བོན་རྒྱ་བསྟན་འཛིན་རབ་རྒྱས།
གཉེན་གྲོགས་སྐྱོབ་ལ་ལྷག་པར་མ་ཆགས་བརྩེ་བ་ཆེན་པོའི་སྟོང་བ་ཉིད། །
ཡིད་འོང་འཛུམ་གྱི་དར་ཆ་མ་འཕྱར་ཡིད་འོང་བྱམས་པའི་ཕྱག་རྒྱ་ཆེ། །
སྣང་ཞིང་སྟོང་བའི་དེ་ཉིད་གཟིགས་པ་རྫོགས་པ་ཆེན་པོའི་རྐང་གི་མར། །
གནས་ལུགས་རྗེན་མའི་ཟླ་བ་དཀར་པོར་བསིལ་བའི་གྲུ་ཆར་ཇི་ཡང་འཇོ། །
འཕུར་མ་ལངས་ཀྱི་དུག་སྦྲང་ལས་ཀྱང་བརྩེ་ཆེན་མ་ལོའི་བཞིན་མཇལ་བ། །
སྐྱི་པགས་ཟད་པའི་ཁྱི་སྡོམ་ཚོགས་ལ་དྲིན་གཟོའི་དཀའ་ཆེན་ཁུར་བཟོད་པ། །
སྤྲང་ཞིང་མུག་པའི་མ་སྨད་ངོས་རུ་ཡིད་འོང་མཛེས་པའི་རོ་མྱོང་བ། །
འགྲོ་ལ་ཆགས་པས་ར་རོར་གྱུར་ཁྱེད་བསམ་བཞིན་འཁོར་བའི་བཙན་རྫོང་ཉུལ། །
སྡུག་ཀུན་བདེན་པའི་གདུང་བ་མཐའ་དག་རྩ་ནས་ཆད་པ་འོད་ཀྱི་སྐུ། །
ཕྱི་རོལ་གཟུང་བ་ལྷུན་པོའི་སྤོ་ཡང་འཛིན་པའི་སྣང་བ་ཀུན་ཞིག་པ། །
ཤེས་ཉོན་རྩ་བ་དྲུངས་ནས་འབྱིན་པ་རྣམ་འབྱེད་རིག་པའི་མི་བོ་ཆེ། །
ཐེག་གསུམ་རིག་པའི་རྩལ་གྱིས་དཔའ་བ་ཤེས་རབ་ཆེན་པོའི་བཞིན་དཔལ་རྒྱས། །
སྐྱེ་དང་རྒ་དང་ན་བ་དང་བཅས་འདི་སྣང་ཆོས་ཀྱི་རོལ་རྩེད་ཀུན། །
ཕར་བཏགས་རྟོག་པའི་སྣང་ཆ་ཙམ་ལས་རྡུལ་ཕྲན་ཙམ་ཡང་ཡོད་མིན་པ། །
རྗེན་པར་གཟིགས་ཤིང་མཐོན་པོར་སྒྲོགས་པ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་བཞིན། །
ཐུབ་པའི་ལུགས་བཟང་སྲིད་མཐར་སྤེལ་ལ་ཚོར་མེད་ཤིང་དང་ཟམ་པར་སྤྲུལ། །
ཚུར་རོལ་མཐོང་བའི་གནས་མལ་དུ་ཡང་སྟོང་བའི་དགའ་མར་འཐམ་ཞིང་འཁྱུད། །
སྡང་བའི་དགྲ་ཡང་རང་ཤ་སྟེར་བར་དགའ་བའི་ཅ་ཅོ་ངང་གིས་འཆོར། །
བརྩེ་ཆེན་དབང་གྱུར་ལུས་སྲོག་བསྔོ་ལ་རབ་ཏུ་དགའ་བའི་སར་གཤེགས་པ། །
དགོས་འདོད་ཀུན་གྱི་ནོར་བུ་ཐོབ་ཡང་འཆང་བའི་སྤར་རྩ་ཀུནས་ནས་ལྷོད། །
སྐྱ་ལོ་སེང་ལྕམ་གཅེར་བུར་ཕེབས་ཀྱང་སྒྱུ་མའི་འཇུག་པ་བྲལ་བ་སྟེ།།
དགའ་སྐྱོའི་རླབས་ཀྱི་མཚོ་ཆེན་གཤགས་ལ་གསེར་མིག་ཉ་མོའི་རྩལ་རྒྱས་པ། །
སྟོན་ལྗོངས་མཁའ་ན་འོད་ཀྱིས་རྒྱུ་བའི་ཆ་རྫོགས་ཉ་གང་ཟླ་བ་བཞིན། །
ཚུལ་མིན་དྲི་མ་ཡོངས་སུ་དག་པ་ཤེས་རབ་ཤེལ་གྱི་འོད་དུ་གྱུར། །
ཡན་ལག་ཉིང་ལག་རབ་ཏུ་བཅད་དེ་སྲིན་པོའི་སྲང་ལ་གཞལ་གྱུར་ཀྱང་། །
བརྩེ་བའི་འདུན་པ་འཁྲུག་པར་མི་འགྱུར་དཔལ་གྱི་རི་རྒྱལ་ལྷུན་པོ་བཞིན། །
ཤེས་བྱའི་བུད་ཤིང་ཀུན་ནས་བསྲེགས་པ་ལྷན་སྐྱེས་རྟོགས་པའི་མེ་ཆེན་སྟེ། །
རང་སེམས་སྒྲིབ་མེད་འོད་དུ་བྱས་ཤིང་གཞན་གཏོགས་མུན་པའི་གདོང་ལ་འབར། །
ཚོགས་གཉིས་དཔལ་གྱི་ལང་ཚོ་འབར་བ་ཟབ་ཡངས་མཐའ་བྲལ་ཆུ་བོ་སྟེ། །
དགེ་བའི་ལོ་ཏོག་རྒྱས་བར་གྲོལ་ལ་འབབ་རྒྱུན་རིང་ཡང་ངལ་དུབ་བྲལ། །
བརྩོན་པའི་མེ་ལྕེ་གྱེན་དུ་མཆེད་པ་བསྐལ་བ་སྣུབ་པའི་མེ་དཔུང་བཞིན། །
བདེ་གཤེགས་ལམ་ཆེན་འོད་དུ་བྱེད་ལ་ཁྱེད་ཀྱི་ཚ་ཟེར་ཅི་ཡང་འགྱེད། །
བདག་ཉིད་ཆེ་བའི་གྲགས་པ་འབར་བ་བདུད་རྣམས་ཀྱིས་ཀྱང་གཞོམ་བྲལ་བ། །
ཞི་ལྷག་གཤོག་ཟུང་ཤེད་ཀྱིས་བརྡར་ཏེ་སྦྱངས་དཀའི་ས་ལ་མངོན་པར་གཤེགས། །
གཉུག་མའི་གཤིས་ལ་ལྷག་པར་མཁས་པའི་བློ་གྲོས་རྩལ་གྱི་མཐར་ཕྱིན་ཏེ། །
བསམ་བྱུང་སྒོམ་པ་རྒྱུད་དུ་སྨིན་ཞིང་འོད་གསལ་དབྱིངས་ལ་ནུབ་པར་གྱུར། །
ཡེ་ཤེས་ཆེན་འོད་ཀྱི་མེ་ཆེན་འབར་ལ་མངོན་དུ་ཕྱོགས་ཤིང་དབང་ཐོབ་པ། །
མ་དག་དྲི་མ་ཀུན་ནས་འཁྲུ་ལ་སྦྱོར་བའི་གཉེན་པོ་ཀུན་བསྟེན་པ། །
ཤེས་རབ་དཔལ་གྱི་ལང་ཚོ་དར་ལ་ཚོགས་ཀྱི་ཕ་རོལ་ཕྱིན་པ་སྟེ། །
རྒྱ་ཆེན་སྤྱོད་པའི་ལམ་གྱི་གྲུ་བོ་ཟབ་མོའི་ཤེས་རབ་འོད་དཀར་ཅན།
ཤེས་རབ་རྩལ་གྱི་དཔལ་ལ་དབང་བ་སྐད་ཅིག་འགོག་པ་བརྒྱར་འཇུག་ཅིང་། །
སྦྱིན་སོགས་སྤྱོད་པའི་ཉམས་ལེན་རེ་ལ་ཕྱིན་དྲུག་བསྡུ་བའི་ཐབས་ཆེན་པོ། །
མ་དག་ས་བདུན་རྡོག་པས་བཅད་པ་ས་ཆེན་གཤེགས་པའི་རིགས་ཀྱི་བུ། །
མངལ་སྦུབ་དྲི་མས་གོས་པར་མི་འགྱུར་འཕགས་ཆེན་ས་ལས་རིང་དུ་སོང་། །
སྡུག་ཀུན་རོ་ཡི་ཕུང་བོ་མ་ལྷག་ཞི་བའི་དབྱིངས་ན་བཟི་བ་སྟེ། །
བསྐལ་བའི་བར་དུ་ར་རོར་གྱུར་བའི་ཉན་རང་ཚོགས་ལས་རྒྱལ་བ་སྟེ། །
རྫོགས་དང་སྨིན་དང་སྦྱངས་པའི་སྨོན་ལམ་ཡོངས་སུ་གྲུབ་ཅིང་འགྲུབ་པ་ཡིས། །
སྔར་ལྷག་དགེ་བའི་འདོད་པ་འཇོ་ལ་གཡོ་མེད་ས་གསུམ་བླ་མ་གྱུར། །
སྔོན་དང་ད་ལྟའི་ཆོས་ཀུན་མཁྱེན་པ་བརྗེད་མེད་གཟུངས་ཀི་དངོས་གྲུབ་བརྙེས། །
ཡེ་དག་རིག་པ་ཡོངས་སུ་སྦྱངས་ཤིང་ཉེས་ཀུན་ཀུན་ནས་སྤྱོད་པ་མེད། །
ཡིད་ལ་རེ་བ་ཡོངས་སུ་རྫོགས་ཤིང་ཆོས་ཀུན་རྣམ་པར་དབྱེ་ལ་མཁས། །
བསམ་སྦྱོར་དགེ་བའི་སྟོབས་ཆེན་རྒྱས་པ་གཡོ་མེད་ཏིང་འཛིན་ཟས་ལ་རོལ། །
ཕྱོགས་བཅུར་འོད་ཟེར་སྟོང་དུ་འགྱེད་དེ་རྫོགས་སངས་རྒྱས་པའི་དབང་བསྐུར་ཞིང་། །
ཟད་མེད་དགེ་བའི་ལོ་ཏོག་སྤེལ་ལ་ཆར་སྤྲིན་མཐུག་པོའི་རྗེས་འགྲོ་སྟེ། །
གྲངས་མེད་གནས་ཀྱི་འགྲོ་བ་འདུལ་ལ་ལུས་བརྒྱ་སྟོང་དུ་སྤྲུལ་འགྱུར་ཞིང་། །
ལྷུན་གྲུབ་ཆོས་ཀྱི་སྦྲང་ཆར་འཇོ་ལ་ཟབ་རྒྱས་དབང་གི་ཆུ་ཁུར་འཛིན། །
དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ཆོས་ཚུལ་ཀུན་གྱི་བཅུད་བསྡུས་པ། །
དཔལ་ལྡན་ཟླ་བའི་འོད་དཀར་ཟེགས་མས་བརླན་པར་བྱས་པ་ཟབ་མོའི་གནས།
སྟོང་བ་ཆེན་པོའི་རྐང་མར་འདི་ཀོ་ལན་ཙམ་དྲན་དང་བརྗོད་པས་ཀྱང་། །
བསྐལ་བར་བསགས་པའི་སྡིགས་ཆེན་འདག་ལ་བདག་ནི་དཔའ་དང་སྤོབས་པས་ཁེངས། །
རྒྱུ་འབྲས་མན་ངག་བདུན་དང་ཐེག་གསུམ་ལྟ་བའི་དམིགས་སྒོམ་གྱི་རིམ་པ། དཔལ་ལྡན་ཟླ་བའི་བཞེད་ཚུལ་དང་མཐུན་པར་ས་བཅུའི་ཉམས་ལེན་གྱི་ཤེར་རྟོགས་ཀྱི་རིམ་པ་རྣམས་དཔལ་ལྡན་བླ་མ་རིན་པོ་ཆེའི་རྣམ་པར་ཐར་བ་དང་སྦྱར་ཏེ་བྱས་པའི་འབེལ་རྩོམ་འདི་ནི་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༦ ལ།
_______________________________________________
འབེལ་རྩོམ་དུག་གི་མདུད་པ།
སྡུག་ལྕེ་ཐུར་དུ་བསྣར་བ་ཁྲི་འབུམ་གྱིས། །
གུད་དང་གཡས་ནས་སྐྱོར་དང་བསྐོར་བཞིན་དུ། །
ཞེ་སའི་འབོལ་གདན་སྟོང་གི་ཡང་སྟེང་ནས། །
ཁྱེད་ཀྱིས་དགུང་གྲངས་དོན་བརྒྱད་ལྟག་ལ་བཞག །
མི་དང་གཡག་དང་གློ་དང་མཆིན་པ་བཅས། །
ཕྱག་གིས་ཕྱིལ་ཞིང་བྱམས་ཀྱིས་བསྐྱངས་ན་ཡང་། །
དུག་མཆེ་རྣོན་པོ་ལན་དུ་གཟོ་བ་ལ། །
འཇིགས་པ་མེད་པ་འདི་དག་ཀྱེ་མ་ཧུད། །
གཡོག་མོའི་བུ་ལ་སྡེ་དོན་མི་མཛའ་བའི། །
གནའ་མིའི་ལེགས་བཤད་གསེར་གྱི་ཐམ་ག་ཅན། །
མངོན་ཞིང་མཐོང་ཞིང་ལྷང་དུ་བུད་པ་ལ། །
ཡེ་དག་རིག་པའི་ཀློང་དུ་ཐུགས་དམ་བསྐང། །
ཉི་མའི་འོད་ཀྱི་གཟི་དཔལ་རྒྱས་པ་ལ། །
སྤར་ཡོལ་བྱེད་པ་འདི་ཀུན་སྙིང་རེ་རྗེ། །
ལྕེ་བརྒྱ་སྟོང་གིས་སྒྲུབ་ཀྱང་མི་འགྲུབ་པའི། །
ཁྱེད་ཀྱི་མཛད་རྗེས་སྐར་ཚོགས་ལས་ཀྱང་ལྷག །
ཤ་ཁྲག་ཚ་བོའི་སྒྱུ་ལས་གཡར་བོ་འདི། །
འཁྱག་པར་མ་གྱུར་དུབ་པར་མ་གྱུར་སྔོན། །
ཨེ་མ་ཁྱེད་དང་མཇལ་བ་སྐལ་བ་བཟང། །
བསོད་ནམས་འདི་ཡིས་འགྲོ་ཀུན་བདེ་གྱུར་ཅིག །
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས་སྤྱི་ལོ་ ༢༠༡༣ ཟླ་ ༧ ཚེས་ ༤ ཉིན་དགའ་བའི་ཉིན་མོ་སྤྱི་ཚེས་༦ ལ་དམིགས་ནས་བྲིས།
ད་ལྟ་སྐུའི་འཁྲུངས་སྐར་མཛད་སྒོ་བཀྲ་ཤིས་བདེ་ལེགས་ངང་ལེགས་པར་གྲུབ་སོང་། འདི་གའི་ས་གནས་མི་མང་ཐུན་མོང་ནས་༧གོང་ས་མཆོག་ལ་བདེན་པའི་འོད་སྣང་ཞེས་པའི་ཕྱག་འཁྱེར་ཞིག་ཕུལ་སོང་བར་མགོན་པོ་མཆོག་ནས་བཀའ་སློབ་གནང་དོན་ང་ལ་དགའ་དད་ཡོད་པའི་སྐྱེ་བོ་ཚང་མར་ངས་ཁྱེད་རྣམས་ལ་ཞུ་རྒྱུར། བྱམས་བརྩེ་དང་ལྡན་པའི་ངང་དྲང་པོ་ཞིག་བྱས་ན་དེ་ངའི་སྐྱེ་སྐར་གྱི་ལག་བརྟགས་ཡག་ཤོས་ཡིན་ཞེས་གསུངས་སོང་བར་༧གོང་ས་མཆོག་གི་རྗེས་འཇུག་ཡོངས་ནས་ཐུགས་ལ་འདོགས་པར་ཞུ།།
བོན་རྒྱ་ལགས་ངོ་མ་སྙན་བྱུང་་་་་་
སྟོང་བའི་རྐང་མར། ཟེར་ན་གང་ཟེར་བགྱིད་ཡོད་རེད།