ཆང་སྐྱེས།
རྒྱང་རིང་ཕ་ཡུལ་ཕྱོགས་ཀྱི་སྙིང་སྡུག་མ།།
གཞན་ཡུལ་གནས་ཚང་འགྲིམས་པའི་སྲོག་ཕྲུག་མ།།
བརྩེ་སེམས་མཚོ་ལས་ཟབ་པའི་གནའ་འགྲོག་མ།།
ངང་རྒྱུད་བལ་ལས་འཇམ་པའི་འདང་ཆེན་མ།།
ཁྱོད་རང་གནས་ལ་སོང་བའི་ཕྱི་ཉིན་ནས།།
ང་ཡང་ལ་ལུང་མང་པོ་བརྒྱུད་དགོས་བྱུང་།།
མ་ཤི་གསོན་བྲལ་བཏང་བའི་ན་ཟུག་འདི།།
ཁྱོད་དང་ང་ཡིས་མ་གཏོགས་སུ་ཡིས་ཤེས།།
ཁྱོད་རང་ཏག་ཏག་དྲན་པའི་སྡུག་བསྔལ་དེ།།
མགྲིན་པའི་ངག་ལ་སྦྱར་ཏེ་ཤུགས་ཀྱིས་བླངས།།
ཁྱོད་ཀྱི་བྱུ་རུ་དམར་པོའི་མཁུར་ཚོས་ཟུང་།།
ནམ་ཡང་བརྗེད་ཐབས་མེད་པའི་མེ་ཏོག་ཅིག།
གནས་ཡུལ་ཨ་ནེ་བདག་མོ་ཨེ་བཟང་གིས།།
ཚེ་གཅིག་སྐྱ་ཡ་རྒད་པོས་ཨེ་གཅེར་ཐལ།།
སྡེ་མཐའ་དེ་ནས་ཁྱེད་རང་ཨེ་སུན་ཐལ།།
ཁྱིམ་ཚང་དེ་ནས་སེམས་པ་ཨེ་དྲོ་ཐལ།།
ཉིན་དཀར་ཟོག་གི་རྗེས་ནས་མ་དཀའ་པྭ།།
མཚན་མོའི་སྨག་རུམ་ཀློང་ནས་ཨེ་སྐྲག་ཐལ།།
དབྱར་གསུམ་ཚ་བའི་ཁྲོད་ན་ཨེ་སྐོམ་ཐལ།།
དགུན་གསུམ་ཁ་བའི་ཀློང་ནས་མ་གྲང་པྭ།།
ཟུར་གསུམ་སྙིང་ན་འཛུམ་པའི་མཛའ་ན་མོ།།
ལོ་ཟླའི་འཁོར་བསྐྱོད་རིང་མོའི་ཧྲག་བར་ནས།།
ཁྱོད་རང་མ་དྲན་ཉིན་མཚན་གཅིག་ར་མེད།།
གྲོགས་དང་ཁ་ཡ་ན་ཟླ་ཚོགས་ས་ནས།།
ཁྱེད་རང་མ་གླེང་དུས་ཚོད་གཅིག་ཀྱང་མེད།།
སྙིང་སྡུག་མ་ཨེ།
་
རྣམ་པ་ཀུནད་ཏུ་ལས་ཀྱིས་རྗེས་སུ་འབྲངས། །
རྒྱལ་བའི་གསུང་ཆོས་དུས་སུའང་ཁྱེད་རང་དྲན། །
ལྷ་དང་ལྷ་མོའི་གྲལ་དུ་ཁྱོད་རང་མཐོང་། །
མོ་དད་ཤིནད་ཏུ་ཆེ་བའི་ཀརྡོ་ངར། །
་
ཆང་སྐྱེས་ཁྱོད་ཀྱིས་སྙན་དངགས་བྲིས་པ་བཟང་། །
བྲིས་ཚད་སྙིང་སྡུག་མ་དང་བརྩེ་སེམས་སྐོར། །
ཁ་བརྡར་འདོད་ལྡན་བུ་མོའི་ནུ་བུམ་སྐོར། །
ཀློག་ཚད་འདོད་ཆགས་དབྱར་ཆུ་རྒྱས་ལྟར་ཕྱུར། །
་
རྒད་པོ་འཆི་ཁར་སྙན་དངགས་བྲིས་ཐལ་མང་། །
བོད་ཀྱི་མཁས་པའི་སྙན་དངགས་འགྲན་འདོད་དམ། །
རྒྱལ་དབང་ལྔ་པའི་སྙན་དངགས་རྗེས་བཞུགས་དང་། །
ནག་མོ་ཁོལ་གྱི་སྙན་དངགས་འགྲན་འདོད་དམ། །
་
རྣམ་དཀར་དབང་གིས་བོད་ས་གཅིག་སར་སྐྱེས། །
རྒྱལ་བའི་ཆོས་ཚུལ་མྱོང་མཁན་གཅིག་མཚུངས་སྐྱེས། །
ལྷ་དང་ལྷ་མོས་བསྲུང་བྱར་གཅིག་བྱར་སྐྱེས། །
མོ་དང་མཛེས་མའི་སྙན་དངགས་གྱེར་བཞིན་སྐྱེས། །
་
སྐྱེས་སྒོ་མཚུངས་པའི་ཨ་མདོའི་ཕོ་གསརཁྱོད། །
ཁྱོད་དང་ང་གཉིས་ཡུལ་ལུང་དབུས་མདོའི་ཁྱད། །
ཁྱད་པར་ཡོད་ཀྱང་མི་རིགས་ཤ་ཁྲག་གཅིག །
གཅིག་པས་མ་ཚད་ཡུལ་ལུང་གཅིག་ཏུ་འཚོ། །
་
ཁྱོད་ནི་སྙན་དངགས་བྲིས་ནས་མི་ཚེ་སྐྱེལ། །
ང་ནི་སྙན་དངགས་ཀློག་ནས་མི་ཚེ་ཐལ། །
ཐལ་རང་དྲགས་སོང་ད་ནས་དམ་པའི་ཆོས། །
ཚེ་དང་སྒྲུབ་པ་མཉམ་པ་མི་བརྩོན་ནམ། །
་
ཧ་ཧ་ཁ་བརྡར་ཁ་བརྡ་འདི་འདྲ་ཤོར། །