སྤོབས་པ་མཐའ་ཡས།
(སྐུ་ལུས་མེ་མཆོད་དུ་ཕུལ་བའི་བོད་མི་དཔའ་རྒོད་དག་གི་སྐོར་གླེང་བ།)
བསམ་གཞིག་ག་འདྲ་ཞིག་བྱས་ཀྱང་བོད་མི་དཔའ་རྒོད་མང་པོ་ཞིག་གིས་ཉེ་ཆར་རྒྱ་དམར་གཞུང་ལ་ངོ་རྒོལ་གྱིས་བོད་མི་རིགས་ཀྱི་རང་དབང་སྲུང་སྐྱོབ་ཀྱི་ཆེད་དུ་སྙིང་སྟོབས་ཆེན་པོས་རང་ལུས་མེ་རུ་བསྒྲོན་པ་དེ་ནི་རླབས་ཆེན་དང་གཟི་བརྗིད་ལྡན་པའི་མཐར་སོན་པ་ཞིག་རེད། ཁོག་ན་སྙིང་ཡོད་པའི་མི་ཞིག་ཡིན་ཕྱིན་གནད་དོན་འདིས་སེམས་ལ་འགུལ་སྐྱོད་རེ་དང་སྙིང་ལ་འཕག་ཚག་རེ་མི་རྒྱག་དབང་མེད་དུ་གྱུར་ཡོད། མིའི་རིགས་ཀྱི་སྙིང་སྟོབས་ཆེན་པོའི་དཔེ་མཚོན་དུ་དྲངས་འོས་པའི་ལས་འགུལ་ཆེན་མོ་འདིས་ནི་མཐོ་སྒང་བོད་མི་རིགས་ཀྱི་དཔའ་བོའི་རང་གཤིས་དང་རང་དབང་གི་རེ་འདུན་ནི་ཆེས་ཆེ་བའི་རྩེར་སོན་པའི་བདེན་དཔང་བླ་ན་མེད་པ་ཞིག་ཀྱང་བསྟན།
ལས་འགུལ་ཆེན་པོ་འདིས་གསལ་སྟོན་བྱས་པ་གཞན་ཞིག་ནི་བོད་མི་མང་གིས་རང་དབང་རྩོད་ལེན་གྱི་ཐབས་ལམ་དེ་ཡང་འཚེ་མེད་ཞི་བའི་མཐར་ཐུག་པ་ཞིག་ཉམས་སུ་ལེན་པའི་གོམ་སྟབས་གསར་པ་ཞིག་གི་མགོ་ཚུགས་པ་དེ་ཡིན། དུས་ཡུན་ཐུང་ངུ་འདི་འདྲ་ཞིག་གི་ནང་ལ་མི་འབོར་ཉུང་བའི་བོད་མི་རིགས་ཀྱི་ཁྲོད་ནས་འདི་ལྟ་བུའི་འཚེ་མེད་ཞི་བའི་ལས་འགུལ་མཐར་ཐུག་པ་སྤེལ་མཁན་གྱི་མི་གྲངས་འདི་འདྲ་མང་པོ་ཞིག་བྱུང་བ་འདིས་ནི་འཛམ་བུ་གླིང་གི་ཆབ་སྲིད་རྩོད་རྙོག་ཇི་རྙེད་ཅིག་མཆིས་པའི་ནང་ནས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་མཐོ་རླབས་དེ་ཧ་ཅང་ཛ་དྲག་གི་རང་བཞིན་ཅན་དུ་སླེབས་ཡོད་པ་ཡང་མཚོན་ཡོད། དེ་བཞིན་དུ་བོད་མི་མང་གི་རང་དབང་འཐབ་རྩོད་ཀྱི་སྙིང་སྟོབས་དང་ཆོད་སེམས་འགྲན་ཟླ་མེད་པ་ཙམ་དུ་མ་ཟད་འཚེ་མེད་ཞི་བའི་ཐབས་ལམ་དང་གོ་རྟོགས་དེ་ཡང་ཚད་མཐོན་པོར་སོན་པ་བསྟན་ཡོད།
རང་ལུས་མེ་མཆོད་དུ་འབུལ་བའི་ལས་འགུལ་འདི་ནི་ལས་འགུལ་གཞན་གང་ལས་ཀྱང་ནུས་པ་ཆེ་བ་གསལ་པོ་ཡིན། མི་ཞིག་གི་སེམས་ན་ཚད་ལས་འདས་པའི་སྡུག་བསྔལ་ཞིག་མེད་ན་རང་གིས་རང་གསོད་མི་ནུས་པ་ཚང་མས་ཤེས་གསལ་ཡིན་པས་རྒྱ་དམར་གཞུང་གི་དཔོན་རིགས་ཚོས་ཀྱང་འདིའི་སྐོར་སྣང་མེད་དུ་འཇོག་མ་ཐུབ་པར་སྡུག་སྐད་མང་པོ་འདོན་བཞིན་ཡོད། སྔོན་མ་ནང་བཞིན་འཇིགས་སྐུལ་བ་དང་གཏོར་བཤིག་པ་ཞེས་པའི་མིང་ངན་རེ་གཡོགས་ནས་སྦས་ཐབས་བྱེད་པའི་གཡོ་ཐབས་དེ་ཡང་ལམ་ལྷོངས་བྱུང་མེད། འདིས་ནི་བོད་མི་མང་གིས་འཚེ་མེད་ཞི་བའི་ཐབས་ལམ་ཞེས་པ་དེ་ཡང་དྲག་ཞན་ཚང་མས་ཁ་ནས་བཤད་དེ་སྒུག་འདུག་དགོས་པ་ཞིག་མ་ཡིན་པར་དཔའ་མོ་དཔའ་བོ་ཚོའི་སྙིང་སྟོབས་དང་གཟི་བརྗིད་ངོམ་པའི་གོ་སྐབས་ཡོད་པ་ཞིག་ཡིན་པའི་ངེས་ཤེས་ཀྱང་རྙེད་བཞིན་ཡོད།
བོད་ཀྱི་ཆེད་དུ་སྐུ་ལུས་མེ་མཆོད་དུ་ཕུལ་བའི་དཔའ་བོ་དཔའ་མོ་དེ་དག་ནི་བོད་མི་རིགས་ཀྱི་གཟི་བརྗིད་དང་ལོ་རྒྱུས་ཀྱི་སྟེང་ནས་ནམ་ཡང་བརྗེད་དུ་མེད་པའི་རླབས་ཆེན་གྱི་མི་སྣ་ཤ་སྟག་ཡིན། བོད་ཕྱི་ནང་གི་ཤེས་ཡོད་ཅན་དང་། ཆབ་སྲིད་རང་དབང་འཐབ་རྩོད་ལ་དོ་སྣང་ཅན། ལྷག་པར་ཡང་རང་དབང་རྩོད་ལེན་ཚོགས་པ་ཚོས་ངེས་པར་དུ་དཔའ་བོ་དཔའ་མོ་དེ་དག་གི་ལོ་རྒྱུས་སྤྱི་དང་བྱེ་བྲག་སྐུ་ལུས་མེ་མཆོད་དུ་ཕུལ་བའི་སྔ་གཞུག་བར་གསུམ་གྱི་ལོ་རྒྱུས་གསལ་ཞིབ་བསྡུ་རུབ་ཀྱིས་ཡིག་ཆ་འགྲེམ་སྤེལ་བྱེད་དགོས་པ་གལ་ཆེན་དོན་ཆེན་དུ་གྱུར་འདུག དེ་བཞིན་དུ་སྙན་ངག་པ་དང་། གླུ་གཞས་མཁན། རི་མོ་བ་སོགས་ཀྱིས་ཀྱང་སྒྱུ་རྩལ་གྱི་ལམ་ནས་དྲངས་ཏེ་དཔའ་བོའི་རང་བཞིན་ལ་བསྟོད་བསྔགས་ཀྱི་བརྩམས་ཆོས་གང་མང་འདོན་སྤེལ་དགོས་པ་དེ་དཔའ་མོ་དཔའ་བོ་ཚོའི་བཀའ་དྲིན་རྗེས་དྲན་དང་བོད་མི་རིགས་ཀྱི་དཔའ་བོའི་བླ་སྲོག་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ། ཡོད་པ་རྒྱུན་བསྲིང་ཐུབ་པའི་ཐབས་ལམ་གལ་ཆེན་ཞིག་ཡིན།
སྐུ་ཞབས་སྤོབས་པ་ལགས་ཀྱི་གསུང་ལ་མངོན་པར་བསྟོད་དོ། །
ཤུན་ཏུ་ནས་བདེན་ནོ།། དེ་བཞིན་གནང་རོགས་གནང་ཚང་མས༌༌༌༌༌༌༌༌