འདྲེ་སྙུག་ཐོགས།
དམངས་གཙོ་ནི་དམངས་ཀྱི་ཡིན་པ་ལས་གཞན་སུ་ལ་ཡང་མི་དབང་། རང་དབང་རིང་ལུགས་ཀྱི་གོ་དོན་ཡང་ཆོས་དང་ཆབ་སྲིད་ག་གེ་མོའི་དབང་ཟིལ་གྱི་སྡོམ་གཅུན་ལས་ཐར་བར་བྱས་པའི་སྐྱེ་བོ་སྒེར་རེ་རེའི་རང་དབང་ལ་གོ་བ་ལས་གཞན་མེད། དམངས་གཙོ་དང་རང་དབང་གི་མདུན་ནས་སྐྱེ་བུ་སྒེར་སུ་ལ་ཡང་རང་གི་བསམ་ཚུལ་བཤད་པའི་ཐོབ་ཐང་ཡོད་པ་འདི་དམངས་གཙོའི་རིན་ཐང་ཡིན།
རེད་དེ། དམངས་གཙོའི་མདུན་ནས། ཉེ་ཆར་ཨ་ཚོགས་ཀླུ་མཁར་བྱམས་ཀྱི་མྱ་ངན་རྩོམ་ཐུང་ཞིག་གིས་བཙན་བྱོལ་སྤྱི་ཚོགས་སྤར་མོ་གང་བོ་འུར་སེ་བཏང་སྟེ། ཀློག་འབྲི་དང་རྩོམ་འབྲི། ཐ་ན་ཡི་གེ་ཤེས་མིན་ཀུན་པོ་ཁོང་ཁྲོ་གཏིང་ནས་བསླངས་ཡོད་ཚོད་འདུག་པས། དགེ་རྩ་ཇི་རྙེད་བསགས་པ་ཀུན།། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད།། ཅེས་གསུངས་པ་ལྟར་ད་ཐེངས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་སྡུག་པ་ཆེན་པོ་བཟོས་པ་མ་ཟད་བཙན་བྱོལ་བ་མང་ཆེ་བས་ཇི་རྙེད་བསགས་པ་ཀུན་ཀྱང་བཅོམ་ཟིན་ཡོད་ཚོད་གདའ་བས། ངས་ནི་ཉིན་འགའ་ལ་ངག་བཅད་ནས་ཨ་ཚོགས་ཀྱི་ཆེད་དུ་ཡིག་བརྒྱ་ཚར་རེ་བཟླས་ནས་བསྡད། ཞར་ཞོར་དུ་ཁ་བྱང་ཁ་ནག་མ་དེར་ཟུར་བལྟས་རེ་ཡང་བྱས་ནས་བསྡད།
སྙན་ངག་ནི་སྙན་ངག་ལྟར་དུ་ཀློག་དགོས་པ་ལས་གསར་འགྱུར་ལྟར་དུ་ཀློག་ཚེ་གོ་བ་ལོན་དཀའ་བས་བོད་ལ་མྱ་ངན་རྩོམ་ཡིག་འབྲི་སྟངས་ཀྱི་གཞུང་ལུགས་ཤིག་ཡོད་ན་ཅི་མ་རུང་བསམ། སྐབས་འདིའི་སྙན་ངག་འབྲི་སྐབས་རྩོམ་པ་པོའི་སེམས་ཁམས་སྐྱོ་བ་ཚད་མེད་ཀྱིས་བཟུང་ཡོད་པས་ཤིན་ཏུ་ལྗིད་པའི་ཐ་སྙད་ཅིག་བཀོལ་བར་འབད་བརྩོན་བྱེད་པ་ནི་རྩོམ་པ་པོ་ཡོངས་ཁྱབ་ཀྱིས་ཁས་འཆེ་བས་ཨ་ཚོགས་ཀྱིས་བཙན་བྱོལ་ནས་ཆེས་རིན་ཐང་ཆེ་བའི་ཐ་སྙད་ཅིག་རག་པ་ནི་ལོ་༡༡༣་ལས་གཞན་མ་རྙེད།
གལ་སྲིད་ཁོང་གི་རྩོམ་འདི་གསར་འགྱུར་ལྟར་དུ་བྲིས་ཡོད་པའི་དབང་དུ་བྱས་ཏེ། ལོ་༡༡༣ ལ་བཞུགས་དགོས་པའི་མི་དེ་སྐུ་གཤེགས་བོད་རང་བཙན་རྒྱབ་སྐྱོར་བ་ཨ་རིའི་སློབ་དཔོན་ཁོང་ཡིན་པ་ལས་༸གོང་ས་མཆོག་མ་རེད་ཅེས་བཤད་ཡོད་ཚེ་ཆོས་དང་འཇིག་རྟེན་གང་གི་ཆ་ནས་ཀྱང་ནོར་བ་ལས་གཞན་མེད་མོད། རེད་དེ། ཁོང་གིས་ནི་སྙན་ངག་ལྟར་དུ་བྲིས།
གཞན་གྱིས་ནི་གསར་འགྱུར་ལྟར་དུ་ཀློག་སྟེ་དྲྭ་ལམ་ནས་བསྡུས་གྲྭའི་རིག་ལམ་མང་དུ་སྤྱད་དེ་ཡིན་ལོག་མིན་ལོག་གང་ཐུབ་བསྒྲུབས། ངས་ནི་ད་དུང་ཡང་ཨ་ཚོགས་ཀྱིས་ཁོང་གིས་བྲིས་པའི་སྙན་ངག་དེར་ཁོ་རང་ཉིད་ཀྱིས་འགྲེལ་བཤད་ཅིག་བསྐྱོན་པར་རེ་བ་བྱས་ནས་ཡོད།
སྤྱིར་རྩོམ་རིག་ལ་རྒྱུས་ལོན་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ཚེ་མ་མཐའ་ཡང་རྩ་བའི་ཆ་རྐྱེན་ཁག་ཅིག་ངེས་པར་དུ་ཚང་དགོས་པ་ཡིན། རེད་དེ། ང་རང་ཧ་ཅང་ཡ་མཚན་སྐྱེས་པ་ནི་ཨ་ཚོགས་ཀྱི་རྩོམ་ཡིག་དེའི་དཔྱད་བརྗོད་པ་དག་ནི་ཨ་རིག་འགྱུར་མེད་སོགས་བོད་ཁྱིམ་འཛིན་རིམ་བཞི་ལྔ་གཡས་གཡོན་གྱི་ལག་འཁྱེར་ལས་མེད་པའི་ཡིག་འཚོང་བ་སྐོར་ཞིག་ཡིན་པས་ཤིན་ཏུ་ནས་དགོད་སྤྲོ་བ་ཞིག་བྱུང་།
སྤྱིར་རྩོམ་རིག་གི་ངོས་ཐད་ནས་བཤད་ན། བོད་ལ་ཕ་མ་དང་སྤུན་མཆེད། དགེ་རྒན་དང་བླ་མ། རྩ་ཆེན་གྱི་སྐྱེས་བུ་དམ་པ་སོགས་གཤེགས་པའི་སྐབས་སུ་མྱ་ངན་རྩོམ་ཡིག་འབྲི་བའི་གོམས་གཤིས་སྔར་ནས་ཡོད་པས། དཔེར་ན། དགོན་པ་ག་གེ་མོའི་བླ་མ་ཞིག་འདས་ཚེ་སངས་རྒྱས་ཀྱི་བསྟན་པའི་ག་ཆེན་ཆག་སོང་རབས་སོགས་ལྟས་ངན་གྱི་ཚིག་མང་དུ་བེད་སྤྱོད་པ་ཡིན།ད་དུང་ཉི་མ་སར་འགྱེལ་ཚུལ་དང་ཟླ་བ་མཚོ་ལ་ལྷུང་བ་སོགས་བཀྲ་མི་ཤིས་པ་སྣ་དགུ་འབྲི་སྲོལ་ཡོད།འདི་དག་ནི་བོད་མི་ཡིག་གཟན་ཞིག་ཡིན་ཚེ་གོ་བ་ལོན་ཐུབ་པའི་ཚད་དུ་ཡོད་མོད། འོན་ཀྱང་། ཧ་ཅང་ཁ་ཆག་སྣ་རུལ་ཡིན་པའི་བཙན་བྱོལ་བོད་ཁྱིམ་གྱི་འཛིན་རིམ་གསུམ་བཞི་ཡི་ཤེས་ཚད་ལས་མེད་པ་དག་གིས་སྙན་ངག་གི་གོ་བ་ལོན་མི་ཐུབ་པས་མང་ཚོགས་ཀྱིས་དེ་ལ་ཉན་འཇོག་མ་བྱས་ན་བཟང་།
ད་དུང་ལམ་དབུ་མ་ལ་མགོ་འབུལ་ལུས་འབུལ་བྱས་ཟིན་པའི་ལྷའི་ཕོ་ཉ་དང་ལས་ཀྱི་སྣེ་མོ་བར་གཏོགས་པ་དག་གིས་ནི་རང་བཙན་པ་རྣམས་བསྟན་དགྲ་དང་། དམ་ཉམས་སུ་བརྩིས་ཏེ་ཚར་གཅོད་དང་ཚར་བསྡུའི་ཕྱག་ལས་སྣ་ཚོགས་རབ་དང་རིམ་པར་སྤེལ་བའི་དུས་མཚུངས་སུ་ཁོ་ཚོའི་འགྲེལ་ལོག་ལ་དེ་བས་ཀྱང་ཉན་མི་རུང་ངོ།།
13/2/2017 ཉིན།
འདྲེས་གསུངས་པ་དེ་ཤིན་ཏུ་བདེན། འདི་དཀར་པོ་མ་རེད་ཟེར་དུས། ནག་པོ་རེད་ཟེར་བ་ལྟ་བུའི་གོ་བ་ལོག་སྒྲུབ་བྱེད་མཁན་དེ་ང་ཚོ་བོད་པའི་སྤྱི་ཚོགས་མ་གཏོགས་སུ་ཨེ་ཡོད་སྙམ། ལོ་༡༡༣ རིང་འཚོ་བཞུགས་དགོས་པའི་མི་འདི་ཡིན་ཟེར་དུས། གཞན་དེ་ལོ་ཐུང་དུ་བཏང་བའི་སྐད་ཆ་མ་རེད། དཔེར་ན་ཁྱེད་ལ་བཀྲ་ཤིས་བདེ་ལེགས་ཞེས་ཟེར་དུས། གཞན་དེ་ལ་བཀྲ་མི་ཤིས་ཨ་ཟེར་བ་མ་ཡིན་པ་ལྟ་བུ་ཡིན་པ་རིགས་འགྲེའོ།
སྤྱིར་ན་བསམ་ཚུལ་འདིའི་ཁ་བྱང་གི་ཡིག་འབྲི་དང་པོ་ནས་ཡིག་ནོར་བྲིས་འདུག་པས་གླེང་རིན་གང་ཡང་མེད་པ་གསལ་མོད། སྐྱག་པའི་སྒང་ལ་ས་འགེབས་བཞིན་པའི་སྐྱག་ཕྲུག་ཚོས་ཤེས་མདོག་གིས་མྱ་ངན་གྱི་རྩོམ་ཡིག་འབྲི་སྟངས་རེད་ཟེར། སྙིང་རྗེ། སྙན་ངག་རེད་དམ། གད་མོ་མ་སློང་།
ཁ་ནས་དགྲ་བོ་རྒྱ་ནག་ཟེར་ནས་ཁ་འདོན་ལྟར་བྱེད་མོད་་་དོན་དུ་ད་ལྟ་བར་དུ་ཁ་ཕྱིར་འཁོར་ནས་ཅི་ཞིག་བྱས་ཡོད། བོད་ནང་ཁུར་ལ་ཐུག་དུས་སྟག་གཟིག་ནང་བཞིན་མང་པོ་འདུག་་་་་སྐྱོ་དགོས་པ་རེད་འདུག
རྩོམ་ཡིག་འདིའི་རྗོད་བྱ་རྗོད་བྱེད་ལ་བྲོ་བ་མ་
མྱོང་གོང་དུ་དམངས་གཙོ་ཟེར་བའི་ཐ་སྙད་དེ་
མཐོང་སྐབས་རྩོམ་ཡིག་དེ་ཀློག་རྒྱུ་བཞག་པ་
ཡིན་།
མང་་གཙོ་ནི་མི་མང་གི་དབང་སྒྱུར་བྱེད་པའི་
ཆབ་སྲིད་ལམ་ལུགས་ཤིག་ཡིན་པ་དང་དམངས་གཙོ་ནི་གྲལ་རིམ་གྱི་དབང་སྒྱུར་བྱེད་པའི་ཆབ་སྲིད་ལམ་ལུགས་ལ་ངོས་འཛིན་ཞུ་གིྈཡོད་།
མངས། ཞེས་པ་མང་པོ་དང་། དམངས།་ཞེས་པ་གཡོག་དང་། དམན་པའི་དོན་ཡིན་པར་བོད་ཀྱི་དཔེ་རྙིང་དག་ན་གསལ་ལོ།
ཨ་རིག་འགྱུར་མེད་སོགས་བོད་ཁྱིམ་འཛིན་རིམ་བཞི་ལྔ་གཡས་གཡོན་གྱི་ལག་འཁྱེར་ཡོད་མཁན་དེ་ཚོ་འོ་ཞིག་རེད། ང་ལྟ་བུ་ལ་མཚོན་ན། ངས་སྙན་ངག་མི་ཤེས། རིག་ལམ་མི་ཤེས། ཐ་ན་ང་ལ་འཛིན་རིམ་དང་པོའི་ལག་འཁྱེར་ཡང་མེད། འོན་ཀྱང་།
ཀླུ་མཁར་བྱམས་ཀྱིས་སྙན་ངག་ལྟར་དུ་བྲིས་ཀྱང་འདྲ། གཞན་གྱིས་གསར་འགྱུར་ལྟར་དུ་ཀློག་ཀྱང་འདྲ། གང་ལྟར་ཟུར་ཟ་རང་བཞིན་གྱི་ཚིག་ཅིག་ཡིན་པ་དེ་ལྟས་ངན་གཡང་ལ་བསྒྱུར་ཐབས་མེད་པ་དེ་ཤེས་ཀྱི་ཡོད། དམངས་ཁྲོད་ཡོངས་གྲགས་སུ་ཡོད་པའི་ཟུར་ཟའི་གཏམ་བཤད་སྟངས་ཤིག་རེད། དེར་བརྟེན་དེ་ལ་སྙན་ངག་ཀྱང་ཤེས་མི་དགོས་ལ་རིག་ལམ་ཡང་ཤེས་མི་དགོས་པ་ཞིག་རེད། བློ་རབ་འབྲིང་ཐ་གསུམ་གང་ཡིན་ཡང་ཁོ་ལ་ཁྲོས་དགོས་ས་དེ་མ་རེད། ཁོ་སྙིང་རྗེ་དགོས་ས་དེ་རེད། ཁོའི་བཟའ་ཟླས་སྡུག་སྐད་ཤོར་གྱིན་པ་ཐོས་དུས་དེ་ལས་ཀྱང་སྙིང་རྗེ་དགོས་ངེས་ཤིག་རེད།
ཨ་ཚོགས་པས་སྙན་ངག་ཅིག་འབྲི་ཨེ་ཤེས། དེ་སྙན་ངག་རེད་ཟེར་མཁན་དེས་ཀྱང་སྙན་ངག་ཅང་ཨེ་ཤེས། མ་རིག་པ་ལ་མ་རིག་པས་འགྲེལ་ན་མུན་པས་མུན་པ་གསལ་ཐབས་བྱེད་པ་དང་ཅིས་མི་མཚུངས། ལར་ནས་དེང་སང་ཨ་མདོ་བ་ལོ་གཞོན་ཚོ་དཔུང་བསྒྲིལ་ནས་སྲུང་དགོས་པ་ཞིག་ཡོད་ན། དེ་ཨ་ཚོགས་པ་ཡིན་དགོས་པ་ཅི་རེད།
སྣ་ག་ཚོད་འཐེན་ནའང་ཁ་ནང་ལ་བསླེབ་ཀྱི་མ་རེད། སྟས་ངན་གཡང་དུ་བསྒྱུར་འདོད་ཀྱང་ཟུར་ཟ་ནི་ཟུར་ཟ་རེད། ལག་འཁྱེར་སྣ་གཅིག་ཀྱང་མེད་པའི་ཀླུ་ཡི་རྩོམ་དང་འཛིན་གྲྭ་བཞི་བ་ལྔ་བའི་ལག་འཁྱེར་ཅན་གྱི་ཨ་རིག་འགྱུར་མེད་ཀྱིས་དྲང་བཤད་དེ་རིན་ཐང་ཆེ་སོང་།
ད་འུར་བརྒྱབ་ནས་མ་འདུག འདྲེ་སྙུགས་ཐོགས་དང་སོག་ཚ།
རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་པས་དགའ་བསུ་ཞུ། འདི་ལྟར་བཤད་ན་འུ་ཚོ་ཐུན་མོང་ལ་རྩོད་པ་མ་ཡིན་པའི་བློ་འབྱེད་ཡག་གོ་ཞིག་ཡོང་ངེས་རེེད། དེ་མ་ཡིན་པར་འུར་དང་རང་འདོད་རྐྱང་རྐྱང་བཤད་བསྡད་ན་སུ་ལའང་ཕན་ཐོགས་མེད་པར་རེད།