(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
རྩོམ་པ་པོ། དཔལ་བེའུ།
༡
བས་མཐར་སྤྱུགས་པའི་འཇིག་རྟེན་གྱི་སྙིགས་རོ་དང་།
གདངས་དབྱངས་སྙན་པོ་ཞིག་གི་ཕར་ངོགས་ནས།
ལྷ་སྲིན་གང་རུང་གི་རྨུ་ཐག་ལ་བརྒྱུས་པའི་སྡུག་བསྔལ་དག་རིས་མེད་ངང་།
འཁོར་བའི་གཏིང་མཐའ་ནས་རུས་རྐང་ལ་འཇབས་ནས་ཐོན་པས།
ཤལ་མ་ལི་ཡི་སྡོང་འགོར་བསྐྱོན་པའི་མེ་ཏོག་གི་ཕྲེང་བ་དེ་ཉིད།
ལོ་ཟླའི་མཆི་མ་བོར་མ་མྱོང་བའི་ཁ་དན་ལ་གོད་ཆག་བཟོས་སོང་།
༢
ནགས་འདབས་ནས་ཆས་པའི་རི་བོ་དག
གཅིག་རྗེས་གཉིས་འཐུད་སྒོས་འདམ་རྫབ་ཀྱི་ངོགས་སུ་འཕུར་ཞིང་རྩེན་དུས།
མི་གཙང་བའི་དྲི་མ་གྱོན་པའི་རླུང་བུའང་།
རབ་རིབ་མག་མོག་གི་སྣང་བ་དགུང་ལ་སྤུར་ཏེ།
ཨ་ལན་ཡོད་མ་མྱོང་བའི་འབོད་བརྡའི་ཕྱི་ནང་བསློག་བཞིན་ཡོད་མོད།
བརྩེ་བ་དང་འདོད་ཧམ་གྱི་སྡོམ་བརྒྱས་བརྩེགས་པའི།
ཉེ་མི་ཚོའི་གདོང་ལ་འཚུབ་པའི། བརླན་གཤེར་འདྲེས་པའི་ས་རྡུལ་སྤར་མོ་གང་གི་འདྲ་རིས་དེ།
ཨ་ཚ་ཨ་ཆུ་ཟེར་བའི་སྣང་བ་ལྡོམ་པོ་དེས་ཟིན་ཐབས་མི་འདུག
༣
ཉིན་གཅིག་གི་ངལ་དུབ་ཙམ་ཡང་མ་བོར་བའི་དུས་ད་ལྟ།
འབྱུང་བཞིའི་གོད་ཆག་ལ་རེ་བའི་འདབ་ལོ་དག་ཀྱང་།
གང་ཞིག་ལ་ཚང་རྩིས་བྱེད་པ་ལྟར་ལྟོགས་སྐོམ་གྱི་རི་ལུང་བརྒལ་བས།
ས་རྡུལ་གྱིས་གཡོགས་པའི་གོ་ལའི་རྒྱ་ཁྱོན་ཀུན་ཏུ།
སྐྱ་ཐིང་ཐིང་གི་ངོ་གདོང་ཞིག་ལས་ཅི་ཡང་རྙེད་མ་བྱུང་།
༤
ཡིན་ནའང་། སྐྲག་སྣང་མཐོན་པོ་དེའི་དབྱིངས་སུ་བསྐྱོད་པའི་རླུང་རྟའི་ཚོགས།
ད་དུང་ཡང་། མཐའ་མཇུག་གི་ཚ་བའི་རེག་བྱ་མ་ཚོར་བའི་ཤེད་ཀྱིས།
ཁྲག་གི་མཚོ་མོར་བྱིངས་བའི་རྣམ་ཤེས་དག་ལོགས་སུ་བཞག་སྟེ།
སྣང་བ་རྒྱ་ཡན་པའི་དབུས་སུ་འཁྲབ་སྟོན་སྣ་མང་བྱས་པས།
ནན་གྱིས་སྤོས་པའི་གོམ་པ་དང་པོ་དེའི་དོན་ལྔ་སྣོད་དྲུག་ལ།
བཙའ་ཡིས་ཟིན་པའི་ལྕགས་མདའ་རེ་ངང་གིས་ཤོར་འགྲོ
༥
དེ་ཡང་ཡིན་ཏེ། ཁུ་སིམ་པའི་མིག་ཆུ་ནི།
ཁྱོད་ཀྱི་འཛུམ་ཟེར་སློང་བའི་ལག་རྟགས་སུ་མ་གྱུར་བའི་སྔ་རོལ་ཏུ།
མིའི་རིགས་ཀྱི་སྐེ་ལ་ཅིས་ཀྱང་འདོགས་དགོས་པའི་སྲུང་མདུད་དུ་གྱུར་རྗེས།
དུས་ཀྱི་ཁྲག་རྩར་བཞུར་བའི་རེག་དུག་གི་འབུ་ཕྲན་མང་པོ།
དད་པ་བཅོས་མ་ཞིག་གི་སྒེའུ་ཁུང་ལས་ཕྱོགས་སུ་མཆེད་བྱུང་།
ཡང་ན། འོད་སྣང་དམར་པོ་ཞིག་གི་གཤིས་སུ་རྒོལ་བར་བརྩམས་བྱུང་།
༦
མ་ཎི་འཁོར་ལོའི་ཙིར་སྒྲ་ལ་རྣ་བ་ཕྱོགས་ཤིང་།
གླེགས་བམ་ལས་འཐོར་བའི་བྱམས་དང་སྙིང་རྗེའི་སྦུབས་སུ་བཅུག་པའི།
གབ་ཚིག་དང་འདུ་ཤེས་ཀྱི་རྡོ་བ་གྲངས་མེད་པ་དེ་དག
ཐལ་མདོག་གི་མིག་ཆུ་བསྐྱིལ་ཙམ་བྱས་པའི་འབྲས་རྟགས་སུ།
ས་གནམ་གཉིས་ཀྱི་སྙིང་ལ་ཟུག་པའི་དུད་སྤྲིན་ལྷོག་ལྷོག་འཕྱུར་བས།
ལྷ་ཆེན་པོའི་མེ་ལོང་ངོར་ཆགས་པའི་རྡུལ་ཕྲན་ལ་ཁ་ལོ་བསྒྱུར་ཐབས་ག་རེ་ཡོད།
༧
ན་བུན་གསེབ་ཀྱི་མིག་འོད་དེ་ནི་ཟླ་བ་མ་རེད་ཅེས་སུས་ཀྱང་བཤད་དཀའ་མོད།
སྟོང་ཁམས་ཀྱི་མྱ་ངན་རུམ་པའི་བྱ་དངོས་ཡོད་ཚད།
འཕག་འཚག་རྒྱག་ཐེངས་གཅིག་གིས་བཙན་གྱིས་སྒྲོག་པའི་ངུ་སྐད་ལ་འཁྱུད་དེ།
གོམས་གཤིས་སུ་གྲུབ་པའི་སྐྲ་ལོ་དག་རེ་རེ་བཞིན་ཕྱོགས་སུ་སྤུར་དུས།
སྐྱེ་རྒ་ན་འཆིའི་གཤོག་སྒྲོ་ངོམ་པའི་སེམས་དང་སེམས་བྱུང་དག་ཀྱང་།
ཆེས་མཐའ་མའི་ཚོར་བ་རྡོག་གཅིག་གི་སྣེ་མོར་དཔྱངས་ནས།
འཚིག་རོ་དང་དམར་ལམ་ལམ་གྱི་ཐལ་བའི་འཇིག་རྟེན་ལ་བཞུད་སོང་ཨང་།
༨
ད་ནི་ང་ལ་ཅི་ཡང་ལྷག་མེད།
ཅི་ཡང་ལྷག་མེད་པའི་གཞི་མེད་གཟུགས་མེད་ཀྱི་མཁའ་དབྱིངས་ནས།
དཀྱིལ་ཀྲུང་གོར་མོ་ཞིག་ལ་གློ་བ་བསྙེས་ཏེ།
གང་ཡང་མ་བཤད་པ་ལྟ་བུའི་སྐད་ཆའི་སྙིགས་རོ་དག་སྐྱུགས་བལྡད་བྱས་རྗེས།
འཆི་མེད་རིལ་བུ་ཞིག་ལ་སྒུག་ཆོག་པའི་རེ་བ་ག་ཙམ་ཡོད།
༢༠༡༡ལོའི་སྤྱི་ཟླ་༨ཚེས༡༤པའི་ཉིན་གུང་ཆུ་ཚོད་གཅིག་གི་སྟེང་རང་ཤག་ནས།