བཞག་ལྡོམ་ལྗང་ལོ།
དེ་རིང་ངའི་བྱིས་དུས་ཀྱི་སྒྲུང་ཐུང་ཞིག་ཡིད་ལ་དྲན་བྱུང་། སྒྲུང་དེ་ནི་སྟག་ལྤགས་གྱོན་པའི་བོང་བུ་ཟེར་བ་དེ་རེད། མི་གཡོ་སྒྱུ་ཅན་ཞིག་གིས་ཉིད་ཀྱི་བོང་བུའི་རྒྱབ་ཏུ་སྟག་ལྤགས་ཤིག་གཡོགས་ནས་གཞན་པའི་ཞིང་ནང་ལ་བཏང་བར་གྲོང་བ་ཚོས་ཞིང་ནང་ན་སྟག་སླེབས་པར་འདོད་དེ་ཞེད་སྣང་སྐྱེས་བ་སོགས་ཧ་ཅང་སྒྲུང་སྙན་པོ་ཡོད་པ་རེད། སྒྲུང་དེ་ལྟ་བུ་ཞིག་ཉིན་འགའི་སྔོན་ལ་དྲྭ་སྟེང་ན་བོད་མི་གང་མང་ཞིག་གིས་(Ivanka)་གིས་ལུས་ཕྱེད་གཅེར་བུར་ལག་དུ་༧གོང་ས་མཆོག་དང་Desmond Tutu་དང་Douglas Abrams་བཅས་ཀྱིས་མཉམ་འབྲེལ་གྱིས་བརྩམས་པའི་དེབ་ The Book of Joy བཟུང་ནས་པར་བརྒྱབ་ཡོད་པ་དེའི་སྐོར་ནས་བཤད་ཀྱིན་འདུག འུ་ཚོའི་ལོ་རྒྱུས་ལྟར་ན་གངས་ཅན་པ་ཚོ་རྟོག་སྒྲུང་གླེང་བར་དགའ་བོ་ཡོད་པ་གསལ་བོ་ཡིན་ཞིང་དེ་ལ་བརྟེན་ནས་སྐབས་རེ་རང་མགོ་གཞན་འོག་ལ་ཤོར་བའང་ཡོད་པ་རེད། དཔེར་ན། རྒན་རབས་པ་ཚོས་མན་ཇུའི་རྒྱལ་བོ་རྗེ་བཙུན་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་པ་འདོད་པ་དང་། དེ་རིང་Ivanka་མཁའ་འགྲོ་མར་གླེང་བ་ནི་མ་ཤེས་བ་ཚོས་རྒྱང་ནས་བསམས་ན་ཡིད་དབང་འཕྲོག་པ་ལྟ་བུ་ཡིན་ཞིག་ཡིན་ན་ཡང་། རྒྱུས་མངའ་མཁན་ཚོས་ཐག་ཉེ་ས་ནས་བལྟས་ན་གད་མོ་འཆོར་བའི་རྒྱུ་ཁོ་ན་ལས་གཞན་གང་ཡང་རྙེད་ཀྱི་མ་རེད། གལ་སྲིད་མོ་ནི་བོད་མི་ཚོའི་སེམས་ཀྱི་དག་ཞིང་ན་ཡོད་པའི་མཁའ་འགྲོ་མ་ཟེར་བ་དེ་ཡིན་ན་མོའི་ཁྱིམ་རྒྱུད་ཕོ་བྲང་དཀར་པོའི་ནང་དུ་ཡོད་དུས་སུ་ཨ་རིའི་རྒྱལ་མཚམས་ནས་ཉམས་ཐག་མ་བུ་ཚོའི་ལས་དབང་ཁྲིམས་ལུགས་བཞིན་ཐག་གཅོད་བྱེད་པ་ལས་དམྱལ་བའི་ཡུལ་ཀྱི་ལས་མཁན་ནང་བཞིན་མ་བུ་གཏན་དུ་ཁ་བྲལ་བྱས་ཡོད་ཀྱི་མ་རེད་ལ། ཁ་ནས་ཨ་རི་བ་གཙོ་བོ་ཟེར་བཞིན་ནང་ཁུལ་དཀྲུགས་དེ་ཨ་རིའི་སྲིད་གཞུང་ལ་དྲག་རྒོལ་དང་མང་གཙོར་གུས་ཞབས་བོར་ཀྱི་མ་རེད། ཁ་ནས་རྒྱ་ནག་གུང་ཁྲན་ཏང་ལ་དགྲ་ཟེར་གྱིན་ལྐོག་ནས་མོ་དང་མོའི་ཁྱོ་ག ད་དུང་མོའི་ཕ་རྒན་བཅས་ཀྱིས་གུང་ཁྲན་གཞུང་ལ་དངུལ་འབྲེལ་དམ་པོ་འཛིན་ཡོད་ཀྱི་མ་རེད། བདེན་པ་ཡི་དཔང་བོ་དེ་རྣམས་གཞིར་བཟུང་ན་མོ་ནི་སྟག་ལྤགས་གྱོན་པའི་བོང་མོ་ཞིག་ལས་སེམས་པ་བཟང་བའི་མཁའ་འགྲོ་མ་ཞིག་གཏན་ནས་མ་རེད།