ཨ་དམར་པོ།
གཟུར་མེད་དུས་ཀྱི་འཕོ་འགྱུར་རླབས་ཀྱིས་གསར་རྙིང་དབྱེ་བའི་སོ་མཚམས་ཕྱེས།།
ང་དང་ཁྱོད་ཀྱི་བརྩེ་བ་དྲང་མོས་འོས་འགན་ཆེན་མོའི་དབུ་ཁྱུད་བྲིས། །
ལྷ་ཉིན་དཀར་པོའི་སྐྱ་རེངས་ལྷ་མོས་ང་ཡི་ཆེད་དུ་སྒྲོན་མེ་བཏེགས། །
ལང་ཤོར་ལེ་ལོའི་གསང་བ་བཙན་པོས་རྨི་ལམ་གསོན་པོའི་ཚེ་སྲོག་འཕྲོགས། །
བློ་ལྡན་རི་བོང་ཙོག་བུར་བསྡད་ཀྱང་སྔུར་སྒྲའི་རོལ་དབྱངས་ཕྱོགས་སུ་འཁྱམས། །
གཡོ་ཅན་ཝ་མོ་ཚང་དུ་ཉལ་ཡང་ཧམ་སེམས་ཇག་རྐུན་ཕྱི་ན་འདུར། །
འབད་བརྩོན་དམ་བཅའ་སྙིང་དུ་བརྐོས་ཀྱང་ཕྱི་བྱོལ་མགྲོན་པོའི་དམག་གིས་བསུབས།
རང་ཚུགས་རང་གིས་བྱེ་མར་བཏགས་ལ་ཉེས་ཁྲིམས་མནར་གཅོད་སུ་ཡིས་གཏོང་། །
བྱམས་ལྡན་ཨ་མའི་བརྩེ་འཛུམ་དྲོན་མོས་འདོད་དོན་འགྲུབ་པའི་སྨོན་ཚིག་གྱེར། །
བརྩེ་ལྡན་མཛའ་མོའི་དུང་སེམས་གཙང་མོས་ཡིད་ཆེས་བརྟན་པོའི་རེ་ལྟོས་བྱས། །
དཔྱོད་ལྡན་ཕུ་ནུས་རྨི་ལམ་ཀློང་ནས་རེ་བའི་མིག་ཟུང་ང་ལ་བགྲད། །
རང་གཞན་གཉིས་ཀྱི་ཕྱག་ཟུང་ཡངས་མོ་སྟོང་དབྱིངས་ཁམས་ལ་ང་ཡིས་དྲངས།།
དམིགས་མེད་རླུང་ཁའི་ཤིང་བལ་འགྲོས་ཀྱིས་གླིང་བཞིའི་མཛེས་ལྗོངས་ཞིབ་ཏུ་ཉུལ། །
རྙེད་པའི་རུམ་ཁ་སྟོང་བར་ལུས་ནས་ལང་ཚོའི་ཚེ་སྐབས་ཡུད་ཀྱིས་ཤོར། །
གློ་བུར་ཚོར་འདུ་རྣོན་པོའི་ཁབ་ཀྱིས་ཤ་རུས་གསེང་ལ་ཚ་ཙག་བསླངས་། །
གཡོ་ཁྲམ་བྲལ་པའི་དུས་ཀྱི་ཐག་སྒྲས་ང་ལ་སྒུག་པ་སྲིད་མ་ཡིན། །
འོན་ཀྱང་རང་སེམས་སྨྱོན་པ་རྒན་པོས་རང་དོན་་བཙོངས་ནས་ཁེ་སྤོགས་བླངས། །
བག་མེད་སྤྱོད་པར་རང་དབང་ཐོབ་ཚེ་བག་ཡོད་ལས་ལ་བཙན་འཛུལ་བགྱིས། །
ཟ་ཉལ་འགྲོ་ལ་བྲང་གཞུང་གླན་ནས་མི་སྐྱེས་རིན་ཐང་རྒྱབ་ཏུ་བསྐྱུར།།
ནང་ཁྲོལ་དོན་སྣོད་རྩྭ་གྲུབ་པའི་མི་ཡི་ཤ་ཚུགས་ང་ལས་སུ། །
བསམ་ཤིང་བསམ་ན་འགྱོད་གདུང་མཆི་མ་མིག་ཀོང་རྫི་མའི་རྩེ་ལ་བསླེབས།།
ཡིད་ཆད་ཚོར་འདུའི་དབུགས་རིང་ཤུ་སྒྲ་མགྲིན་པའི་འཕྲང་ནས་ཐོལ་གྱིས་ཤོར། །
མ་ཤི་ལྷག་མའི་མི་ཚེ་སྐྱ་བོར་ནོངས་འགྱོད་ནད་གྱིས་གཙེས་ན་འང་། །
ས་ཆེན་པང་འདིར་འདུག་དགོས་བྱུང་བ་ང་ཡི་ལས་དབང་ཡིན་ནམ་ཅི།།