གོམས་གཤིས་དང་ལུགས་སྲོལ་ཡིན་པས་ཞལ་འདེབས་དང་མཆོད་འབུལ་སོགས་བྱས་ན་འགྲིག་མོད། དད་ལྡན་མང་ཚོགས་ཀྱི་ཞལ་འདེབས་དང་འབུལ་བ་བླངས་ནས་དེའི་ལན་ལ་ཁོང་ཚོར་ཕན་པ་ཞིག་བསྐྲུན་དགོས་པ་དང་། མདོར་ན་སངས་རྒྱས་ཆོས་ཀྱི་ས་བོན་ཙམ་ཞིག་རྒྱུད་ལ་བསྐྲུན་པ་ཞིག་ངེས་པར་དུ་དགོས། བོད་ནང་གི་དད་ལྡན་མང་ཚོགས་ནང་དཀོན་མཆོག་གསུམ་གྱི་གྲངས་ཀ་ཙམ་ཡང་མི་ཤེས་མཁན་མང་དུ་ཡོད་པ་དང་། སློབ་གཉེར་མེད་པའི་དགོན་སྡེའི་གྲྭ་བའི་ནང་ན་ཡང་མང་པོ་འདུག དེའི་འགན་ཁག་གཙོ་བོ་ནི་བླ་སྤྲུལ་དང་གྲྭ་བ་ཚོར་ཡོད་པ་དང་། ལས་འགན་དེ་སྒྲུབ་དགོས་ན་ཐོག་དང་པོ་རང་ཉིད་སློབ་སྦྱོང་ཡག་པོ་ཞིག་གནང་དགོས། གལ་སྲིད་རང་ཉིད་ལ་སློབ་སྦྱོང་མེད་ན་སློབ་གཉེར་བྱེད་སའི་ཁོར་ཡུག་བསྐྲུན་དགོས་པ་ལས། ཆོས་ཀྱི་དོན་མ་ཤེས་པར་ཁྲི་མཐོན་པོར་བསྡད་ནས་ཆོས་བཤད་རྒྱག་ཁུལ་བྱས་པའི་རྐྱེན་གྱིས་ད་ལྟའི་གནས་སྟངས་འདི་ཆགས་པ་རེད། དཔེར་ན། སྔོན་བླ་སྤྲུལ་ཞིག་གིས་མི་མང་ཚོར་ཆོས་བཤད་བྱས་ནས་དཀོན་མཆོག་ལ་སྐྱབས་སུ་འགྲོ་དགོས་པ་དང་། དད་པ་བྱེད་དགོས་ཚུལ། འཁོར་བ་ལ་སྙིང་བོ་མེད་པ། མི་རྟག་པ་བཅས་ཀྱི་ཆོས་བཤད་བྱས། དེ་ནས་ཆོས་ཉན་མཁན་ཞིག་གིས་ཡར་ལངས་ནས་དཀོན་མཆོག་གང་འདྲ་ཞིག་ཡོད་མེད་དྲི་བ་ཞུས་པར། ཆོས་བཤད་རྒྱག་མཁན་དེས་མཛུབ་མོ་གནམ་ལ་ཀེར་ནས་ནམ་མཁའི་མི་མངོན་པའི་དབྱིངས་ན། ཤེལ་གྱི་ཁང་བའི་ནང་ལ་འོད་སེར་ལེ་བཞུགས་ཡོད་པ་རེད་ཅེས་ལན་བཏབ་པ་རེད། དཀོན་མཆོག་གསུམ་གྱི་ངོ་བོ་ཙམ་ཡང་མ་ཤེས་པར་བཤད་པ་དེ་ལྟར་བྱས་པ་ནི་ཆོས་བཤད་གོ་ལོག་ཡིན་ལ། དཀོན་མཆོག་ནི་དེ་འདྲ་ཞིག་ཏུ་བསམ་ནས་དད་པ་བྱེད་ན་དད་པ་གོ་ལོག་རེད། དེ་ལྟར་དད་པ་བྱེད་པ་ནི་ཁ་ཆེ་དང་ཡེ་ཤུའི་ཆོས་ལུགས་པས་དཀོན་མཆོག་ལ་དད་པ་བྱེད་པ་དང་གཅིག་མཚུངས་ཡིན། མཚམས་འདི་ནས། གང་ཞིག་མོས་པ་གཙོར་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་དང་། དད་པ་ཡོད་ན་ཁྱི་སོ་ལས་ཀྱང་རང་བསྲེལ་འབྱུང་བའི་ལོ་རྒྱུས་བཤད་ནས་རྩོད་པ་བྱེད་སྲིད་ཀྱང་། དེ་ནི་དཀོན་མཆོག་གི་ངོ་བོ་ཤེས་ནས་དད་པ་བྱེད་ན་ཕན་ཡོན་དེ་ལྟར་འབྱུང་བ་ལས་ངོ་བོ་ཙམ་ཡང་མ་ཤེས་པར་མུན་ནག་ནང་དད་པ་བྱེད་ཚུལ་ནི་འཇིག་རྟེན་བྱེད་པོར་དད་པ་བྱེད་པ་དང་འདྲ། དད་ཡུལ་ངོས་བཟུང་ནས་དད་དགོས་པ་ལས། འབེན་མ་མཐོང་བར་མདའ་བརྒྱབ་ན་འབེན་ལ་ཕོག་མི་སྲིད་པ་བཞིན་ཡིན་ནོ།།
བོད་ཁུལ་གྱི་སློབ་གཉེར་མེད་པའི་དགོན་སྡེའི་གྲྭ་བ་དང་དད་ལྡན་ཕལ་ཆེ་བས་དཀོན་མཆོག་གསུམ་གྱི་ངོ་བོ་ཤེས་རྒྱུ་ཕར་ཞོག གྲངས་ཀ་ཙམ་ཡང་བགྲང་མི་ཤེས་པ་ནི་བོད་ཀྱི་ནང་བའི་ཞབས་འདྲེན་དང་ངོ་ཚ་ཡིན་ལ། དེ་ནི་བླ་སྤྲུལ་ཚོས་དད་ལྡན་མི་མང་ལག་ནས་འབུལ་བ་བླངས་སྟེ་དེའི་ལན་ལ་ཕྱག་མདུད་དང་། བྱིན་རྟེན། སྐུ་པར་གནང་བ་ཙམ་ལས་མེད་པའི་མཇུག་འབྲས་རེད།
གསུམ་པ་དག་སྣང་གོ་ལོག
དག་སྣང་གོ་ལོག་འདིས་ཀྱང་ང་ཚོ་ཕུང་ལ་སྦྱོར་བཞིན་ཡོད། དཔེར་ན། སྔར་རི་ཁྲོད་དུ་ལོ་སུམ་ཅུ་ཙམ་སྒོམ་ཉམས་ལེན་གནང་མཁན་དགེ་བཤེས་རྒན་པ་ཞིག་དགུང་ལོ་མཐོ་བོ་སླེབས་དུས་དགོན་པར་ཕེབས་ནས་བཞུགས། ཁོང་གི་ཞབས་ཞུ་བ་གྲྭ་བ་དེ་ནི་ཁོང་ལ་དད་པ་ཧ་ཅང་ཆེ་བ་མ་ཟད། རྒན་ཁོང་གིས་ག་རེ་གནང་ཡང་ཆོས་ཉམས་ལེན་བྱེད་ཀྱི་ཡོད་པར་ལྟ་མཁན་ཞིག་ཡིན། ཉིན་ཞིག་རྒན་ཁོང་ལ་སྙུང་གཞི་ལྕི་མོ་ཞིག་ཕོག་ནས་མལ་སར་ལྷུང་། བཞེས་ལག་ཡང་མ་བཞེས་པར་ཉིན་མཚན་གཉི་ག་ཉལ་ནས་བཞུགས། དེ་དུས་གྲྭ་བ་གཞན་ཞིག་གིས་རྒན་ཁོང་ཉིན་མཚན་ཉལ་ནས་བཞུགས་ཡོད་པ་ལ་ལྟོས་ན་སྙུང་བཞིན་ཡོད་ས་རེད། སྨན་པ་བསྟེན་ན་ཞེས་རེ་བ་བཏོན་སྐབས། ཞབས་ཞུ་བ་དེས་རྒན་ཁོང་གིས་གཉིད་ཉམས་ལེན་(གཉིད་ཀྱི་འོད་གསལ་སྐྱོང་བ)བྱེད་ཀྱི་ཡོད་པ་རེད་ཅེས་ལན་བཏབ་ནས་ཁ་བཀག དེ་ནས་ཉིན་ཁ་ཤས་རྗེས་སྙུང་གཞི་ཇེ་སྡུག་ཏུ་སོང་སྟེ་དགོངས་པ་རྫོགས་རྒྱུའི་ཉེར་ཁར་སླེབས་རྗེས་ཛ་དྲག་ངང་སྨན་ཁང་དུ་བསྐྱལ་བ་རེད། དེ་དུས་སྨན་པས་ཞབས་ཞུ་བ་དེ་ལ་སྨན་ཁང་དུ་ཡོང་བ་འཕྱི་དྲག་པ་དང་ཉིན་ཤས་སྔོན་ནས་ཡོང་ན་ཉེན་ཁ་འདི་འདྲ་མེད་པ་སོགས་ཀྱི་བཀའ་བཀྱོན་དྲག་པོ་གནང་། འདི་ནི་དག་སྣང་གོ་ལོག་ལས་བྱུང་བའི་འབྲས་བུ་ཞིག་རེད། ཆོས་ཀྱི་སློབ་དཔོན་དང་དགེ་བའི་བཤེས་གཉེན་མཆོག་སངས་རྒྱས་དངོས་ལྟར་བཀུར་སྟིའི་ཞིང་དུ་གཟུང་དགོས་ཀྱང་། སྙུང་གཞི་དང་བཀྲེས་ལྟོགས་ཡོད་པ་སོགས་ཁས་ལེན་དགོས་ལ། དཔེ་དེ་བཞིན་དུ་དག་སྣང་གོ་ལོག་འདིས་བླ་ཆེན་མང་པོ་ཞིག་གི་སྤྲུལ་སྐུ་ཆུང་ཆུང་མང་པོ་ཞིག་འཕྲོ་བརླག་ལ་བཏང་དང་གཏོང་བཞིན་པ་མ་ཟད། སྤྲུལ་སྐུ་མང་པོ་ཞིག་གིས་སློབ་གཉེར་མི་བྱེད་པ་ཡང་འདིས་བཟོ་བཞིན་ཡོད། སྤྲུལ་སྐུ་ལམ་ལུགས་མི་དགོས་ཟེར་ནས་དགག་པ་མང་པོ་ཡོང་བ་ཡང་འདིས་བཟོས་པ་རེད། དེ་ཡང་ཡུལ་ལུང་གང་ཞིག་གི་བླ་ཆེན་ཞིག་དགོངས་པ་རྫོགས་རྗེས་དེའི་ཡང་སྲིད་རྩད་གཅོད་བྱེད་པའི་ལམ་ལུགས་དར་ནས་ལོ་ངོ་བརྒྱ་ཕྲག་འགའ་ཕྱིན་ཡོད་པ་དང་། ཡང་སྲིད་རྩད་གཅོད་བྱེད་པའི་ཐོག་མའི་ཀུན་སློང་དང་། སྐུ་གོང་མའི་ཡང་སྲིད་དངོས་ཡིན་མིན་ནི་ཤིན་ཏུ་ལྐོག་གྱུར་གྱི་གནས་ཡིན་པས་སུས་ཀྱང་ཐག་གཅོད་བྱེད་དཀའ། དེ་ནི་དེ་ཙམ་གནད་འགག་ཆེ་བ་ཞིག་མིན་མོད། གནད་དོན་ནི་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་བའི་ཕྲུ་གུ་ཆུང་ཆུང་ཚོར་བདག་སྐྱོང་དང་སློབ་སྦྱོང་སྤྲོད་སྟངས་མ་ནོར་བ་ཞིག་བྱ་རྒྱུ་དེ་ཡིན། སྐུ་གོང་མའི་ཡང་སྲིད་དངོས་མིན་པར་དེའི་ཚབ་ལ་སྤྱིར་སྟངས་ཀྱི་ཕྲུ་གུ་ཆུང་ཆུང་ཞིག་ཡིན་ཀྱང་བདག་སྐྱོང་དང་སློབ་སྦྱོང་སྤྲོད་སྟངས་མ་ནོར་བ་ཞིག་བྱ་ཐུབ་ན་དཔག་བསམ་གྱི་ལྗོན་པ་ཇི་བཞིན་སྐྱེ་བོ་འབུམ་ཕྲག་མང་པོ་ལ་ཕན་ཐོགས་མཁན་གྱི་རིན་པོ་ཆེ་ལྟ་བུ་ཞིག་ཡོང་ཐུབ་པ་ཆོས་ཉིད་ཡིན། དེ་ནི་དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་ཞེས་གསུངས་པའི་ནོར་བུ་ལས་ལྷག་ཚུལ་ཐོག་ལ་བསམ་བློ་བཏང་ན་ཤེས་ཐུབ། འོན་ཀྱང་སྤྲུལ་སྐུའི་དགེ་རྒན་ཡིན་ཟེར་མཁན་དང་། ཕྱག་མཛོད་དང་གཉེར་བ་ཡིན་ཟེར་མཁན་དག་གིས་བླ་བྲང་ནང་ལ་གོ་ས་དང་ཁེ་ཕན་ཞིག་ཨེ་རག་བསམ་བཞིན་འཚངས། དེ་ནས་རང་ཉིད་ལ་སྤྲུལ་སྐུ་ཆུང་ཆུང་བདག་སྐྱོང་གི་ནུས་པ་དང་སློབ་སྦྱོང་མེད་པའི་ཁར་དགེ་རྒན་གཞན་བསྟེན་རྒྱུ་བཀག་འགོག་དང་། ད་དུང་དག་སྣང་གོ་ལོག་གིས་སྐུ་གོང་མ་དངོས་ཡིན་བསམ་ནས་གུས་གུས་ཞུམ་ཞུམ་བྱེད་ཁུལ་བྱས། མཐའ་མ་བྱིས་པ་ཆུང་ཆུང་དེ་ལ་སློབ་སྦྱོང་གང་ཡང་མ་རག སྤྲུལ་སྐུ་རང་ཉིད་ཀྱང་ང་ནི་ཞེ་དྲག་རྩ་ཆེན་པོ་ཞིག་ཡིན་ས་རེད་བསམ་ནས་ང་རྒྱལ་གྱིས་ཁེངས། གང་དྲན་ལག་ཏུ་བླངས་ནས་མཐར་འཕྲོ་བརླག་ལ་ཕྱིན་རྗེས། བླ་བྲང་ནང་གི་སྤྲུལ་སྐུ་འཕྲོ་བརླག་ཏུ་གཏོང་མཁན་ཚོས་དད་ལྡན་མི་མང་གིས་བསོད་ནམས་ཀྱིས་མ་ཐེག་པ་དང་ལས་ངན་པ་བསགས་པའི་དབང་གིས་བྱུང་བ་རེད་ཟེར་ནས་རང་སྐྱོན་འགེབས་སྟེ་གཞན་མགོར་གཡོག་པའི་བྱ་སྤྱོད་འདི་ཇི་འདྲའི་ཐབས་སྡུག་ཅིག་མ་རེད་དམ། དཔེར་ན། རིན་ཐང་བྲལ་བའི་རིན་པོ་ཆེའི་བུམ་པ་ཞིག་བཅག་ནས་གཞན་གྱིས་བཅག་སོང་ཟེར་བ་དང་གཅིག་པ་མ་ཡིན་ནམ། མང་ཚོགས་ཀྱིས་ཀྱང་ལག་ཐལ་མོ་སྦྱར་ཏེ་ང་ཚོས་ལས་ངན་བསགས་པའི་རྐྱེན་ལས་བྱུང་བ་མ་གཏོགས་སྤྲུལ་སྐུ་ཁོང་ལ་སྐྱོན་གང་ཡང་མེད་བསམ་ནས་དད་པ་གོ་ལོག་དང་དག་སྣང་གོ་ལོག་གིས་གཅིག་གྲོགས་གཅིག་གིས་མི་རབས་མང་པོར་བོད་ཕོངས་སུ་འཇུག་པ་དང་རྨོངས་དད་ཀྱི་རི་བོ་ཆེན་པོ་དེ་མཐོ་ནས་མཐོ་རུ་བཏང་ཡོད་དོ། །
ཅེས་རང་ཉིད་ལ་རྩོམ་ཡིག་འབྲི་རྒྱུའི་ཁྱད་ཆོས་དང་ཤེས་ཡོན་སོགས་གང་ཡང་མེད་ཀྱང་། ནང་གི་སེམས་ཚོར་ཕྱིར་མངོན་པ་ཙམ་ལ་འབྲེལ་ཡོད་མང་པོས་སྤྱི་ཚོགས་ནང་ཕན་ཐོགས་ཡོད་ཚུལ་དང་། མུ་མཐུད་འབྲི་དགོས་ལུགས་ཀྱི་སྐུལ་མ་ཤུགས་ཆེར་གནང་བ་ངོ་མ་ལྡོག་ཙམ་དུ་ཡི་གེ་འདི་བྲིས་པ་ཡིན་པས། སྤྱི་སྒེར་གང་རུང་ལ་ཕོག་ཐུག་འགྲོ་གཞིའི་རིགས་དང་ནོར་འཛོལ་འདྲ་ཡོད་ན་བཟོད་གསོལ་དང་སྙིང་ནས་དགོངས་འགལ་མེད་པ་ཞུ། ཞེས་དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་༢༠༡༩ཟླ་༦་ཚེས་༤ལ།
རྒན་དམ་པས་སྤྱི་ཚོགས་ཀྱི་སྟོང་ཆ་གང་མང་གླེང་འདུག བཀའ་དྲིན་ཆེ། བོད་ནང་གི་དྲ་བའི་ངོས་སུ་གཏོང་ཐུབ་ན་བཟང་།
མི་མང་ཕྱག་མདུད་དང་བུམ་ཆུ་ཙམ་གྱིས་ཚིམ་པ་འདི་ཙམ་ཡང་ད་དུང་བསྟན་པའི་ས་བོན་གནས་རྟགས་ལགས། རྒྱ་ཁ་ཆེ་དང་ཡེ་ཤུ་བ་ཚོར་བོད་པའི་བླ་མའི་ཕྱག་མདུད་དང་བུམ་ཆུ་མི་དགོས་པ་ནི་ཁོ་ཚོའི་མི་ཚེའི་འདིའི་ནང་སངས་རྒྱས་ཀྱི་བསྟན་པར་འབྲེལ་བ་འཇོག་པའི་སྐལ་བ་མེད་སོང་བ་རེད།
ཀླུ་སྨྱོན་བདེན་པ་རེད། དེང་སང་ཚང་མས་ཞིབ་འཇུག་དང་བརྟག་དཔྱད་བྱེད་དགོས་རེད་ཟེར་ནས་གཅིག་རྗེས་གཉིས་འཐུད་ནས་བཤད་ཡོང་གི་འདུག ག་ལེར་ག་ལེར་རྣམ་དཔྱོད་ཀྱི་བློ་གྲོས་དེ་ཡང་མེད། ཽ་རྒྱུད་བུ་རྒྱུད་ནས་ཡོང་བའི་དད་གུས་དེ་ཡང་མེད། གང་ལྟར་ཉིན་གཅིག་བོད་མི་རིགས་འདི་དག་གི་རྒྱུད་ལ་དད་གུས་ཀྱི་ས་བོན་ཙམ་ཀྱང་མེད་པར་འགྲོ་ས་རེད། དད་པ་ཅན་ལ་ཁྱི་སོར་རིང་བསྲེལ་འཁྲུངས་ཟེར་བ་རེད། དད་པ་མེད་ན་ལམ་གྱི་གཞི་རྩ་མེད་པར་ཆགས་པ་རེད། བརྟག་དཔྱད་དང་ཞིབ་འཇུག་ག་ཚད་བྱས་པ་ཙམ་གྱིས་བློ་རྣམ་རྟོག་ཐེ་ཚོམ་མང་དུ་མང་དུ་འགྲོ་གི་རེད།
སངས་རྒྱས་ཀྱིས་ཀྱང་ཀུན་དགའ་རྭ་བ་ཡོད་ཚད་བཞེས་མེད་ལ། །
དིང་སང་དད་དངུལ་ཡོད་ཚད་དགོན་པ་བརྒྱབ་པའི་དགོས་དོན་ཆུང་། །
དེས་ན་དགོན་པ་གཙང་ལ་མཐུན་རྐྱེན་ཞན་ཐོག་སློབ་གཉེར་དགོས། །
དེ་ལྟར་བྱུང་ན་ཕྱི་དད་ནང་ལ་དོན་སྙིང་ལྡན་པའི་ལུང་རྟོགས་འཕེལ། །
དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལ་མངོན་པར་བསྟོད་དོ། དད་ལྡན་མང་ཚོགས་རྣམས་ཀྱིས་ཡིད་ཆེས་བློ་གཏད་རེ་བཅོལ་ཤུགས་ཅི་ལྟར་ཆེ་ཡང་རང་ལ་འགན་ཆེན་པོ་ཡོད་པ་མ་ཚོར་བར་སྣང་མེད་དུ་བཞག་ན། མི་ཡི་ཤ་ཚུགས་ཕྱུགས་ཀྱི་འདུ་ཤེས་ཅན་ཞེས་སྤྱོད་འཇུག་ནས་གསུངས་པ་ལྟར་རེད་སྙམ། དེ་ཉིད་ལས།བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་དང།།དམ་ཆོས་འོ་མ་བསྲུབས་པ་ལས། །མར་གྱི་ཉིང་ཁུ་ལྟ་བུ་བྱང་ཆུབ་ཀྱི་སེམས་བཅོས་མ་ཙམ་ཡོད་པ་ཕར་ཞོག་དྲི་ཙམ་ཡང་མེད་པའི་རྟགས་ཡང་དག་རེད།
བདེན་པ་བྲིས་གནང་འདུག
#5 ཚང་མ། ་ལགས་ཀྱིས་སྤེལ་དོན།: ཁྱེད་ཀྱི་མཆན་བུ་དག་མཆན་ཐོབ་རྒྱུར་སྒུག་ཡོད། དྲ་དཔོན་གྱི་དག་མཆན་ཐོབ་རྗེས་མདུན་ངོས་སུ་འཆར་ཡོང་།
June 8th, 2019 at 11:03 am
བདེན་པ་བྲིས་གནང་འདུག
དོན་གྱི་དགེ་བཤེས་རེད་འདུག
འོག་གི་མཆན་འདོག་སྟངས་ལ་བལྟས་ན་ཁ་ཤས་ལ་ཕོག་ཐུག་བྱུང་བ་འདྲ།
སོ་སོ་ལམ་ཁ་དེར་འགྲོ་གི་ཡོད་པས་རེད།
དད་ལྡན་མང་ཚོགས་ཀྱི་རྒྱུད་ལ་ནང་བའི་ཆོས་ཀྱི་ས་བོན་ཞིག་བསྐྲུན་ཐུབ་ན་ད་གཟོད་ཚེ་འདི་དང་ཕྱི་མ་ལ་ཕན་ཐོགས་པ་ལས་ཕྱག་མདུད་དང་བྱིན་རྟེན་ཙམ་གྱིས་ཚེ་འདི་ཕྱི་ལ་ཕན་ག་རེ་ཐོགས་རྒྱུ་རེད།
དགའ་བྱང་དགེ་བཤེས་དགེ་འདུན་ཆོས་འཕེལ་མཆོག་ལ་ཞུ་སྙིང་། ་ཡོད་དོ། །
ཅེས་བོད་ཀྱི་བརྡ་སྤྲོད་ལྟར་ན། འགྲིག་གམ།། ཞེས་ཞུ་བ་ལགས།
་
ང་ཚོས་ཁ་སྐད་བཞིན་མ་འབྲི་བར་རྗེ་འཇམ་དབྱངས་བཞད་པ་དང་། གུང་ཐང་བསྟན་པའི་སྒྲོན་མ། ཐུ་ཀྭན་ཆོས་ཀྱི་ཉི་མ། ཨ་ཁུ་ཤེས་རབ་རྒྱ་མཚོ། དགེ་ཆོས་སོགས་བོད་ཀྱི་མཁས་པ་ཚོས་བྲིས་པ་ལ་གཞི་རྩ་བྱས་ན། འབྲི་ཐུབ་ན། བོད་ཡུལ་ཀུན་ལ་ཁྱབ་པའི་ཡིག་སྐད་དེ་མ་ཉམས་པར་བྱེད་ཐུབ། ཁ་སྐད་བཞིན་འབྲི་ན། བོད་སིལ་བུ་གཏོང་བའི་གཞི་རྩ་ཡིན་པས། རྣམ་དཔྱོད་ཅན་ཀུན་གྱིས་གནས་ལ་འདི་ལ་གཟབ་དགོས་སོ།