༡
བདག་ནི་ཁྱོད་ཀྱིས་ལྷག་མེད་བྱས།།
འདི་ཀོ་ཁྱོད་ཀྱི་མཛད་པ་ཉིད།།
སྣོད་ནི་སྟོང་བར་བྱས་ནས་སླར།།
ཚེ་སྲོག་གསར་བས་དགང་བར་བགྱི།།
འཕྲེད་གླིང་ཆུང་ཆུང་བཟུང་ནས་ནི།།
རི་དང་གཙང་བོའི་རགས་ལ་འཁོར།།
སྙན་འཇེབས་རྟག་བརྟན་རོལ་དབྱངས་ནི།།
དབུགས་ཀྱི་ཟོལ་གྱིས་སྦུ་གུར་འདྲེན།།
ཁྱོད་ཀྱི་འཆི་མེད་རེག་པ་ནི།།
ཐོབ་ནས་བདག་ནི་མཚམས་ལས་འགོངས།།
སྒྲས་ནི་ཕུལ་བྱུང་དགའ་བ་དེ།
མྱངས་ནས་ཕྱི་ལ་ལུད་པ་མཐོང་།།
སྦྱིན་པ་རྟག་ཏུ་གནང་མོད་ཀྱང་།།
སྣོད་ནི་ད་དུང་སྟོང་བར་གདའ།།
ཉིན་མཚན་ཀུན་ཏུ་ཁྱོད་སྤྲོད་ཀྱང་།།
བདག་ལ་ཐོབ་པ་ཁྱོར་བ་གང་།།
སྦྱིན་པ་ཉིན་མཚན་ཀུན་སྦྱིན་ཡང་།།
བདག་ལ་ཁྱོར་བ་གང་ཙམ་རེག།
དུས་ནི་ཀུན་ཏུ་སྦྱིན་བྱེད་ཀྱང་།།
སྣོད་ལ་ད་དུང་སྟོང་ཆ་བདོག།
༢
ཁྱོད་ཀྱིས་གླུ་ལེན་བསྐུལ་ཙ་ན།།
བདག་ཡིད་སྙེམས་པས་ཁེངས་པར་གྱུར།།
མིག་ཟུང་ཟམ་མེ་ཟིམ་མེའི་ངང་།།
ཁྱོད་ཞལ་འཛུམ་མེད་ལྟ་བའི་ཚེ།།
སྐྱུར་དང་སྡུག་ཏུ་འཁྱིལ་བའི་སེམས།།
བདུད་རྩིའི་རང་བཞིན་གླུ་རུ་བཞུས།།
བདག་གི་སྒྲུབ་དང་མཆོད་དོ་ཅོག།
བྱ་བཞིན་སྤུ་ལངས་འཕུར་མཆོངས་བྱེད།།
བདག་གླུ་གསན་ནས་ཚིམས་པ་ཤེས།།
བདག་གཞས་སྙན་པར་ཚོར་བ་རིག།
གླུ་ལེན་སྟོབས་དག་ཉིད་ཀྱིས་ནི།།
ཁྱོད་དྲུང་བརྙེས་པའང་བདག་གིས་རྟོགས།།
སེམས་ནས་ཇི་སྲིད་འགྲོ་མི་ཤེས།།
ཞབས་དག་གླུ་ཡི་སྟོབས་ཀྱིས་རེག།
བརྒྱལ་འགྱུར་དབྱངས་ཀྱིས་བདག་བཟི་སྟེ།།
རང་གི་རྗེ་ལ་གྲོགས་ཞེས་བོས།།
གསལ་བཤད།
མུར་ལཱི་དྡྷར། ཤྲཱི་བཱསྟབ་ཤེ་ཁ་རའི་ཧིན་འགྱུར་གཞིར་བཞག་སྟེ་བསྒྱུར་བའོ།།
སྙིམ་པའི་གླུ་ཞེས་པ་འདི་བདག་ཉིད་ཀྱིས་བསམ་གཞིགས་དང་རྟོགས་ཞིབ་རྒྱུན་རིང་བྱས་མཐར་བསྒྱུར་ཏེ་བཏགས་ཤིང་། ཟམ་གདོང་བླ་མ་དང་གར་ཤ་དངོས་གྲུབ་གཉིས་ཀའི་ཐུགས་་ཀྱི་དགུ་ཡུལ་ལའང་མ་ཚུད་པའི་བརྡ་ཆད་དག་མོ་འགྱུར་ཇི་བཞིན་པ་ཞིག་ཏུ་བདག་འདོད་ཡོད།
སྒྱུར་ཤིན་དུ་བཟང་། ཐུགས་རྗེ་ཆེ། ང་ལ་རྨོངས་པའི་འདྲི་བ་ཞིག་ཡོད། སྤྱིར་ཐ་ཀོར་གྱི་སྙན་ངག་འདི་སྐད་གྲགས་ཆེ་ལ། སྐྱེ་བོ་མང་པོས་བསྟོད་པ་མང་པོ་བྱེད་མོད། གུས་པས་དབྱིན་ཡིག་དང་བོད་ཡིག་ནང་ལ་ཁོང་གི་སྙན་ངག་ཐེངས་འགའ་ཤས་བཀླགས་པ་ཡིན། ཚོར་བ་ཟབ་མོ་དང་ཡིད་དབང་འཕྲོག་ཐུབ་མ་སོང་། ཁོང་གི་སྙན་ངག་ལ་གོ་རྒྱུ་འདི་ཙམ་ཡང་མིན་འདུག། ལྷ་འདྲ་བོ་གཅིག་ལ་བསྟོད་པ་བཏང་བ་ལས་གཞན་མིའི་རིགས་ཀྱི་རྣམ་དཔྱོད་དང་ཤེས་བྱ། གཞན་ཕན་གྱི་སེམས་འགུ༏ལ་ཐེབས་པའི་སྟོབས་མཐོང་མ་སོང་། ཁོང་གི་ཚིག་ཀྱང་འདི་འདྲ་ལེགས་པོ་དང་བྱང་པོ་ཞིག་མ་རེད། འོ་ན་སྤྱིའི་ཕྱིར་མི་ཚང་མས་ཁོང་གི་སྙན་ངག་ལ་ཡིད་སྨོན་ཤོར་རམ། ང་རང་རྨོངས་པ་ཡིན་སྟབས་སློབ་ཁྲིད་ཤིག་གནོངས་རོགས།
སྒྱུར་ལ་བོད་ཀྱི་རྩོམ་ཉམས་འདུག
ཐ་ཀོར་ལགས་ཀྱི་སྙན་ངག་ཕལ་ཆེར་ཚད་མཐོ་དྲགས་པས་ཡིན་རྒྱུ་རེད།
སྔོན་མ་ཞིག་ལ་ཨ་རབ་ཀྱི་སྙན་ངག་པ་ཞིག་གིས་དཀོན་མཆོག་ཁྱེད་ཀྱིས་བདག་ལ་སྙན་ངག་འབྲི་བའི་ནུས་པ་འདི་འདྲ་ཞིག་བསྩལ་ཀྱང་། མི་གཞན་ལ་སྙན་ངག་ཀློག་པའི་རྣམ་དཔྱོད་ཅིག་མ་སྤྲད་པ་ནི་ཅིའི་ཕྱིར་ཞེས་འཁང་ར་བཏོན་པ་རེད་ཟེར།
སྤྱིར་ནས་སྒྱུ་རྩལ་བརྩམས་ཆོས་ཟེར་བ་འདི་གོ་ཁག་པ་ཞིག་ཡོད་ཡོད་པ་རེད་དཱ།
བོད་ཀྱི་རྰ་འིན་དར་ ནྰམ་་ཊེ་གོར་ནི་༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་རེད་ཅེས་ཞུས་ན་མི་འགྲིགས་སམ།