ཆབ་མདོ་ངག་ཕུན།
ཆོལ་ཁ་ཆོས་ལུགས་བར་ལ་མ་རྩོད།།
ལྷ་དང་སྲུང་མའི་བར་ལ་མ་རྩོད།།
རང་བཙན་དབུ་མའི་བར་ལ་མ་རྩོད།།
སྲིད་སྐྱོང་འདེམས་ཕྱོགས་བར་ལ་མ་རྩོད།།
ང་ཚོ་སྤུན་ཟླ་གཅིག་གི་མི་རེད།།
ང་ཚོ་ཤ་ཕྲག་གཅིག་གི་མི་རེད།།
ང་ཚོ་ཕུགས་འདུན་གཅིག་གི་མི་རེད།།
ང་ཚོ་དམིགས་ཡུལ་གཅིག་པའི་མི་རེད།།
རྩ་བའི་བླ་མའི་བཀའ་དྲིན་མ་བརྗེད།།
དྲིན་ཅན་ཕ་མའི་བསླབ་བྱ་མ་བརྗེད།།
གངས་ལྗོངས་བླ་སྲོག་སྐད་ཡིག་མ་བརྗེད།།
རང་ཡུལ་གོམས་སྲོལ་བཟང་པོ་མ་བརྗེད།།
ང་ཚོར་ང་རྒྱལ་ཕྲག་དོག་མི་དགོས།།
ང་ཚོར་དབྱིན་སྦྱོར་དཀྲུག་ཤིང་མི་དགོས།།
ང་ཚོར་མ་རབས་ཐལ་ཤལ་མི་དགོས།།
ང་ཚོར་བླུན་པོ་ཁྱུ་ཚོགས་མི་དགོས།།
༸གོང་ས་མཆོག་ལ་སྨོད་ཚིག་མ་འདེབས།།
བྱས་རྗེས་ཅན་ལ་ཁྱད་གསོད་མ་བྱེད།།
གཞན་སེམས་དཀྲུག་པའི་གཏམ་གླེང་མ་བྱེད།།
མ་རབས་ཅན་གྱི་ལས་དོན་མ་བྱེད།།
དུས་ཚོད་ཆུད་ཟོས་གཏན་ནས་མ་གཏོང་།།
རང་ལ་དགོས་པའི་ཤེས་ཡོན་སློབ་མཛོད།།
མི་ཡུལ་ལུང་པར་ཇི་ཙམ་གནས་ཀྱང་།།
རང་གི་སྐད་ཡིག་བརྗེད་པ་མ་གནང་།།
རང་བཙན་དབུ་མའི་ཁ་ལ་འཁྱེར་ཏེ།།
རང་དོན་ཁོ་ནར་བསྒྲུབ་པར་མ་བརྩོན།།
ཞོ་ལྟར་ཆག་པའི་སྤྱི་ཚོགས་འདི་ཉིད།།
ཕྲག་ལྟར་དཀྲུག་རྒྱུའི་འབད་པ་མ་བྱེད།།
དཔལ་འབྱོར་ཤེས་ཡོན་་ཇི་ཙམ་ཆེ་ཡང་།།
ལྟ་བ་ཀུན་སྤྱོད་མི་དང་མཐུན་མཛོད།།
རང་ལ་དཀའ་སྡུག་ཇི་ལྟར་ཕྲད་པ།།
གཞན་ལ་དེ་ཡོང་ངོས་འཛིན་གནང་མཛོད།།
ཅེས་པ་འདི་ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་༢༠༡༥/༡༠/༡༣ལ་བྲིས་པའོ།
བྱང་ཆུབ་སེམས་པའི་སྐད་ཅ་རང་རེད་འདུག་གདའ། ཧཧཧཧཧ་་་་་་ཕལ་ཆེར་སྦྱོར་ལམ་པ་མིན་ནམ།