བདེ་ཆེན་སྒྲོལ་མ།
འདང་དགོང་ངས་སྟོང་ལོ་བརྒྱད་པའི་ཆེས་མཐའ་མཇུག་གི་ཉིན་ཐོ་བྲིས་ཚར་རྗེས། འདི་འདྲའི་བསམ་བློ་ཞིག་འཁོར་སོང༌། མི་ལོ་གཉིས་གསུམ་གྱི་གོང་ནས་རེ་ཞིང་སྒུག་པའི་སྟོང་ལོ་བརྒྱད་པ་རེ་བ་གསོན་པོ་དང་ཡིད་ཆེས་བླ་མེད་ཞིག་གིས་ཅི་འདི་མེད་པར་རྫོགས་སོང་ཡང༌། སྟོང་ལོ་དགུ་བ་བོད་གཞིས་བྱེས་གཉིས་ལྷན་འཛོམས་ཀྱི་ལོ་ཞིག་ཏུ་བསྒྱུར་རྒྱུ་ནི་བོད་པ་རང་གི་གཅིག་བསྒྲིལ་སྟོབས་ཤུགས་ལ་རེག་ལས་པ་ད་ལྟ་ང་ཚོར་ངོས་ཟིན་གསལ་བོ་ཐོབ་ཡོད། སྟོང་ལོ་བརྒྱད་པའི་ཕྱོགས་ལ་ཕྱི་མིག་བཞག་ན། ང་ཚོ་ལ་བོད་དོན་རྩོད་པའི་སེམས་ཤུགས་དང་རྒྱུ་ཤུགས་མེད་པས་གང་དུ་ཡང་འཕོང་མི་འདུག སྟོང་ལོ་བརྒྱད་པ་འདི་བོད་ཀྱི་ལོ་རྒྱུས་ཁྲོད་ཆེས་གཟི་བརྗིད་ལྡན་པའི་ལོ་ཞིག་ཡིན། སྟོང་ལོ་བརྒྱད་པའི་གཞིས་ལུས་བོད་མིའི་དཔའ་ངར་གྱིས་འཛམ་གླིང་གི་ས་ཁུལ་མང་པོ་ཞིག་གཉིད་ལས་དཀྲོགས་ཡོད། སྟོང་ལོ་བརྒྱད་པའི་གཞིས་བཞུགས་བོད་མིའི་ཆིག་བསྒྲིལ་གྱིས་འཛམ་གླིང་གི་མི་རིགས་མང་པོར་བོད་ཟེར་བ་ངོ་སྤྲོད་ཐེངས་གཅིག་བྱས་ཡོད། སྟོང་ལོ་བརྒྱད་པའི་གཞིས་བཞུགས་བོད་མིའི་ཟུངས་ཁྲག་གིས་སངས་རྒྱས་རློན་པ་ཞིག་གི་མིག་ཆུ་ཡང་ཁོག་པའི་སྙིང་ནས་ཕྱི་ལ་བཙུར་སོང༌།
གཞིས་བཞུགས་བོད་མི་ཚོས་ྋགོང་ས་གདན་ཞུ་དང་འགྲོ་མིའི་རང་དབང་གི་ཆེད་དུ་རང་གི་གཅེས་སྲོག་འབེན་ལ་བཙུགས་ནས་རང་འགན་རང་གིས་བླངས་སོང༌། ང་ཚོས་འདི་གར་གཞིས་བཞུགས་བོད་མིའི་གནས་ཚུལ་ཙམ་གཞན་ལ་གསལ་བསྒྲགས་དང་རྒྱ་ནག་ལ་ངོ་རྒོལ་གྱི་ཁྲོམ་བསྐོར་ཐེངས་འགའ་བརྩམས། རྒྱ་ནག་ལ་ལྕགས་ཀྱི་སྙིང་ཡོད་པས་བོད་མི་དཔའ་བོ་ཚོའི་ཚེ་སྲོག་འཕྲོག་ནས་སོང༌། ཛ་དྲག་དང་གནད་འགག་གི་སྐབས་སུ་ང་ཚོས་དེ་ལ་ངོ་རྒོལ་ཡིན་མདོག་གིས་ཁ་ཤས་ཀྱིས་མགོ་ཡི་སྐྲ་བཅད། འགའ་ཞིག་གིས་ཞལ་འདོན་ཉིན་དང་མཚན་མཐུད་ཀྱིས་བཏོན། གཞོན་ནུ་དང་བུད་མེད་ལ་སོགས་པ་སྔར་བཞིན་རང་གི་ཚོགས་པའི་ཕུགས་རྒྱང་ལ་བྲེལ། བཀའ་ཤག་གིས་དབུ་མའི་ལམ་ལ་ཤི་འཐམ་རོ་འཐམ་གྱིས་ཚང་མ་ཞི་བ་ཡིན་དགོས་ཟེར། གནས་ཚུལ་ཐུང་ཐུང་འདི་ནི་ངའི་སེམས་ངོར་ཤར་བའི་སྟོང་ལོ་བརྒྱད་པའི་བོད་དོན་གྱི་ས་ཁྲ་རེད། ངས་བསམ་ན། སྟོང་ལོ་བརྒྱད་པའི་བོད་དོན་ལ་གཅིག་གྱུར་གྱི་ས་ཁྲ་མི་འདུག དེ་བས་གཅིག་བསྒྲིལ་གྱི་སྟོབས་ཤུགས་མ་སླེབས། གཅིག་གྱུར་གྱི་ས་ཁྲ་ཞིག་མེད་པས་གཅིག་གྱུར་གྱི་སླེབས་ས་ཡང་གང་ན་ཡོད། གཞིས་བཞུགས་བོད་མི་ཚོས་བོད་དོན་གྱི་ས་ཁྲ་གཅིག་དེད། བཀའ་ཤག་གིས་བོད་དོན་གྱི་ས་ཁྲ་གཞན་ཞིག་དེད། གནད་འགག་གི་སྐབས་སུ་གཞོན་ནུ་དང་བུད་མེད་ཀྱི་ས་ཁྲ་ཡང་ལོག་ཀ་རེད། འདི་ལྟར་སྟོང་ལོ་བརྒྱད་པའི་ནང་བོད་དོན་གྱི་མེ་ཁ་ཕྱོགས་ཡོངས་ནས་གསོས་བ་ལས་གཅིག་གྱུར་གྱི་མེ་ལྕེ་ཞིག་སྤར་མ་ཐུབ། འདི་ལྟར་གཞིས་ལུས་རྒྱ་ཆེའི་མི་དམངས་དམར་གསོད་དང་དྲག་གནོན་གྱི་རླུང་བུས་གཏོར་སོང༌།
ད་ནི་ང་ཚོས་སྟོང་ལོ་དགུ་བ་བཤད། སྟོང་ལོ་བརྒྱད་པ་ཁྱོད་ཀྱིས་གཟིགས་ཡོད་ལ་ངས་ཀྱང་མཐོང་ཡོད། འདས་ཟིན་པར་མིག་དཔེ་བལྟས་ནས་མ་འོངས་པར་བསླབ་བྱ་ལེན་དགོས། མེས་པོས་སྡོམ་ཚིག་འདིའི་གོ་དོན་ཁྱོད་ཀྱིས་མཁྱེན་ལ་ངས་ཀྱང་ཤེས། ད་ང་ཚོས་སྟོང་ལོ་དགུ་བའི་བོད་དོན་གྱི་ས་ཁྲ་བཤད། བདག་གི་བསམ་བློ་ལྟར་ན། བོད་མི་རིགས་ཀྱི་བླ་སྲོག་རྒྱལ་བ་རིན་པོ་ཆེ་ཡིན་པ་བཞིན་ངའི་སྟོང་ལོ་དགུ་བའི་བོད་དོན་གྱི་ས་ཁྲའི་བླ་སྲོག་ཡང་རྒྱལ་བ་རིན་པོ་ཆེའི་ལམ་དབུ་མ་ཡིན། འཚེ་མེད་ཞི་བ་ཡིན། བོད་རྒྱ་གཉིས་ཕན་ཡིན། བོད་དང་བོད་དོན་གང་གི་ཐད་ནས་བཤད་ཀྱང༌། རྒྱལ་བ་རིན་པོ་ཆེ་ནི་སྐུ་དྲིན་ཆེ་བ་ཨ་སྔོན་དགུང་གི་ཉི་མ་ལྟ་བུ་ཡིན། ཉི་མ་ནུབ་སོང་ན། འཇིག་རྟེན་སྤྱིའི་ཆ་ནས་ནག་ཁུང་ཆགས་པ་རེད། མུན་ནག་གི་འཇིག་རྟེན་འཛམ་གླིང་ཤར་ནུབ་ཀྱི་མིའི་རིགས་སུས་ཀྱང་དགའ་འབོད་དང་རེ་བ་འཇོག་ས་མིན་ལ། ཟླ་འོག་དང་ཉི་འོག་གི་བར་ཁྱད་ཀྱང་མིའི་རིགས་སྤྱིའི་སེམས་ངོགས་ན་གསལ་ཐག་ཆོད་ཡིན། གནས་ལུགས་འདི་འདྲ་ཞིག་གི་སྟེང་ནས་བསམ་ན། ང་ཚོས་ཉི་འོག་ནས་མ་འགྲུབ་པ་ཞིག་ཟླ་ངོགས་ནས་འགྲུབ་རྒྱུ་མ་རེད། གཅིག་བྱས་ན། ཟླ་ངོགས་ནས་ད་ལྟའི་གཅིག་འདུས་ཀྱི་ཕུང་བོ་འདི་ཡང་འཐོར་འགྲོ་སྲིད། ཟླ་ངོགས་ནས་ད་ལྟའི་རེ་བ་དང་སེམས་པ་ཆུང་ཆུང་ཚོ་ཡང་ཤི་འགྲོ་ན་ཐང༌། ཟླ་ངོགས་ནས་ཁྱོད་དང་ང་ཟེར་བའི་དམག་ཆེན་ཞིག་གི་མགོ་ཡང་འཛུགས་སྲིད། གཞན་ཡང་རང་རེའི་སྤྱི་ཚོགས་ཁྲོད་ཀྱི་གདོང་རིས་མ་འདྲ་བ་འདོད་མཁན་མང་པོ་ཞིག་གིས་བོད་རྒྱ་ཞི་མོལ་མཚམས་བཞག་པ་ཡིན་ན། དེ་ནི་བོད་དོན་ཐད་གྲུབ་འབྲས་ཤིག་ལོན་སོང་བར་ངོས་འཛིན་བྱེད་ཀྱིན་འདུག ང་མི་འདི་དག་གི་ཀླད་པའི་རྒྱ་ཁྱོན་ལ་དོགས་པ་ཡོད། མི་འདི་དག་གི་ཁ་ལག་སེམས་གསུམ་པོ་བདེ་བོ་ཐང་བོ་ཞིག་ཡིན་པར་ཡིད་ཆེས་མི་འདུག རྒྱུ་མཚན་ནི། གལ་སྲིད་དབུ་མའི་ལམ་འདི་སྒོ་ཞིག་ཡིན་པའི་དབང་དུ་ན། ཁོང་ཚོའི་བྱེད་སྟངས་འདིས་རང་གི་མདུན་ཕྱོགས་ཀྱི་འཛུལ་སྒོ་རང་གིས་བརྒྱབ་བཞག་པར་འདོད། སྒོ་ཆུང་འདི་འཛུལ་ནས་ནང་དུ་འགྲོ་དགོས་མཁན་ནི་ང་ཚོ་ལས་རྒྱ་ནག་མིན། སྒོ་ཆུང་འདི་འདི་ལྟར་ཕུགས་བསམ་གང་ཡང་མེད་པའི་ཆབ་སྲིད་པ་ཀླད་པ་ཁྲ་ཁྲ་ཅན་འགའ་ཞིག་གི་བསམ་དོན་བཞིན་སྒོ་བརྒྱབ་བཞག་པ་ཡིན་ན། འདི་ནི་རྒྱ་ནག་གི་འདོད་པ་རང་ངོས་ནས་བསྐང་བཞག་པ་མ་ཡིན་ནམ། དེ་བས་སྟོང་ལོ་དགུ་བའི་ཚེས་མགོ་འདིར་བཀའ་ཤག་གིས་དབུ་ཁྲིད་ནས་བོད་དོན་གྱི་ས་ཁྲ་གསར་བ་འབྲི། བོད་མི་ཡིན་ཕྱིན་གཞུང་འབྲེལ་ཡིན་མིན་གྱི་སྐད་ཆ་ཚིག་གཅིག་མེད་པར་ཚང་མ་ཁ་ལག་གཉིས་ནས་དབུ་མའི་ལམ་དུ་འགྲོ། བོད་མི་ཡོད་དོ་ཅིག་གི་སྟོགས་ཤུགས་འདི་ལྟར་གཞུང་ལམ་གཅིག་ལ་འཇོག ཁྱོད་དང་ང་ཟེར་བའི་ས་མཚམས་མེད་པར་བོད་སྤྱི་བོའི་དོན་ལ་མགོ་རྐང་ལག་ལྔ་བོ་གཡུག་ནས་ལས་ཀ་བྱེད། བདེན་པའི་རྩ་དོན་གྱི་ཆེད་དུ་ཚང་མས་ས་ཁྲ་འདི་གཅིག་པུ་འཕྱར་ནས་ས་གཞི་རིལ་མོ་འདི་འདར་བར་བྱེད། དགོས་བའི་དུས་ལ་བབས་ན་ཚང་མ་བང་གིས་བསྒྲིགས་ནས་ས་ཁྲ་འདི་གཅིག་པུ་དེད་དེ་ཕ་ཡུལ་ལ་ལོག་འགྲོ། ཞོར་ལ་འཛམ་གླིང་མི་དམངས་ཡོངས་ལ་བོད་པ་ཚང་རྒན་གཞོན་དང་གཞིས་བྱེས་མེད་པར་ཚང་མ་རྒྱལ་བ་རིན་པོ་ཆེའི་རྗེས་འཇུག་འཚེ་མེད་ཞི་བ་ཞེ་གཅིག་ཡིན་པའི་གསལ་བསྒྲགས་བྱེད། རྒྱ་ནག་ལ་ཡང་ཐད་ཀར་བོད་རྒྱའི་འབྲེལ་མོལ་བརྒྱུད་ནས་ཡོངས་སུ་བསམ་བློ་བསྐྱར་དུ་གཏོང་དགོས་པའི་རེ་བ་ནན་གྱིས་ཞུ། འདི་ནི་ངའི་སྟོང་ལོ་དགུ་བའི་ས་ཁྲ་ཡིན། འདི་ནི་ངའི་སྟོང་ལོ་དགུ་བའི་རེ་བའི་ཁུག་སོ་ཡིན། བོད་རྒྱལ་ལོ།
དང་པོ་བོད་གཞིས་བྱེས་ཚང་མ་མཉམ་རུབ་ཀྱིས་བོད་ཆོལ་ཁ་གསུམ་འཛིན་སྐྱོང་གཅིག་གི་འོག་ཟླ་སྒྲིལ་ཡོང་ཐབས་བྱེད་རྒྱུ་དེ་རང་བཙན་གྱི་ལྟ་བ་འཁྱེར་མཁན་ཞིག་ཡིན་ན་ཡང་བསྐྱུར་ཐབས་བྲལ་བའི་ལས་འགན་གཙོ་བོ་དེ་ཡིན་པར་འདོད། ཚད་མཐོའི་རང་སྐྱོང་ཙམ་འཐོབ་རྒྱུར་ཡང་དཀའ་ངལ་འཕྲད་ཀྱི་ཡོད་ན་རང་བཙན་ཟེར་བ་ད་རུང་རྒྱང་ཐག་རིང་པོ་རེད། གལ་སྲིད་རང་བཙན་ཐོབ་པ་ཡིན་ན་ཡང་ཆོལ་གསུམ་མཉམ་སྦྲེལ་གྱི་རང་བཙན་ཞིག་འཐོབ་རྒྱུ་དེ་ཤོད་ཚོད་མི་ཐུག་པ་ཞིག་རེད།
ད་དུང་རང་བཙན་དགོས་ཟེར་མཁན་འགའ་རེའི་སེམས་ནང་གི་རང་བཙན་དེ་མདོ་ཁམས་མ་ཚུད་པའི་རང་བཙན་ཡིན་པ་དེ་ཡང་ཤེས་པར་གྱིས།
བོད་ཟེར་བ་ནི་གཅིག་ལས་གཉིས་མེད་པའི་སྐོར་ལ་རྩོམ་ཡིག་སྤེལ་བ་དང་སྐད་ཆ་བཤད་རོགས་གནོང་། དྲ་ཐོག་གི་རྩོམ་པ་པོ་ཚང་མ་ལ་འབོད་སྐུལ་སེམས་གཏིང་ནས་ཞུས་པ་ཡིན། ང་ཚོ་ལ་ཆིག་སྒྲིལ་དགོས་པ་ལས་གཏོར་བཤིག་དང་འཐེན་འཁྱེར་ནམ་ཡང་མི་དགོས་སོ།
ཐུགས་རྗེ་ཆེ། དྲ་གྲོགས་རྣམ་པར་དུས་ཚོད་ཡོད་ན། གཤམ་གྱི་འབྲེལ་ཐག་ཐོག་ཕེབས་ནས་ཡིད་ཙམ་གཟིགས་རོགས་ཞུ། གནས་དེ་ན་ཁ་བ་རི་བའི་མིག་ཆུའི་རྒྱ་མཚོ་ཞིག་འཁྱིལ་འདུག
http://nolosar.wordpress.com/
རིག་པའི་རྡོ་རྗེ་གྱི་གཅོ་བའི་གངས་རིའི་མིག་ཆུ་དྲ་དེབ་ཟེར་བ་ཞིག་སྒོ་འབྱེད་ཞུས་པ་དེར་འཚམ་འདྲི་ཡོད།
གངས་རིའི་མིག་ཆུ་གཞུར་རྒྱུན་འདི་དང་འགྲོག་ནས་གངས་ཅན་བོད་པ་ཚང་གི་མིག་ཆུ་དེ་དག་ཡང་མི་སྡར་མ་རྐྱང་རྐྱང་གི་མིག་ཆུ་དང་ནུས་མེད་མི་རིགས་ཤིག་གི་མིག་ཆུ་མ་ཡིན་པ་འཛམ་གླིང་མི་མང་ལ་གསལ་སྟོན་བྱེད་པ་ལ་བར་ཆད་མེད་པ་དང་ལམ་ལྷོངས་ཡོང་བར་ཤོག མི་ཡུལ་ས་མཐའ་ག་ཚོད་སྐྱིད་སྣང་ཞིག་ཡོད་ན་ཡང་རང་ཡུལ་མིན་པ་གསལ་བོ་ཤེས་སུ་འཇུག་རྒྱུ་དེ་ནི་འུ་ཅག་གི་ལས་འགན་ཡིན་ན། ཁྱེད་ཅག་གི་ལས་ཀ་འདི་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཞུ།