ཨ་འདུས་སྐལ་བཟང་རྒྱ་མཚོ།
དཔལ་ས་སྐྱ་མཐོ་སློབ་ཀྱི་<<བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་>ངོ་སྤྲོད་མདོར་བསྡུས།
འབྱམས་ཀླས་ཏིང་འཛིན་རླུང་བུའི་ཤུགས་ཀྱིས་བྱང་ཆུབ་འཁྲི་ཤིང་སྒུལ་བ་ན།།
མེ་ཏོག་མདའ་སོགས་ལུས་མེད་དཔུང་ཚོགས་ཕྲག་དོག་མེ་ཡིས་རབ་ཚིག་སྟེ།།
ངམ་གནག་དུག་ལྔའི་མཚོན་ཆ་དྲག་པོ་སྨག་རུམ་ཟོལ་གྱིས་ཕབ་པའི་ཚེ།།
མ་བཅོས་སྙིང་བརྩེའི་ཟླ་གཞོན་འབུམ་གྱིས་ཞི་བར་བསྲེགས་དེས་རྟག་ཏུ་སྐྱོངས།།
ཞེས་མཆོད་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དཔལ་ས་སྐྱ་མཐོ་སློབ་ཀྱི་<<བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་>>ཐོག་མར་ཇི་ལྟར་བྱུང་བའི་རིམ་པ་མདོ་ཙམ་ཞུས་ན། དེ་ཡང་སྤྱི་ལོ་༢༠༠༨་ལོར་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་༸བརྩེ་ཆེན་ཀུན་དགའ་སྙིང་པོའི་རྒྱལ་ཚབ་ཏུ་བཞུགས་ཏེ་ཁྲི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བར་བཀའ་དྲིན་རྗེས་དྲན་དང་། སླད་ཀྱང་མགོན་པོ་གང་ཉིད་འགྲོ་བ་ལྷ་དང་བཅས་པའི་མགོན་དཔུང་དམ་པར་གྲངས་མེད་བསྐལ་བའི་ངོ་བོར་འཚོ་གཞེས་ཡོང་བར་དམིགས་ཏེ། དཔལ་ས་སྐྱ་པའི་ལྷ་སྡེ་མི་སྡེ་ཡོངས་ནས་གཞི་རྒྱ་ཆེ་བའི་བརྟན་བཞུགས་བསྟར་འབུལ་བྱེད་པའི་སྐབས་དང་བསྟུན། དཔལ་ས་སྐྱ་མཐོ་སློབ་ཀྱི་མཚུངས་མེད་དགེ་བའི་བཤེས་གཉེན་དམ་པ། བོད་དུ་དར་བའི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ལ་ཤེས་ནས་དད་པ་ཐོབ་ཅིང་། ཚུལ་ཁྲིམས་དང་སྙིང་རྗེ་སོགས་འཕགས་ནོར་རིན་པོ་ཆེ་དུ་མས་ཐུགས་རྒྱུད་ཡོངས་སུ་མཛེས་པ། ཤཱཀྱའི་དགེ་སློང་ཉག་རོང་པ་མཁྱེན་རབ་བཟང་པོས་སུས་ཀྱང་མ་བསྐུལ་དང་བླངས་ཐོག་བཙུགས་པ་ཞིག་ཡིན་ལ། ཐོག་མར་ཁོང་སྐུ་དངོས་སུ་སློབ་ཕྲུག་རེ་རེའི་སར་བཅར་ཏེ་བླ་མའི་ཞབས་བརྟན་ཆེད་ཟང་ཟིང་གི་དངོས་པོ་འབུལ་བ་ཡང་གལ་ཆེ་ནའང་།
ཅི་བས་ཀྱང་རླབས་ཆེ་བ་ནི་ང་ཚོས་བྱེད་ནུས་པའི་རིགས་ཏེ། དཔེར་ན་ཚེ་ཐར་གཏོང་བ་དང་། སྲོག་བླུ་བྱེད་པ་སོགས་ཡིན་ལ། དེ་དག་ཀྱང་གཙོ་བོ་རང་ལས་གཞན་གཅེས་སྒོམ་པའི་བྱང་ཆུབ་ཀྱི་སེམས་དང་། ཐེག་པ་ཐུན་མོང་གི་སྐྱབས་འགྲོའི་ཡན་ལག་ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་ལ་འཚེ་བ་མི་བྱེད་པའི་བསམ་པ་ལས་བྱུང་བ་ཡིན་པར་གསུངས་པས། ཇེ་ཐོག་མར་བརྟན་བཞུགས་ཚད་དང་ལྡན་པ་ཞིག་འབུལ་བ་ལ་དེའི་འགལ་རྐྱེན་སྡུག་པའི་ལས་སྤངས་དགོས་་ཤིང་། དེ་ཡང་མདོར་བསྡུས་ནས་བཤད་ན་སེམས་ཅན་གཞན་ལ་དངོས་བརྒྱུད་ནས་འཚེ་བའི་ལས་སམ་བསམ་པ་སྤངས་དགོས་པ་དེ་ཡིན་ཞིང་། དེ་ཡང་ཞིབ་མོར་བཤད་ན་བདག་ཅག་གི་སྟོན་པས་སེམས་ཅན་གསོད་པ་པོ་ཟམ་མ་ཟད་ཤ་ཟ་བ་ཚུན་ཆད་ལ་སྲོག་གཅོད་པའི་ཉེས་པ་མཚུངས་པར་གསུངས་ཡོད་པས། རང་གི་གང་ནུས་ཀྱིས་དམར་ཟས་སྤོངས་བ་ལྟ་བུའི་རྣམ་དཀར་བསོད་ནམས་གསོག་ཐུབ་ན།
ད་གཟོད་བླ་མའི་ཞབས་བརྟན་གྱི་ཆོ་ག་ཀུན་ལས་གཙོ་བོར་འགྲོ་ངེས་པའི་ཚུལ་སོགས་ཐུགས་བརྩེ་ཆེན་པོས་ངལ་བར་མ་འཛེམ་པར་མདོ་རྒྱུད་ཀྱི་ལུང་དང་སྦྱར་ཏེ། འབྲེལ་ཡོད་སློབ་ཕྲུག་རྒན་གཞོན་ཡོངས་ལ་ཡང་ཡང་གདམས་པའི་འབྲས་བུར་མཐོ་སློབ་ཀྱི་སློབ་མ་ཕལ་མོ་ཆེས་བྱ་ཤ་དང་ཉ་ཤ་ལྟ་བུའི་ཤ་རིགས་བྱེ་བྲག་པ་མི་ཚེར་སྤངས་དང་། རེ་འགས་ལོ་འགར་དམར་ཟས་སྤངས་པ་ལྟ་བུ་ཆེས་མང་དུ་བྱུང་། ལྷག་པར་དུ་དགེ་འདུན་པ་ལྔ་བཅུ་ཐམ་པས་༸སྐྱབས་མགོན་༸གོང་མ་རིན་པོ་ཆེས་ཐུབ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་རྗེ་བཙུན་ས་སྐྱ་པའི་བཀའ་སྲོལ་དྲི་མ་མེད་པ་སྙིགས་མའི་དུས་འདི་ལྟ་བུར་ཡང་འཛམ་གླིང་ཤར་ནུབ་ཀུན་ཏུ་སྤེལ་བའི་བཀའ་དྲིན་རླབས་པོ་ཆེར་རྗེས་དྲན་དང་། སླད་ཀྱང་མགོན་པོ་གང་ཉིད་བསྟན་འགྲོའི་དཔུང་གཉེན་དམ་པར་ཞབས་པད་བསྐལ་བ་རྒྱ་མཚོའི་ངོ་བོར་བརྟན་སླད་མི་ཚེ་ཧྲིལ་པོར་དམར་ཟས་སྤངས་པར་བརྟེན། དགེ་འདུན་པ་དེ་དག་གི་མིང་ཐོག་ནས་དཔལ་ས་སྐྱ་མཐོ་རིམ་སློབ་གྲྭའི་<<བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས>>་ཞེས་པ་འདི་ཀུན་མཁྱེན་གོ་བོ་རམ་འབྱམས་པ་བསོད་ནམས་སེངྒེའི་གེ་དགོངས་པ་གཞན་དོན་དུ་གཤེགས་པའི་དུས་ཆེན་ཉིན་ནས་དངོས་སུ་དབུ་ཚུགས་ཤིང་། ད་ལོ་དབར་མི་ལོ་ཧྲིལ་པོ་གསུམ་ལྷག་ཕྱིན་པ་རེད། ཁྱད་པར་དུ་དཔལ་ས་སྐྱ་མཐོ་སློབ་ཀྱི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ། མདོ་སྔགས་རམ་འབྱམས་སྨྲ་བ་མཁན་ཆེན་བསོད་ནམས་རྒྱ་མཚོའི་བཀའ་སློབ་ལམ་སྟོན་འོག་ལོ་དེར་ལུམྦིཎཱི་ས་སྐྱའི་སྨོན་ལམ་འདུས་ཚོགས་སུ་ཚོགས་པ་འདིའི་མིང་ཐོག་ནས་ངོར་ཆེན་ཀུན་དགའ་བཟང་པོས་མཛད་པའི་ཤ་ཡི་ཉེས་དམིགས་དང་འབྲེལ་བའི་དཔེ་དེབ་ཅིག་ཀྱང་འགྲེམས་སྤེལ་བྱས་པ་མ་ཟད། རྒྱལ་ཕྱི་ནང་གི་བོད་རིགས་གཙོས་པའི་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོས་འབྲི་གཡག་དང་ར་ལུག་ནས་བཟུང་ཆུ་གནས་ཀྱི་སྲོག་ཆགས་ཉ་སྲམ་ཚུན་ཆད་སྲོག་བླུ་དང་ཚེ་ཐར་སོགས་བྱས་པའི་གྲངས་འབོར་བསམ་ཡུལ་ལས་འདས་པ་བྱུང་ཡོད།
ད་དུང་མ་ཎི་དང་སི་དྷཱིས་མཚོན་པའི་ཞབས་རིམ་གྲངས་གསོགས་ཀྱི་ཚད་ཀྱང་དུང་ཕྱུར་མང་པོ་བྱུང་ཡོད་པ་ནི་འདི་ཕྱི་གཉིས་ཕན་དུ་གྱུར། མདོར་ན་བརྟན་བཞུགས་ཆེད་བྱུང་བའི་སྲོག་བླུའི་རིགས་དང་། མ་ཎི་སོགས་བསྙེན་པའི་རིགས། རང་ངོས་ནས་ལོ་དང་། ཟླ་བ། མི་ཚེ་ཧྲིལ་པོར་དམར་ཟས་སྤོངས་མཁན་རྣམས་ཟིན་ཐོར་བཀོད་དེ་༸སྐྱབས་མཆོག་འཁོར་ལོའི་མགོན་པོར་སྙན་གསན་དང་། སྤྱན་འབུལ་ཞུས་པ་ན། མགོན་པོ་གང་ཉིད་ནས་ཀྱང་ཐུགས་བརྩེ་ཆེན་པོས་འཚེ་བ་སྤངས་པའི་བགྱི་བ་བཟང་པོ་འདིར་གཟེངས་བསྟོད་དང་དབུགས་དབྱུང་ལན་མང་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར།
དེ་ནས་བཟུང་ས་སྐྱ་མཐོ་སློབ་ཀྱི་སློབ་ཕྲུག་ཚོར་མཚོན་ན་ལོ་རེ་བཞིན་ཀུན་མཁྱེན་དཔྱིད་ཆོས་ཆེན་མོའི་ཉིན་མོ་ནི། སྔར་སྲོལ་ལྟར་ཀུན་མཁྱེན་བླ་མའི་དགོངས་རྫོགས་དུས་ཆེན་གཅིག་པུ་ཙམ་མ་ཡིན་པར། <<བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས>>་དབུ་བརྙེས་པའི་དུས་ཆེན་ཡང་ཡིན་པས། ཉིན་མོ་འདིར་ཚོགས་མི་གསར་ཞུགས་བྱེད་པ་དང་། ཚོགས་པའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་རིན་པོ་ཆེས་གཙོས་པའི་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཕྱིར་སྲོག་བླུས་མཚོན་གཞན་ཕན་བྱམས་བརྩེ་དང་འབྲེལ་བའི་དམིགས་བསལ་གྱི་བྱ་འགུལ་གང་ཐུབ་རེ་སྤེལ་བཞིན་ཡོད།
ད་དུང་ལྷན་ཚོགས་འདི་བཙུགས་ལ་ལས་བྱུང་བའི་གྲུབ་འབྲས་གལ་ཆེན་ཞིག་ནི། ལོ་དེ་ནས་བཟུང་མཐོ་སློབ་ཀྱི་སྤྱི་ཐབ་ཏུ་དམར་ཟས་ཀྱི་རྒྱུན་རྦད་བཅད་བྱས་པ་མ་ཟད། དུས་མཚུངས་སུ་ལས་འགུལ་དེའི་ཤུགས་རྐྱེན་ས་སྐྱའི་སྤྱི་ཚོགས་ཀྱི་དགོན་སྡེ་ཧྲིལ་པོར་སྤེལ་ཏེ། ད་ཆ་རྡེ་ར་རྡུན་ཁུལ་གྱི་དགོན་ཡོད་ཚད་དཀར་སྐྱོང་དུ་བསྒྱུར་བའི་དགེ་རྩ་གཅིག་པུ་ཡང་ཅི་འདྲའི་རླབས་ཆེ་བ་ཞིག་མ་རེད་དམ།
ཕྱོགས་འདི་ནས་བལྟས་ན་མཐོ་སློབ་ཀྱི་བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་ནི། དངོས་གནས་བྱམས་བརྩེ་ཉམས་བཞེས་གནང་བའི་དགེ་འདུན་པའི་འདུས་ཚོགས་མིང་དོན་མཚུངས་པ་ཞིག་རེད་ལ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་དགོན་པ་ཚོས་ནམ་ཡང་མིག་དཔེར་བཀུར་འོས་པའི་དགེ་རྩ་ཚོགས་པ་ཞིག་དང་། བླ་མའི་དགོངས་པ་ཆོས་དང་མཐུན་པར་བསྐོངས་དང་སྐོང་བཞིན་པའི་ཞབས་རིམ་ཚོགས་པ་རླབས་ཆེན་ཞིག་ཀྱང་རེད།
འོན་ཀྱང་ཡིད་ཕངས་པ་ཞིག་ལ་ཕྱི་ལོ་༢༠༠༩ ལོར་བཟུང་ཚོགས་པ་འདིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བདག་ཅག་གི་སྟོན་པའི་འཁྲུངས་གནས་ལུམྦིནཱིར་དམར་ཟས་ཀྱི་རིགས་གཏན་ནས་ཉོ་ཚོང་བྱེད་མི་ཆོག་པའི་དམིགས་བསལ་གྱི་ས་ཁུལ་ཞིག་ཏུ་བསྒྱུར་ཐབས་བྱས་ནའང་། འགལ་རྐྱེན་མང་པོ་ཞིག་གི་འོག་ནས་ད་ལྟའི་ཆར་ཡང་ལས་འགུལ་དེར་གྲུབ་འབྲས་ཚད་ལྡན་ཞིག་མ་ཐོབ་པ་ནི། བྱམས་བརྩེ་ཉམས་ལེན་བྱེད་པའི་ནང་བསྟན་རྗེས་འཇུག་པ་སྤྱི་དང་། བྱེ་བྲག་ལོ་རེ་བཞིན་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཚོགས་དང་འཚོགས་བཞིན་པའི་ས་སྐྱ་དང་བཀའ་བརྒྱུད་པའི་ཆོས་བརྒྱུད་གཉིས་ཀྱིས་དབར་ནར་འགྱངས་སུ་ལྷག་པའི་ལས་འགན་གལ་ཆེན་ཞིག་ཏུ་མཐོང་ན། འབྱུང་འགྱུར་སྨོན་ལམ་ཆེན་མོའི་ལས་ཀྱི་སྣེ་མོར་གཏོགས་པ་རྣམས་ཀྱིས་སྨོན་ལམ་འཚོགས་སྐབས་དམར་ཟས་ཀྱི་རྒྱུན་རྦད་གཅོད་བྱེད་རྒྱུའི་བགྱི་བ་བཟང་པོ་དེར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་ཕྱག་བཞེས་ཡོང་བའི་རེ་བ་དང་སྐྱབས་འཇུག་སྙིང་ནས་བྱ་རྒྱུ་ལགས།
ཅིའི་ཕྱིར་ཞེ་ན། རིས་མེད་འགྲོ་ལ་བུ་གཅིག་པའི་མ་ལྟར་བརྩེ་བའི་བཅོམ་ལྡན་ཐུབ་པ་ཆེན་པོ་གང་དུ་སྐུ་བལྟམས་གནས་ཆེན་དེ་ལྟར་བུར་ཡང་། ཐོ་ཅོའི་སྤྱོད་པས་དམར་ཟས་ལ་འཛེམ་མེད་དུ་རོལ་བ་ནི་བསྟན་པ་དང་སྟོན་པ་གཅིག་པའི་རང་སྡེ་འཕགས་པ་གནས་བརྟན་པའི་རྗེས་སུ་འཇུག་པའི་ཉན་ཐོས་རྣམས་ཀྱི་མདུན་དུ་སྨོས་ཅི། ཐ་ན་དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ་ནའང་སེམས་ཅན་གྲོག་བུར་ཚུན་ཆད་ལ་འཚེ་བ་མི་བྱེད་པའི་ཧིན་རྡུ་ཆོས་ལུགས་པ་ཚོ་དང་མཉམ་དུའང་ཧ་ཅང་ཁ་སྐྱེངས་དགོས་པའི་གནས་སུ་འདུག་སྟེ། དཔེར་ན། རྒྱ་གར་ནང་གི་ཧིན་རྡུ་ཆོས་ལུགས་ཀྱི་བསྟི་གནས་གལ་ཆེན་ཧ་རུ་དྷོ་བའི་གྲོང་ཁྱེར་ནང་མ་ཟད། ས་ཕྱོགས་དེ་འདབས་འབྲེལ་གྱི་གྲོང་གསེབ་ཚུད་ཆད་དུ་དམར་ཟས་ཉོ་ཚོང་བྱེད་མི་ཆོག་པའི་ཁྲིམས་ལུགས་བཟང་པོ་ཡོད་ནའང་། ཁ་ནས་བྱམས་དང་སྙི་རྗེ་གལ་ཆེན་དུ་བསྒྲགས་དང་སྒྲོབ་བཞིན་པའི་རང་རེ་བོད་ཀྱི་རབ་བྱུང་བ་ཕལ་མོ་ཆེས་ནི་ཟ་ཁང་དང་མགྲོན་ཁང་ཙམ་མ་ཟད། མི་ཚོགས་མང་པའི་ཁྲོམ་སྲང་ནས་ཀྱང་དམར་ཟས་ཀྱི་རིགས་ལ་བག་མི་ཚ་བར་སྤྱོད་པ་འདིས་བོད་རིགས་སྤྱི་དང་། བྱེ་བྲག་དམ་ཆོས་འདུལ་བ་ཉམས་བཞེས་གནང་མཁན་གྱི་བོད་པའི་རབ་བྱུང་བའི་སྡེར་མི་རིགས་དང་། ཆོས་ལུགས་གཞན་གྱི་མི་རྣམས་ཀྱི་ལྟ་ཕྱོགས་ངན་པ་ཉིན་རེ་བཞིན་ཇེ་མང་དུ་འགྲོ་ཡི་ཡོད་པས། དེ་ཕྱོགས་སུ་བསྟན་པ་འདི་དང་སྟོན་པ་འདིའི་བཀའ་དྲིན་བསམ་པའི་ཆོས་ཀྱི་མཆོད་པོ་སྐྱ་སེར་ཕོ་རྒན་གཞོན་མེད་པར་ཅིས་ཀྱང་དགོངས་པ་ཟབ་བཞེས་ཡོང་བའི་རེ་བ་ཡོད། མཐའ་དོན་ས་སྐྱ་མཐོ་རིམ་སློབ་གྲྭའི་བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་འདི་ཇི་སྲིད་འཁོར་བ་མ་སྟོང་ནམ་མཁའ་མ་འཇིག་པར་དུ་ཉམས་ཆུང་དུད་འགྲོའི་མགོན་དཔུང་དམ་པར་བརྟན་ཅིང་གནས་ཐུབ་པའི་སྨོན་ལམ་གྲངས་མེད་བཅས།
སླར་སྨྲས་པ།
ཤེས་རབ་དག་པས་བླང་དོར་མ་འཁྲུལ་ཞིང་།།བྱམས་བརྩེ་ཟབ་པས་བཏང་སྙོམས་མ་མཛད་པར།།ཉམ་ཆུང་དུད་འགྲོའི་ཚེ་སྲོག་རྒྱུན་བསྲིང་ཕྱིར།།རྣམ་དཀར་བགྱི་བ་བཟང་པོ་སྤེལ་དེར་བསྔགས།།གང་དག་རང་ལ་ཁབ་རྩེས་རེག་པའི་སྡུག་བསྔལ་ཆུང་ངུའང་མི་བཟོད་ཀྱང་།།གཞན་གྱི་གཅེས་པའི་ཚེ་སྲོག་འཕྲོག་ལ་ཅི་མི་སྙམ་པར་འཇུག་བྱེད་པ།།བྱམས་པའི་བདག་ཉིད་ཤཱཀྱའི་བསྟན་དང་གཏན་མ་མཇལ་བའི་དེ་ཉིད་ལས།།ཐུབ་པའི་ལུགས་བཟང་མཁྱེན་པ་དག་གིས་དེ་ལྟའི་བྱ་ངན་བརྩམས་སྲིད་དམ།།ལ་ལས་ལྗགས་ཀྱི་རྩེ་མོ་སྒུལ་ཚེ་འགྲོ་ཀུན་མ་རུ་སྒྲོགས་ནའང་།།གཅེས་འཛིན་ཡིད་ཀྱི་སྲེད་པ་དྲགས་པོས་རྒྱུན་དུ་དམར་ཟས་སྤྱོད་པའང་།།རིགས་པ་མིན་ཏེ་དཔའ་བོ་དག་གིས་ཤེས་བཞིན་དགྲ་ཚོགས་འཇོམས་པ་ལྟར།།འདི་དང་ཕྱི་མ་མནར་མེད་ལ་སོགས་ངན་འགྲོར་ལྟུང་བའི་རྒྱུ་རུ་གསུངས།།དེ་ཕྱིར་རབ་འབྱམས་མདོ་རྒྱུད་རྒྱ་མཚོ་ལས།།ལེགས་གསུང་ཆོས་ཀྱི་སྙིང་པོ་བྱང་ཆུབ་སེམས།།གང་དེས་རབ་བསྐུལ་རྣམ་དཀར་ལེགས་བྱས་ཀྱིས།།སྒོ་གསུམ་དགེ་ལ་སྤྱོད་རྣམས་དགའ་བར་བྱས།།དེང་འདིར་སྙིགས་ལྔའི་རྦ་རླབས་རབ་འཕྱུར་པའི།།འཁོར་བ་རྒྱ་མཚོར་འཁྱམས་པའི་དམུས་ལོང་འགྲོ།བླང་དོར་འཕྱུྱགས་པའི་ལས་རླུང་གིས་ཁྲིད་དེ།།ན་རག་གྲོང་དུ་བརྫངས་པར་ཡིད་རེ་སྐྱོ།།འོན་ཏང་ཚེ་སྔོན་བསགས་པའི་བསོད་ནམས་དང་།།བཤེས་གཉེན་དམ་པའི་ཟབ་གསང་ལེགས་བཤད་ཀྱིས།།སྲིད་ཞིའི་སྨག་རུམ་བརྟོལ་ལ་རབ་བརྩོན་པའི།།གྲོགས་འགའ་ཤེས་རབ་མིག་ལ་སྣང་བར་གྱུར།།དེ་ཚེ་ཁོ་བོའི་ཀུན་རྟོག་གཙུག་ལྡན་ཁྱུ།།ལེགས་བཤད་སྒྲ་བརྒྱ་ཐོས་པའི་སྤྲོ་དགའ་ཡི།།བདུད་རྩིས་ཡིད་རབ་འཚེངས་ཤིང་མྱོས་པའི་གླུ།།བཅོས་མིན་མགྲིན་པའི་ཀློང་ནས་འགོག་མེད་ཤོར།།ཐུབ་པ་ཆེན་པོས་ཁོ་བོའི་རྗེས་འཇུག་རྣམས།།དམར་ཟས་སྤྱོད་པར་ནམ་ཡང་མི་རུང་ཞེས།།དུས་གསུམ་དུས་ཀྱི་མཐའ་ཀུན་བསྡམས་ནའང་།།བློ་དམན་ཚོགས་རྣམས་ད་དུང་མུན་པར་འབྱམས།།འོན་ཀྱང་རྣམ་འདྲེན་ཤཱཀྱའི་རྒྱལ་པོ་ཡིས།།བདག་འདྲས་མ་གཏོགས་གང་ཟག་མི་རྟོགས་ཞེས།།ཞིབ་མོར་གསུངས་པའི་སྒྲོས་ལ་ཡིད་ལ་གཏད་ཚེ།།ཀུན་ལ་དག་སྣང་བྱེད་པ་དམ་པའི་སྲོལ།།དེས་ན་གང་ཞིག་འཕགས་པ་ཡིན་མིན་ནི།།ཆུ་བུར་མིག་ལ་ཤིན་ཏུ་ལྐོག་གྱུར་ཀྱང་།།ཆོས་ཀྱི་གྲོགས་དག་དམར་ཟས་སྤོངས་ཤིག་ཅེས།།ཐུབ་པའི་འཕྲིན་བཟང་སྒྲོག་ལ་སུ་མི་དགྱེས།།དེ་ཕྱིར་གྲོགས་དག་རེ་ཞིག་ངལ་བ་ལ།།ཅི་མི་སྙམ་པར་བརྩོན་པའི་སྙིང་སྟོབས་ཀྱིས།།སྔོན་ཚེ་སྟོན་མཆོག་སྲིད་ལས་མ་གྲོལ་བཞིན།།རང་ལུས་སྦྱིན་པའི་མཛད་བཟང་དྲན་པར་བྱེད།། སླད་ཀྱང་བསྟན་དང་འགྲོ་ལ་སྨན་པའི་ཕྱིར།།རྣམ་དཀར་ལས་དེའི་རྒྱུན་བཟང་རབ་སྤེལ་ཏེ།།ཉམ་ཐག་འགྲོ་བ་སྐྱོབས་པའི་མཛད་བཟང་གི།།གཡར་དམ་རྡོ་རྗེའི་ངོ་བོར་བརྟན་པ་མཛོད།།དེ་ལྟར་བསྔགས་བརྗོད་ཀུན་ད་གཞོན་ནུ་ཡི།།འདབ་མ་ལེགས་བྱས་དགེ་བའི་འོད་ཟེར་དང་།།ཅུང་ཟད་ཕྲད་པའི་ཚོགས་གཉིས་ཆར་རྒྱུན་གྱིས།།ཀུན་ཉོན་མེ་དཔུང་རྩད་ནས་འཇོམས་པར་ཤོག།ཁྱད་པར་བྱམས་བརྩེ་ཟླ་ཟེར་བསིལ་མ་ཡིས།།འགྲོ་བའི་ཚེ་བསོད་ས་མུས་རྒྱས་མཛད་ཅིང་།།བྱང་ཆུབ་སེམས་ཀྱིས་ཐུགས་རྒྱུད་ཡོངས་ཕྱུག་པའི།།གྲོགས་དག་སྤྱན་རས་གཟིགས་དང་འབྲལ་མེད་ཤོག།སླད་ཀྱང་ཐོས་བསམ་བསྒོམ་པ་མཐར་སོན་ཅིང་།།ཉམས་དང་རྟོགས་པ་མ་ལུས་རབ་རྒྱས་ཏེ།།འཇམ་དབྱངས་བླ་མ་བཞུགས་པའི་ཞིང་དེ་རུ།།ལྷན་ཅིག་མངོན་འཚང་རྒྱ་བའི་སྨོན་འདུན་བཅས། །
ཞེས་པའང་ས་སྐྱ་མཐོ་སློབ་ཀྱི་བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་སྐབས་དང་པོའི་དྲུང་ཡིག་གི་མིང་ཙམ་འཛིན་པའི་ཆོས་ནོར་གཉིས་མེད་ཀྱི་མུ་ཏོ་བ་ཨ་འདུས་སྐལ་བཟང་རྒྱ་མཚོས་བལ་ཡུལ་རྒྱལ་ཡོངས་ས་སྐྱའི་གསུང་རབ་སློབ་གཉེར་ཁང་ནས་བྲིས་པ་དགེ་ལེགས་སུ་གྱུར་ཅིག་གུ། སརྦམྃངྒལྃ།
་་་་་་་་་་ མཐའ་དོན་ས་སྐྱ་མཐོ་རིམ་སློབ་གྲྭའི་བྱམས་བརྩེ་དཀར་སྐྱོང་ལྷན་ཚོགས་འདི་ཇི་སྲིད་འཁོར་བ་མ་སྟོང་ནམ་མཁའ་མ་འཇིག་པར་དུ་ཉམས་ཆུང་དུད་འགྲོའི་མགོན་དཔུང་དམ་པར་བརྟན་ཅིང་གནས་ཐུབ་པའི་སྨོན་ལམ་གྲངས་མེད་བཅས། ་་་་་་་་་་
དམར་ཟས་མེད་ནའང་དཀར་ཟས་ཡོད། །
སྲོག་གཅོད་མི་དགོས་འབྲུ་ཚོད་ཡོད། །
དཀར་ཟས་བྱས་ན་ཚེ་རིང་དང་། །
ནད་མེད་ལུས་གཙང་སེམས་གཙང་འགྱུར། །
ངས་ཁྱེད་ལ་མཐེ་བོང་བསྒྲེངས།
བྱམས་བརྩེའི་དཀར་སྐྱོང་ལྷན་ཚོགས་རྟག་ཏུ་འབར་གྱུར་ཅིག
ཨ་འདུས་སྐལ་བཟང་རྒྱ་མཚོ་མཆོག་གིས་ཡིག་རྩོམ་ལེགས་པར་བཀོད་པར་དགའོ།
༡བསྐལ་བའི་ ༢ཡོང་བར ༣་སྤོངས་བ་ ༤ད་ལོ་དབར་ ༥བྱས་པ་མ་ཟད། ༦བྱས་པ་མ་ཟད། ༧བསྐོངས་དང་སྐོང་ ༨ཡོད་རྒུ་ ༩་དབར་ ༡༠ཡོང་བའི ༡༢་རོལ་བ་ ༡༣ཧ་རུ་དྷོ་བ་ ཞེས་པར་ཧིནྡཱི་སྐད་ཡིན་པ་དག་པར་འབྲི་ན། ཧ་ར་དྭཱ་ར། haradvāra ༡༤་སྒྲོབ་བཞིན་ ༡༥ཡོང་བའི་ ༡༦མ་འཇིག་པར་དུ་ ༡༧ན་རག་ ན་ར་ཀ་སྟེ། ལེགས་སྦྱར་སྐད་དེ། དམྱལ་བ། ༡༡༨འཕྲིན་བཟང་སྒྲོག་ལ་སུ་མི་དགྱེས་ ༡༩ས་མུས་ ༢༠་མུ་ཏོ་བ་ མཁས་པའི་ཡི་གེའི་དག་ཆ་དང་མཐུན་པར་ཞུས་དག་དགོས་པར་མཐོང་ངོ་།
ལྷག་བསམ་ཅན་ལ་དྭགས་བློ་བཟང་འཇམ་དཔལ་ལགས་ནས་རང་གིས་མ་ཤེས་པ་དང་། གཏགས་ནོར་ཁག་མར་ནང་གི་སྤུ་བཞིན་བཏོན་ཏེ་སྣང་བའི་སྒྲོན་མེ་མིག་སེམས་ལ་བཏེགས་པར་བཀའ་དྲིན་མི་ཆུང་བ་ཞུ། སླད་ཀྱང་དེ་ལུགས་ཀྱིས་སྲིད་ཞུ་ཡོད་པར་འཚལ།