༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་མཛད།
སྒྱུར་མཁན། གོང་དཀར་ངག་རྣམ།
ངོ་སྤྲོད་དང་། གླེང་བརྗོད།
ངོས་རང་ལོ་ངོ་བཅུ་དྲུག་ལ་སོན་སྐབས་རང་ཉིད་ཀྱི་རྒྱལ་ཁབ་གཞན་ལག་ཏུ་ཤོར་བ་དང་། ལོ་ངོ་ཉི་ཤུ་རྩ་བཞིའི་སྐབས་སྐྱབས་བཅོལ་བ་ཞིག་ཏུ་གྱུར། ངས་རང་གི་མི་ཚེའི་བརྒྱུད་རིམ་ནང་དཀའ་ངལ་མང་པོར་གདོང་ལེན་བྱས་པ་ཡིན། དཀའ་ངལ་འདི་དག་ལ་བསམ་གཞིག་བྱེད་དུས་དེ་དག་ལས་མང་པོ་ཞིག་ནི་བཅོས་ཐབས་བྲལ་བ་དང་། ལྡོག་ཏུ་མེད་པ་ཙམ་མ་ཟད་ཐག་གཅོད་བྱ་རྒྱུ་གང་ཡང་མེད། འོན་ཏེ། ངའི་སེམས་ཀྱི་ཞི་བདེ་དང་ལུས་ཀྱི་བདེ་ཐང་ལ་བལྟས་ན། དཀའ་ཚེགས་ལ་ཇི་མི་སྙམ་པར་སེམས་ཞེ་བདེར་གནས་ཐུབ་ཀྱི་འདུག
དེའི་འབྲས་བུར་ངས་ཕྲད་དང་འཕྲད་བཞིན་པའི་དཀའ་སྡུག་དག་ལུས་སེམས་གཉིས་དང་ཆོས་ཀྱི་ཉམས་ལེན་གྱི་ནུས་པའི་ཐོག་ནས་སེལ་གྱི་ཡོད། དེ་མ་གཏོགས་དངངས་སྐྲག་དང་ཡི་ཆད་ཀྱི་མནན་ཏེ་བསྡད་ན་དེས་ངའི་འཕྲོད་བསྟེན་ལ་གནོད་ཀྱི་རེད་ལ། ངའི་བྱ་སྤྱོད་ལའང་ཤུགས་རྐྱེན་ཐེབས་ཀྱི་རེད། འོན་ཏེ། ཕྱོགས་ཡོངས་ནས་བལྟས་ན་དེ་ནི་ང་ཚོ་བོད་པ་སྐྱབས་བཅོལ་དག་དང་། དཀའ་ངལ་འཕྲད་པའི་སྤྱི་ཚོགས་ཀྱི་མི་གཞན་དག་གཅིག་པུ་མིན་པར། ཕྱོགས་གང་ས་དང་སྤྱི་ཚོགས་ཚང་མའི་ཁྲོད་དུ་མི་རྣམས་ཀྱིས་དཀའ་སྡུག་མྱོང་བཞིན་ཡོད། ཐ་ན་རང་དབང་དང་དངོས་པོའི་ལོངས་སྤྱོད་ཕུན་སུམ་ཚོགས་པའི་མི་དེ་ཚོ་ལའང་དཀའ་ངལ་འཕྲད་ཀྱི་ཡོད།
དོན་དངོས་ཐོག་འགྲོ་བ་མིར་འཕྲད་པའི་དཀའ་ངལ་མང་ཆེ་བ་ནི་མི་རང་ཉིད་ཀྱིས་བཟོས་པ་ལྟ་བུར་སྙམ་གྱི་འདུག དེ་འདྲ་སོང་ཙང་བསམ་གཞིག་ནན་པོ་བྱས་ན་འདི་ནི་མ་མཐར་ཡང་སེལ་ཐུབ་སྲིད་པ་ཞིག་རེད། དེ་བཞིན་སྤྱིར་བཏང་བྱས་ན་རང་ཉིད་ཀྱི་ཀུན་སྤྱོད་འཇིག་རྟེན་མི་ཆོས་དང་མཐུན་པར་བཟང་ཕྱོགས་སུ་གནས་མཁན་དེ་ཚོ་ནི་གཞན་དག་ལས་སྐྱིད་པ་དང་ཡིད་ཚིམ་པ་ཡོད་པར་མཐོང་གི་འདུག འདིས་ངའི་ཡིད་ཆེས་ལ་ངེས་པ་རྙེད་པ་ནི་གལ་ཏེ་ང་ཚོས་རང་ཉིད་ཀྱི་བསམ་བློ་དང་སྤྱོད་པར་བསྒྱུར་བཅོས་བྱས་ཏེ་ལས་སླ་པོའི་ཐོག་ནས་སྡུག་བསྔལ་སེལ་མི་ཐུབ་ཀྱང་། སྔར་དང་མི་འདྲ་བར་སྡུག་བསྔལ་མང་པོར་བཀག་སྡོམ་བྱེད་ཐུབ་པ་དེ་ཡིན།
ངས་དེབ་འདིའི་ནང་རང་ཉིད་ཀྱིས་འདོད་པའི་འཇིག་རྟེན་མི་ཆོས་དང་མཐུན་པའི་བཟང་སྤྱོད་ཀྱི་གོ་དོན་གླེང་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡིན། དེ་ལྟར་ཡིན་ནའང་། འཇིག་རྟེན་མི་ཆོས་དང་ཀུན་སྤྱོད་སྐོར་ཞིབ་ཅིང་རྒྱས་པའི་སྒོ་ནས་འགྲེལ་བཤད་བརྒྱབ་རྒྱུ་དེ་ཧ་ཅང་དཀའ་བར་མཐོང་། གལ་ཏེ་འགྲེལ་བཤད་ཅིག་ཡོད་ན་ཡང་། དེ་གཉིས་དབར་དཀར་ནག་གི་ཐག་ཆོད་པའི་དབྱེ་མཚམས་ཤིག་ནི་ཅུང་ཁག་པོ་རེད། བྱ་བ་གཅིག་པར་ཁོར་ཡུག་གི་དབང་ལས་བསམ་བློའི་རིན་ཐང་གི་ཚད་གཞི་དང་རིམ་པ་མི་འདྲ་བ་ཡོད།
འོན་ཏེ། ང་ཚོས་གང་ཞིག་ཡ་རབས་ཀྱི་སྤྱོད་པ་དང་གང་ཞིག་མ་རབས་ཀྱི་སྤྱོད་པ་ཡིན་མིན་རྟོགས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། འདས་པའི་དུས་ཡུན་མི་ཚོས་འཇིག་རྟེན་གྱི་མི་ཆོས་ནི་ཆོས་ལུགས་གཅིག་གམ་ཡང་ན་གཞན་གྱི་རྗེས་སུ་འབྲང་བའི་སྒོ་ནས་བྱུང་བར་འདོད་ཀྱང་། དེ་ནི་ཡུན་རིང་གནས་མི་ཐུབ་པའི་གནད་དོན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་གལ་གནད་ཆེ་བའི་འཇིག་རྟེན་མི་ཆོས་གསར་འཛུགས་ཀྱི་ལམ་གཞན་ཞིག་གསར་འཚོལ་བྱེད་དགོས།
ཀློག་པ་པོས་ཏཱ་ལའི་བླ་མར་དམིགས་བསལ་གྱི་ཐབས་ལམ་ཞིག་ཡོད་པར་བསམ་རྒྱུ་མེད། དེབ་འདིའི་ནང་དེ་སྔ་མ་བཤད་པ་གང་ཡང་བཤད་རྒྱུ་མེད། དོན་དངོས་ཐོག་འདིའི་ནང་བཤད་པའི་སེམས་འཁུར་དང་། བསམ་ཚུལ་དག་ནི་འགྲོ་བ་མིར་འཕྲད་པའི་དཀའ་སྡུག་དག་ལ་བསམ་བློ་གཏོང་བ་དང་། ཐབས་ལམ་རྙེད་ཐབས་བྱེད་པའི་མི་སྣ་དག་གིས་བརྗེ་རེས་བྱས་པར་སྙམ་གྱི་འདུག རང་ཉིད་ཀྱི་གྲོགས་པོ་ཁ་ཤས་ཀྱི་ལྟ་ཚུལ་ལ་ལན་འདེབས་དང་། དེབ་འདི་ཡོངས་ཁྱབ་ཏུ་འགྲེམ་སྤེལ་བྱས་པའི་རེ་བ་ནི་འདིར་འཁོད་པའི་ལྟ་ཚུལ་དེ་དག་རང་གི་བསམ་ཚུལ་ཁྱོན་ཡོངས་སུ་བརྗོད་པའི་གོ་སྐབས་མེད་པའི་ཉམ་ཆུང་ནུས་ཀྱི་མི་ས་ཡ་མང་པོར་བརྒྱུད་སྤྲོད་བྱ་རྒྱུ་དེ་ཡིན།གང་ལྟར་ཀློག་མཁན་ཚོས་བསམ་དགོས་པ་ནི་། ངའི་ཤེས་ཡོན་གཙོ་ཆེ་བ་ཆོས་ལུགས་དང་། སེམས་དོན་རིག་པའི་ཐོག་ཡིན་པ་དེ་རེད།
ངས་གཞོན་དུས་ནས་ད་ལྟ་བར་སྦྱོང་བཞིན་པའི་ཤེས་ཡོན་གྱི་སྡེ་ཚན་ནི་ནང་པའི་ལྟ་གྲུབ་དང་། སེམས་ཁམས་རིག་པ། ལྷག་པར་དུ་༸རྒྱལ་བ་སྐུ་ཕྲེང་ན་རིམ་གྱི་ཕྱག་སྲོལ་བཞིན་དགེ་ལྡན་པའི་མཁས་པའི་གཞུང་ལུགས་ཐོག་ནས་སྦྱངས་པ་ཡིན། ཆོས་ལུགས་རིས་མེད་པ་ཡང་དག་པ་ཞིག་བྱ་ཆེད་ངས་ནང་པའི་ཆོས་བརྒྱུད་གཞན་དག་གི་གལ་ཆེའི་གནད་དོན་དག་ལའང་སྦྱངས་པ་ཡིན། ད་དུང་། ངས་དེང་དུས་ཀྱི་འཇིག་རྟེན་མི་ཆོས་དང་། བསམ་བློར་སློབ་སྦྱོང་གང་འཚམ་བྱས་པ་ཡིན།
འོན་ཏེ། དེབ་འདི་ནི་ཆོས་ལུགས་ཀྱི་དེབ་ཅིག་མིན་ལ། ནང་ཆོས་སྐོར་གྱི་དེབ་ཅིག་ཀྱང་དེ་བས་མིན། ངའི་དམིགས་ཡུལ་གཙོ་བོ་ནི་ཆོས་ལུགས་དང་མ་འབྲེལ་བར་གོ་ལ་ཧྲིལ་པོར་ཁྱབ་ཐུབ་པའི་མི་ཆོས་ཆེད་ཐབས་ཚུལ་ཞིག་འདོན་མུས་ཡིན་པ་དེ་ཡིན། སྤྱིར་བཏང་གི་ཀློག་པ་པོ་ཞིག་གི་ཆེད་ལས་དོན་སྒྲུབ་པར་དཀའ་ཚེགས་མི་ཕྲད་པར་ཡོང་ཐབས་མེད་པ་དང་། དེབ་འདི་ནི་མི་སྣ་མང་པོ་ཞིག་གི་བྱས་འབྲས་ཡིན། དཀའ་ངལ་དེ་དག་ལས་དམིགས་བསལ་བོད་པའི་ཐ་སྙད་མང་པོ་ཞིག་དེང་དུས་དབྱིན་སྐད་ནང་སྒྱུར་དུས་བེད་སྤྱོད་ཏག་ཏག་སླེབ་མིན་དེ་རེད།
དེབ་འདི་ནི་ལྟ་གྲུབ་ཀྱི་རྣམ་གཞག་ཅིག་གི་ཆེད་དུ་བྱས་པ་མིན་པས་སྤྱིར་བཏང་གི་ཀློག་པ་པོས་དཀའ་ཚེགས་མེད་པར་གོ་ཐུབ་པ་དང་། སྐད་ཡིག་གཞན་གྱི་ནང་དུ་ཡང་གསལ་ཞིང་སྟབས་བདེ་པོའི་ཐོག་ནས་བསྒྱུར་བའི་ཐབས་ཤེས་བྱས་ཡོད། དེ་ལྟར་དངོས་དང་ཐབས་ཤེས་གང་ཡོད་ཀྱིས་ཀློག་པ་པོ་དང་འབྲེལ་ལམ་བྱས་ཀྱང་། ང་རང་སྒེར་དང་སྐད་ཡིག་དང་རིག་གཞུང་ཐ་དད་པ་དག་ལ་བོད་པའི་ཐ་སྙད་ནང་ཡོད་པའི་གོ་དོན་འགའ་ཤས་རང་བཞིན་གྱིས་བརླག་སྲིད་པ་རེད།
ངས་དེབ་འདིར་འཕྲི་སྣོན་གྱི་བཅོས་སྒྲིག་ལེགས་པོ་སོང་བར་ཡིད་ཆེད་བྱེད་ཀྱི་ཡོད་ལ། གལ་ཏེ་མངོན་གསལ་དོད་པོའི་སྐྱོན་བྱུང་ཡོད་ན། བསྐྱར་དུ་ལེགས་བཅོས་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད། དེའི་རིང་ཌོག་ཊར་ཐུབ་བསྟན་སྦྱིན་པས་རོགས་ཕན་དང་། ཡིག་སྒྱུར། བསམ་ཚུལ་མང་དག་ཅིག་བཏོན་ཡོད་པས་ཐུགས་རྗེ་ཆེ་བརྗོད་འདོད་བྱུང་། སྐུ་ཞབས་A.R.Norman མཆོག་གིས་བཅོས་རོགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མཇུག་ཏུ་ལས་དོན་འདིར་རོགས་སྐྱོར་གནང་མཁན་གཞན་དག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།
རྡ་རམ་ས་ལར། ༡༩༩༩ ལོའི་ཕྱི་ཟླ་གཉིས་པ།
དེབ་འདི་ག་དུས་ཐོན་གྱི་རེད་་་་་ག་པར་རག་གི་རེད།
ཡིག་བསྒྱུར་པ་ཚོས་གཞན་གྱི་ཡིག་རིགས་ནང་ཡོད་པ་དག་ཚུར་བསྒྱུར་དགོས་པ་ལས། རང་གི་ཡི་གེའི་ནང་ཡོད་པ་ཧུར་ཐག་འབད་ཐག་གིས་ཕར་བསྒྱུར་དགོས་དོན་ཞིག་ཡོད་པ་མ་རེད། ཁོ་རང་ཚོ་ལ་དགོས་ན་ཁོ་རང་ཚོས་བོད་ཡིག་སྦྱངས་ནས་བསྒྱུར་དགོས་པ་རེད། རང་རེའི་མཁས་པར་རློན་པ་ཁག་གིས་རང་ཡིག་ནང་ཡོད་པ་ཁག་ཕར་བསྒྱུར་ཨེ་ཐུབ་ལྟ་མཁན་དག་ལ་སྙིང་ནས་སྡང་། གོང་དཀར་ངག་རྣམ་ལྟ་བུའི་ཡིག་རིགས་གཞན་གྱི་ནང་ཡོད་པ་ཚུར་ལེན་པ་དག་ལ་ཐུགས་རྗེ་ཆེ་ཞུ།
མཁས་པར་རློན་པ་ཞེས་པ་རློམ་པར་བཅོས་རོགས།
རང་དབང་ཨ་རྡུ་མན་ལགས།
སྟོང་ལོ་གསར་པའི་མི་ཆོས་ཟེར་བའི་དེབ་དེ་སྔོན་མ་ནས་ཐོན་ཟིན་པ་རེད། དཔེ་དེབ་དེའི་མིང་བྱང་དུ་དབྱིན་ཇིའི་ནང་དུ་(Ethics for new Millenium)ཟེར་གྱི་ཡོད། ཉེ་ལམ་ཐོན་པའི་དཔེ་དེབ་འཇིག་རྟེན་མི་ཆོས་(Beyond Religion)ཟེར་བ་འདི་ནི་དཔེ་དེབ་སྔོན་མ་དེའི་སྟེང་ལ་ཁ་སྣོན་ལྟ་བུ་ཡིན་པས་༸གོང་ས་མཆོག་ཉིད་ནས་འདི་ལོའི་ཟླ་བ་དང་པོའི་དུས་འཁོར་དབང་ཆེན་གྱི་སྐབས་སུ་དཔེ་དེབ་གསར་པ་འཇིག་རྟེན་མི་ཆོས་ཟེར་བ་དེ་དབུ་འབྱེད་ཀྱི་སྐབས་སུ་གསུངས་སོང།
གསལ་པོ་ཆགས་ཡོད་པར་སྨོན། །
སྐུ་ཞབས་རང་དབང་ཨ་རྡུ་ལགས།
སྤྱིར་དེབ་དེ་ནི་༸གོང་ས་མཆོག་གིས་༡༩༩༩ལོར་བརྩམས་གནང་བ་ཞིག་ཡིན་པ་དང་།
དབྱིན་ཡིག་ཐོག་དེབ་ཁང་མང་ཆེ་བ་ནས་རག་ཐུབ་ཀྱང་། ད་བར་བོད་སྒྱུར་བྱེད་མཁན་བྱུང་མེད་ཚོད་རེད།
ང་ཚོའི་སྤྱི་ཚོགས་ནང་ཡིག་སྒྱུར་བྱེད་མཁན་གྱི་ཚོགས་པ་རེ་ཟུང་ཡོད་ཀྱང་།
དེ་དག་གིས་དེབ་འདི་ཚོ་བསྒྱུར་མ་ཐུབ་པའམ་སྣང་མེད་དུ་ཤོར་བ་དེ་ནི་དངོས་གནས་ཕངས་པ་རེད།
ཁྱེད་ལ་གང་མགྱོགས་དེབ་དེ་རག་རྒྱུའི་སྨོན་ལམ་ཡོད།
གཞིས་ཆགས་བུས་མཚམས་སྦྱོར་ཁ་གསལ་ཞིག་གནང་བར་ཡང་ཡི་་རང་ཡོད།
ངོ་མ་བཤད་དཀའ་བའི་དོན་དག་ཞིག་དྲན་སོང་༧གོང་ས་མཆོག་གི་དེབ་མང་བོ་ཞིག་་སྐད་རིགས་གཞན་ནས་ཡོདཔ་་དག་ང་ཚོ་རང་གི་སྐད་ཡིག་ཐོག་མེད་པ་འདི་དང་བོ་༧གོང་ས་མཆོག་གིས་དབྱིན་སྐད་ཐོག་གསུངས་ནས་བོད་སྒྱུར་བྱེད་མཁན་མ་ཡོད་བ་ཡིན་ནམ། ཡང་ན་སྐབས་དེ་བོད་ཡིག་ཟིན་འབྲི་བ་ཞིག་མེད་པ་རེད་ངོ་མ་ཧ་གོ་མ་སོང་།
གོང་དཀར་ངག་རྣམ་ལགས། ཁྱེད་ཀྱིས་དེབ་དེ་བསྒྱུར་ཟིན་ནམ། དཔར་བསྐྲུན་སུས་བྱེད་ཀྱི་ཡོད་དམ། །
ལོ་ཤས་སྔོན་ལ་རྒྱལ་བའི་བཀའ་བསྟན་སྐད་ཡིག་གཞན་དུ་བསྒྱུར་རྒྱུའི་ལས་འཆར་ཞིག་རྩོམ་བཞིན་ཡོད་པ་གོ་ཐོས་བྱུང་ཞིང་། ཚོགས་པ་དེ་དག་གིས་རང་གི་ནོར་བུ་གཞན་ལ་མ་བཙོང་སྔོན་དུ་གཞན་ནོར་གྱི་ཆ་ཤས་ཙམ་ཚུར་ཉོ་ཐུབ་ན་ཅི་མ་རུང་། ཨ་ཤི་རེ་ཁོ། མི་རབས་ཀྱི་མི་ཐོག་འདི་ག་རང་ལ་ཕྱིའི་ས་ཤོར། ནང་གི་ནོར་ཤོར། ད་ཅང་མ་འགོར་བར་མིང་སྟོང་སྐམ་པོ་ཙམ་ཞིག་ལྷག་དེ་ཡང་ཨ་བརྟན་ས་མ་རེད་ཡ།
ད་ལྟའི་དུས་ཚོད་ལ་དགོས་ནུས་ཆེ་བའི་དེབ་འདི་རིགས་གཞན་སྐད་དུ་ལྷག་ན་ཞེས་ཕངས་སེམས་ཀྱིས་མ་བཞག་པར་སློབ་ཞོར་དང་།
སེམས་པ་སྐྱིད་ཞོར་དུ་ལེ་ཚན་རེ་གཉིས་བོད་སྐད་དུ་བསྒྱུར་རྒྱུའི་ཀུན་སློང་ཡོད།
གཅིག་བྱས་ག་ལེར་ཆ་ཚང་སྒྱུར་ཚར་བ་ཡང་སྲིད།
གང་ལྟར་ང་དེབ་འདིས་ངའི་ཡིད་དབང་རྦད་དེ་ཕྲོགས་སོང་།
དངུལ་ཁུག་སྟོང་པའི་གྲྭ་རྐྱང་ཞིག་གིས་རིན་བྲལ་བཀའ་སློབ་ཚུར་ལ་བསྒྱུར།།
མ་རྩ་ཅན་གྱི་ཚོགས་པ་མང་པོས་རིན་བྲལ་ནང་ཆོས་ཕར་ལ་བསྒྱུར། །
ཕར་བསྒྱུར་ཚུར་བསྒྱུར་བྱ་བྱེད་ཁྲོད་དུ་རིགས་ཀྱི་ནོར་བུ་ཕར་ལ་བསྐྱལ།།
གཞན་རིགས་ནོར་བུ་ཚུར་ལ་ལེན་མཁན་ཉམ་ཐག་འདི་རིགས་སྙིང་རྗེའི་ཡུལ།།
བསྒྱུར་བཅོས། སྒྱུར་བཅོས།
ཡིད་བྱེད། ཡིད་ཆེས།
ལྟ་བུའི་ཡིག་ནོར་ཁ་ཤས་མཐོང་།
བཀའ་སློབ་ཆ་ཚང་རིམ་པར་བསྒྱུར་རོགས་མཛོད་དང་། དངོས་པོའི་རྒྱབ་སྐྱོར་མེད་ཀྱང་སེམས་པའི་རྒྱབ་སྐྱོར་ཞུས་ཆོག ད་དུང་ཞུ་དག་གཏོང་རྒྱུའི་གོ་སྐབས་གནང་ན། དང་དུ་བླངས་ཏེ་དགའ་ཞིང་སྤྲོ་བས་དོན་དེར་འཇུག་གོ།
གོང་དཀར་ངག་ལགས།་་་་་རྩ་བའི་སྐུ་ཉིད་ནས་ཧུར་བརྩོན་བྱས་པ་རྗེས་སུ་ཡི་རངས་ཞུ་རྒྱུ་ལས་མ་འདས།་་་་ཁྱེད་ཀྱི་ཡིག་བསྒྱུར་ཞུས་པའི་ངོ་སྤྲོད་གླེང་རྗོད་དེའི་འགོ་ནས་མཇུག་བར་ཆ་ཚང་བཀླགས་པ་ཡིན།་་་་་དེ་ལ་ཧ་ཅང་ཡག་པོ་བྱུང་འདུག་ཅེས་ཞུ་ཚད་མ་ཐེག་ཀྱང།་་་་་གང་ཡག་ཡག་བྱུང་ཡོད་པ་ཚོར་སྣང་བྱུང།་་་་་ཡིག་བསྒྱར་སྐབས་སུ་གཙོ་བོར་དོན་སྒྱུར་དང།་སྒྲ་སྒྱུར་གཉིས་ལས་དོན་སྒྱུར་བྱེད་རྒྱུ་གལ་ཆེ་བ་ཡིན།་་་་ཚིག་ནས་ཚིག་བྱས་ཏེ་བསྒྱུར་མི་དགོས་པ་དེ་བས་ཀྱང་གལ་འགངས་ཡིན་པར་སེམས།་་་་ཉིད་ཀྱི་ཕབ་བསྒྱུར་ཞུས་པའི་ཚན་པ་དང་པོ་ལྟ་བུ་ལ་ཆ་མཚོན་ན་ངས་གཤམ་གསལ་ལྟར་བསྒྱུར་པའི་ཁུལ་ཡིན།་་་་་འོན་ཀྱང།་་དེ་ཧ་ཅང་ཡག་པོ་བྱུང་ཡོད་པ་ངས་ཀྱང་ངོས་འཛིན་བྱེད་ཀྱི་མེད་ན་ཉིད་ནས་ཐུགས་དཔྱོད་མཛོད་ཆོག་པར་མཁྱེན།་་་་་་་
ངོས་རང་ལོ་ངོ་བཅུ་དྲུག་ལ་སོན་སྐབས་རྒྱལ་ཁབ་གཞན་ལ་ཤོར་བ་དང།་་་ངོ་ལོ་ཉེར་བཞིའི་སྐབས་སྐྱབས་བཅོལ་བ་ཞིག་ཏུ་གྱུར་སོང།་་་་་་ངོས་ནས་མི་ཚེའི་བརྒྱུད་རིམ་ནང་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱེད་རྒྱུ་བྱུང།་་་དེ་དག་ལ་བསམ་བློ་གཏོང་སྐབས་མང་པོ་ཞིག་ནི་བཅོས་ཐབས་མེད་པ་དང།་་་་ལྡོག་ཏུ་མེད་པ་མ་ཟད་འགའ་ཤས་ཤིག་ནི་ཐག་གཅོད་བྱ་རྒྱུ་གང་ཡང་མི་འདུག་་ཡིན་ནའང།་་་ངོས་རང་གི་སེམས་ཀྱི་ཞི་བདེ་དང།་་་་ལུས་པོའི་བདེ་ཐང་ལ་བལྟས་ན།་་་དཀའ་ངལ་དེ་དག་ལ་འཇིགས་གཞོམ་མེད་པར་སེམས་ལྷོད་པོར་གནས་ཐུབ་ཀྱི་ཡོད།་་་་་
ངས་ནམ་རྒྱུན་འགྲོ་ཞོར་སྡོད་ཞོར་ནས་དོ་སྣང་བྱུང་ཡག་ལ་ངས་དང།་་་ངེད་་་་ང་རང་་་གུས་པ་བཅས་ཚིག་འདི་རྣམས་ཀྱི་ཚབ་ཏུ་༸གོང་ས་མཆོག་ནས་ངོས་རང་དང།་་་ངོས་ནས་་་ངོས་ཀྱི་སོགས་བེད་སྤྱོད་གནང་གི་ཡོད་པས་ཚིག་དེ་དག་༸གོང་ས་མཆོག་ཁོ་ནས་བེད་སྤྱོད་གནང་བཞིན་པའི་ཚིག་ཁྱད་པར་བ་ཞིག་ཡིན་པར་ངོས་འཛིན་བྱེད་མུས་ཡིན།་་་་ད་དུང་༸གོང་ས་མཆོག་གི་བཀའ་སློབ་དང་ཕྱག་དེབ་སོགས་ཡིག་རིས་སུ་ཕབ་བསྒྱུར་གནང་སྐབས་གང་ཐུབ་ཐུབ་ཀྱིས་གོ་བདེ་གོ་སླ་ཡོང་ཐབས་གཙིགས་སུ་འཛིན་དགོས་པའང་གནད་ཆེ།་་་ཉིད་ཀྱིས་ཡིག་བསྒྱུར་ཞུས་པ་དེའི་ནང་དག་ནོར་ཡང་མ་ཉུང་བ་ཞིག་བྱུང་འདུག་པ་དཔེར་ན།་་་་སེམས་ཀྱི་ཞེ་བདེར་གནས་ཐུབ་ཀྱི་འདུག་ལྟ་བུར་ཞི་བདེའི་དག་ཆ་ནོར་བ་དང།་་་་ཡིད་ཆད་ཀྱིས་མནན་ཏེ།་་་ཞེས་པར་ཡིད་ཆད་ཀྱི་མནན་ཏེ་ཞེས་བྱེད་སྒྲ་ལ་འབྲེལ་སྒྲ་སྦྱར་བ།་་་་ལེགས་པོར་སོང་བ་ཡིད་ཆེད་བྱེད་ཀྱི་ཡོད་ལ།་་་ཞེས་པ་ཡིད་ཆེས་ཀྱི་དག་ཆ་ནོར་བྲིས་ཤོར་བ་ལྟ་བུ་དཔེ་མཚོན་ཙམ་ཡིན།་་་་ད་དུང་ངས་གནད་འགག་གཅིག་ཞུ་འདོད་པོ་ནི།་་་གལ་སྲིད་ཉིད་ཀྱི་ཡིག་བསྒྱུར་ཞུས་ཏེ་དེབ་ཀྱི་དཔར་སྐྲུན་ཞུ་འདོད་ཚེ་སྔོན་ཚུད་ནས་དེབ་དེ་ཚོགས་པ་གཞན་ནམ་མི་གཞན་གྱིས་བསྒྱུར་དང་སྒྱུར་བཞིན་ཡོད་མེད་སོགས་ལའང་དོ་སྣང་བྱ་དགོས་པར་སེམས།་་་་དེ་མིན་ཉིད་ཀྱི་ཆོད་སེམས་ལྟར་ལེགས་འགྲུབ་ཐུབ་པར་རྒྱབ་སྐྱོར་དང་སྨོན་འདུན་ཞུ་རྒྱུ་ཡིན།་་་་