དགའ་བ་མཇེ་ཕྲུག
ཉིན་རེའི་ཁ་པར་དྲ་རྒྱའི་ཚད་ཟད་ཅིང་།།
རྒྱལ་ཡུམ་ཆེན་མོའི་རྐང་པོལ་ཐད་བསྲིངས་ཆེད།།
ཟ་ཁང་ཇ་ཁང་ཞིག་གི་སྒོ་བྱང་སྒང་།།
རིན་མེད་སྐུད་མེད་དྲ་བའི་བརྡ་ཁྱབ་བཙལ།།
ཁྲོམ་གཞུང་དབུས་ནས་གཡས་གཡོན་ལྟ་གིན་དུ།།
ཨ་འབྲུག་ཟ་ཁང་ཁང་ཐོག་གཉིས་པའི་སྒོར།།
རིན་མེད་དྲ་རྒྱ་ཡོད་ཅེས་རིག་པའི་འཕྲལ།།
ནང་ལ་འཛུལ་ཏེ་གསང་ཨང་བསླངས་ཏེ་མཐུད།།
ལག་ལ་སྒོར་མོ་ཉིས་བརྒྱ་བཅུ་ལས་མེད།།
རིན་མཐོ་གུང་ཚིགས་ཟ་བར་མི་ཁུག་བས།།
བོད་ཇ་ཤལ་ཕོར་གང་གིས་འཐུས་བྱས་ཏེ།།
རྐང་པོལ་ལྟ་བའི་དབྱིངས་སུ་ཐིམ་པར་བྱས།།
ནང་ལ་ཐ་མག་འཐེན་ན་ནག་ཉེས་ཡིན།།
ཞེས་པའི་བརྡ་ཐོ་བྱང་གི་ངོས་ལ་གསལ།།
དུ་བ་དབུགས་ལམ་རྒྱུ་བའི་བདེ་བའི་ཆེད།།
ཕྱི་ཡི་སྒོ་ར་ཆུང་ཆུང་དེ་རུ་ཆས།།
ཐ་མ་རྐང་གཅིག་མཆུ་ཡིས་རེག་པའི་བར།།
བུད་མེད་ཅིག་གི་ངག་སྐད་རྣ་བར་ལྷུང་།།
ཕོ་ནི་མོ་ལ་ཞེན་པའི་བག་ཆགས་དེས།།
ངོ་ཁ་བསློགས་ཏེ་ལྟ་འདོད་ཚོར་བ་རྒོད།།
མིག་ཤལ་དཀར་པོ་གྱོན་ཞིང་ངོ་གདོང་དཀར།།
ཕྲ་སྦོམ་ལུས་ཀྱི་ཚུགས་ཀ་རན་ཙམ་མངའ།།
རྒྱ་གར་སྲོལ་ཆས་སྤྲས་པའི་བུད་མེད་ཅིག །
རོགས་འགའི་ལྷན་དུ་ཁ་ལག་ཟ་བ་མཐོང་།།
སྣང་བའི་ངོགས་ལ་བོད་མོའི་ཚུལ་ཞིག་མཆིས།།
འདུས་པའི་གྲོགས་ཚོས་རྒྱ་སྐད་བཤད་ཀྱིན་འདུག །
གང་ཁྱེད་སྣ་ལེབ་རྒྱ་བོད་གང་ཡིན་པ།།
ཁོ་བོའི་སེམས་ལ་སོམ་ཉི་ཉིད་དུ་གྱུར།།
ཐད་ཀར་མི་ལ་ཅེར་ན་མི་མཛའ་བས།།
མིག་ཟུར་གང་ལ་གཏད་པ་མི་མངོན་ཆེད།།
མིག་ཤལ་ནག་པོ་གྱོན་པའི་གོམ་གཤིས་འདི།།
སྐྱེས་བོ་ཕལ་ཆེའི་བློ་ལ་འཁོར་ནས་འོང་།།
ཐ་མག་རྐང་ཅིག་མེ་ཡིས་མ་ཟད་བར།།
ཞ་ཞོར་ཟུར་བལྟ་བསྟུད་མར་བྱས་པའི་རྗེས།།
གློ་བུར་ཚུར་ལའང་དོགས་སྣང་ཞིག་ཚུལ་གྱིས།།
བལྟས་པ་དེ་ནི་སྟེས་དབང་ཁོ་ན་ཡིན།།
ཁ་པར་ནང་གི་གློག་རྫས་ཟད་ལ་ཁད།།
ཤལ་ཕོར་ནང་གི་ཇ་ཁ་ཞབས་ལ་ཐུག །
གཞལ་ཡས་ཟ་ཁང་སྣང་བ་སྐྱིད་ན་ཡང་།།
ང་རང་འདི་ན་འདུག་དབང་མེད་ཚུལ་དྲན།།
ལག་ལ་པར་ཆས་ཁྱེར་ཏེ་ཁྲོམ་གཞུང་ལ།།
སྐོར་བ་ཡང་ཡང་བསྐོར་བའི་བར་སྐབས་དེར།།
མོ་རང་སླར་ཡང་མདུན་གྱི་ལམ་ཟུར་ནས།།
འོང་བ་མཐོང་ཚེ་ང་རང་ཚག་ཚིག་གྱུར།།
ལམ་ནས་ཐུག་ཀྱང་ངོ་ལ་ལྟ་མ་ཕོད།།
རྒྱང་ནས་མཐོང་ན་མིག་ཞགས་འཕེན་པར་འབད།།
གདོང་ཐུག་ཐེབས་པའི་འདྲིས་མེད་སྨན་ཤར་དང་།།
སྡོང་འདྲིས་སྐལ་བ་བསམ་པའི་སྦུག་ལ་མེད།།
ཡིད་འོང་ཡུལ་ལྗོངས་པར་རུ་ལེན་བཞིན་དུ།།
དུས་ཡུན་གང་ཙམ་ཐོགས་པ་ཚོར་མེད་གྱུར།།
གློ་བུར་ཉི་འོད་ཡལ་བའི་སྟངས་སྟབས་དེས།།
མཐོན་མཐིང་དབྱིངས་ལ་གཞི་ནས་འདང་ཞིག་རྒྱབ།།
གནམ་ལ་སྤྲིན་ནག་འཐིབས་ཤིང་འབྲུག་སྐད་གྲགས།།
ལྷགས་རླུང་བཙན་པོ་ཕྱོགས་མེད་ཀུན་ནས་ལྡང་།།
དྲག་ཆར་འབབ་པའི་ལྔ་ལྟས་རྣལ་མ་འདིས།།
ཇ་ཁང་ཞིག་ལ་མ་འཛུལ་ཐབས་མེད་བཟོས།།
རྙིང་མའི་འཚིག་ཇ་ཁང་གི་སྒོ་བྱང་དེ།།
ཟ་ཁང་ཇ་ཁང་གཞན་ལས་མངོན་གསལ་དོད།།
ལམ་བར་རྒྱུ་བའི་འགྲུལ་པ་བརྒྱ་སྟོང་གི །
བློ་ལ་འགྲོ་འདོད་སྐྱེ་བ་རང་བཞིན་ཞིག
ཕྱི་ལ་ཤིང་གིས་བཟོས་པའི་བཞུགས་གྲལ་མཚར།།
ནང་ལ་ཡངས་པའི་གཞལ་ཡས་ལྡིང་ཁང་མཛེས།།
གློག་སྒྲོན་དཀར་དམར་འོད་ཀྱིས་མཐའ་སྐོར་བའི།།
རྙིང་མའི་འཚིག་ཇ་ཁང་འདི་གཞན་ལས་སྐྱིད།།
སྒོ་ཡི་ཐེམ་པ་ཕྱེད་ཙམ་བརྒལ་བའི་མོད།།
ཕ་གིའི་འབོལ་གདན་སྒང་ན་མི་འགའ་མཐོང་།།
ཉིན་གུང་འཕྲད་པའི་རྒྱུས་མེད་སྨན་ཤར་དེ།།
སླར་ཡང་འདི་ནས་མཇལ་བས་ཧད་དེ་ལུས།།
སྔོན་ཆད་འབྲེལ་འདྲིས་གང་ཞིག་མ་མཆིས་པའི།།
འཇོ་སྒེག་གཞོན་ནུ་མ་འདི་མཇལ་ཐེངས་མང་།།
ད་ལན་མོ་ཡང་ཚུར་ལ་ཅུང་བལྟས་རྗེས།།
རོགས་ཚོར་ཡ་མཚན་རྣམ་འགྱུར་བསྟན་པ་མཐོང་།།
ཐོག་མ་འཕྲད་པ་སྟེས་དབང་ཡིན་ཡང་སྲིད།།
ཡང་སྐྱར་མཇལ་བ་ལས་དབང་ཡིན་ཡང་ཆོག །
ཐེངས་གསུམ་ཐུག་པའི་རྒྱུས་མེད་སྨན་ཤར་འདི།།
ལྐོག་གྱུར་ལྷ་ཡིས་ཁ་ཆད་བཟོས་པ་འདྲ།།
ཆེད་མངགས་རྗེས་འདེད་བྱས་པ་མ་ཡིན་ཀྱང་།།
མོ་རང་གར་སོང་ང་ཡང་བསླེབས་འདི་མཚར།།
མུན་པ་རུབ་ཚེ་ཁྱེད་ཀྱི་མལ་ཁང་ན།།
ང་རང་འོང་བའི་སྐལ་བ་ཡོད་དམ་ཅི།།
གཤིབ་པའི་དགའ་མ་བོས་ཀྱང་མཇལ་ཡུན་ཐུང་།།
མ་འདྲིས་མཛེས་མ་མ་བསམ་རང་བཞིན་འཕྲད།།
ལས་འཕྲོ་ཡོད་ན་དུས་ཚོད་རེ་འགའི་ནང་།།
ལས་ཀྱི་ཞགས་པའི་འོག་ནས་ཐར་ཐབས་བྲལ།།
མདུན་ལ་འགྲོ་བའི་སྤོབས་སེམས་མ་མཆིས་ཀྱང་།།
ལྐོག་ལ་རྒྱབ་ནས་པར་ཞིག་བླངས་ནས་ཡོད།།
སང་ཉིན་ཁྱེད་ཉིད་གང་འགྲོ་མ་ངེས་པས།།
མ་འོངས་ཁོ་བོའི་དྲན་ཐོའི་ཉིང་བཅུད་ཡིན།།
ད་ནི་མུན་རུབ་སྨག་ལ་ཁད་ནས་གདའ།།
ཁྱེད་ཉིད་རང་སར་དལ་གྱིས་ལོག་ནས་འགྲོ །
ང་རང་ཁྱེད་བཞིན་ཚང་ལ་བྱ་བཞིན་འཕུར།།
འདུས་པའི་མཐའ་མ་ཐམས་ཅད་བྲལ་བའི་རྒྱུ།།
སང་ཉིན་ནམ་གྱི་ཉི་མ་གསར་པ་ལ།།
ཁྱེད་ཉིད་གང་ཞིག་ཡོད་པ་དཔོག་དཀའ་ལ།།
ང་ཡང་གང་ལ་ཉུལ་བ་ཤེས་དཀའ་བས།།
དེ་རིང་གཏམ་རྒྱུད་སེམས་ཀྱི་འཆར་སྒོ་ཙམ།།
དེ་རིང་ཐེངས་གསུམ་འཕྲད་པ་རྒྱུ་མའི་གཏམ།།
སང་ཉིན་མངོན་རྒྱུ་མེད་པ་རྨི་ལམ་འདྲ།།
འཇིག་རྟེན་ངེས་བརྟན་མེད་པའི་གྲུ་ག་ནས།།
ངེད་གཉིས་སླར་མཇལ་རེ་བ་སྟོང་ཟད་རེད།།
༢༠༡༩/༦/༣ ཉིན།
བརྒྱ་ཕྲག་ཉེར་གཅིག་སྙན་དངགས་མཁན། །
སྨྱུག་མིང་དགའ་དབང་རང་ལ་བཏགས། །
ཉིན་རེ་ཚོར་བ་སྨྱུག་རྩེར་བཀོན། །
ས་ཟླར་མཇེ་ཕྲུག་ཆགས་སྲེད་སྤེལ། །
སྙན་པོ་ཞིག་བྲིས་འདུག ཐུགས་རྗེ་ཆེ།
འཁྲིག་སྤྱོད་ཀྱི་ཕན་ཡོན་བཅུ་གཅིག་མ།
http://tibettimes.net/2019/06/04/178026/