______དགེ་རྒན་ཉིན་མོར་འདས་ཟིན་པའི་དགེ་རྒན་ཞིག་དྲན་པ།
བསེ་རུ།
སྐུ་གཟུགས་སྐམ་ལ་རིད་ཅིང་ཅུང་ཟད་སྒུར།།
སྤྱན་ཟུང་སྤྱན་ཤེལ་དཀར་པོས་བརྒྱན་པ་ཞིག།།
ན་བཟའ་དཀར་ནག་རེས་མོས་ཚུལ་དུ་བཞེས།།
བདག་གི་དྲན་པའི་ཡུལ་གྱི་བཤེས་གཉེན་ཞིག།།
གློ་ནད་ཀྲི་སྦི་ཟེར་བའི་ནད་ངན་དེས།།
ལན་དགུར་སྙིང་རྗེ་མེད་པར་སྡུག་ལ་སྦྱར།།
མཆིན་ནད་འཆི་བ་བསུ་བའི་ཕོ་ཉ་དེས།།
ཟུངས་ཁྲག་སྐྱུགས་པའི་བཙན་བཀའ་ཡང་ཡང་བཏང་།།
ལྷག་བསམ་གངས་རིར་མཚུངས་ཞེས་བརྗོད་མི་ཐུབ།།
ལ་རྒྱ་དར་གྱི་མདུད་པར་འགྲེལ་མི་ནུས།།
མཁྱེན་དཔྱོད་མཁའ་ལྟར་ཡངས་ཞེས་ཇི་ལྟར་བརྗོད།།
ཀུན་གྱི་སེམས་ཁོང་གནས་པ་ཁྱེད་མིན་སུ།།
ཐོན་མིའི་རྣམ་སྤྲུལ་ཡོད་པར་སུ་ཞིག་གླེང་།།
ཐོན་མིའི་དགོངས་དོན་རྟོགས་མཁན་སུ་ཞིག་ཡོད།།
ཐོན་མིའི་ཞབས་རྗེས་སྙེག་མཁན་འཚང་ཁ་ཆེ།།
ཐོན་མིིའི་ལམ་བཟང་སྟོན་མཁན་ཁྱེད་ཉིད་ཙམ།།
བོད་དོན་སྤྱི་དོན་གླེང་མཁན་འཚང་ཁ་ཆེ།།
རྒྱུ་དང་འབྱོར་པའི་དབང་ཐང་འགྲན་ཞིང་བསྡུར།།
ཆོས་རིག་ནོར་བུའི་ཁྱད་ཡོན་འཕྱར་ཞིང་ངོམས།།
འཛིན་ཁང་གྲུ་བཞིའི་ནང་གི་གཡོག་པོ་སུ།།
སྐབས་རེ་འཁྲིག་ཚིག་སྨྲ་དུས་ངོ་རེ་ཚ།།
སྐབས་རེ་བཀའ་བཀྱོན་ཕེབས་དུས་འཇིགས་རེ་ཡེར།།
སྐབས་རེ་གཞུང་ལུགས་འཆད་དུས་ཧང་རེ་སངས།།
སྐབས་རེ་ཁྱེད་ཉིད་མེད་དུས་སྟོང་ལྷང་ལྷང་།།
སྟག་རྒོད་འདྲ་བའི་སློབ་མ་གཉའ་རེ་ཞུམ།།
ཝ་མོ་འདྲ་བའི་སློབ་མ་གཅིན་ཡང་ཤོར།།
སློབ་མ་རྒན་གཞོན་ཕོ་མོའི་སེམས་ཁོང་ན།།
ཁྱོད་ནི་དྲག་ཤུལ་ཅན་གྱི་སྐྱེས་བུ་ཞིག།།
ནད་མནར་སློབ་མར་བརྩེ་བའི་མ་ལས་བྱམས།།
སེམས་ཀྱི་རྨ་ཁ་གསོ་བའི་ཐབས་ལ་མཁས།།
མི་ཚེའི་ལམ་བཟང་སྟོན་པའི་མགོན་གྱི་མཆོག།།
ཁྱོད་ནི་བྱང་སེམས་ཅན་གྱི་སྐྱེས་བུ་ཞིག།།
སྐུ་ངལ་གསོ་བར་བསྐུལ་ཀྱང་ཨུ་ཚུགས་ཆེ།།
འཆི་ཡང་འགྱོད་པ་མེད་ཅེས་ཡང་ཡང་གསུངས།།
ཟུངས་ཁྲག་ཞལ་ནས་སྐྱུགས་ཀྱང་སློབ་ཁྲིད་མཛད།།
བཟོད་དཀའི་ན་ཟུག་ཡོད་ཀྱང་འཛུམ་མདངས་སྟོན།།
འཆི་བདག་གཤིན་རྗེའི་བཀའ་ཆད་དྲག་པོ་ཡིས།།
དམ་མཐུན་དགེ་སློབ་བཙན་གྱིས་ཁ་བྲལ་བཏང་།།
རྨོངས་པ་ཁྱུ་ཡི་མ་རིག་ལིང་ཏོག་རྣམས།།
ཕྱི་མའི་ཡུལ་ནས་ཇི་ལྟར་སེལ་ལགས་སམ།།
ཤེས་རིག་གཞལ་མེད་ཁང་གི་ཀ་བ་ཞིག།
བར་ཆད་རླུང་ནག་འཚུབ་མས་བསྒྱེལ་བའི་ཚེ།།
ཕྱོགས་བཅུའི་དངོས་བརྒྱུད་སློབ་མའི་ཚོགས་རྣམས་ཀྱིས།།
མྱ་ངན་སྐྱོ་གདུང་དྲག་པོས་འོ་དོད་འབོད།།
ཁྱེད་ཉིད་བྱེ་མའི་གདན་ལ་བཞུགས་དུས་དེར།།
ང་ཡི་ལག་ཟུང་གང་གི་ཕུང་པོར་རེག།།
མིག་ཟུང་མཆི་མའི་བཞུར་རྒྱུན་ཆད་མེད་ངང་།།
བསྔོ་སྨོན་ཚིག་གིས་ཉིད་ལ་སྐྱེལ་མ་ཞུས།།
ཁྱེད་ཉིད་མི་སྣང་ཡུལ་དུ་གཤེགས་ན་ཡང་།།
ཁྱེད་ཀྱི་རིག་པའི་ས་བོན་ས་གཞིར་ཁྱབ།།
ཁྱེད་ཀྱི་ལང་ཚོའི་མཛེས་སྡུག་རབ་སྨིན་པས།།
ཁྱེད་ཀྱི་རྣམ་ཤེས་དགྱེས་པའི་གྲོགས་གྱུར།།
གང་གི་རྣམ་ཤེས་གང་དུ་བཞུགས་ན་ཡང་།།
གང་གི་སློབ་མས་གང་ཤེས་ཤེས་བྱའི་གནད།།
གང་གི་བཀའ་དྲིན་གང་ནུས་དྲན་བཞིན་དུ།།
རིག་པའི་སྒྲོན་མེས་རྨོངས་པའི་མུན་པ་སེལ།།
སེམས་འགུལ་ཐེབ་ནུས་པའི་སྙན་རྩོམ་ཞིག་བྲིས་འདུག་པས་དགའ་བསུ་ཞུ། དགེ་བའི་བཤེས་གཉེན་ནི་ལུགས་གཉིས་ལམ་བཟང་སྟོན་པར་མཛད་མཁན་བླ་ན་མེད་པའི་བཀའ་དྲིན་གྱི་བདག་ཉིད་ཆེན་པོའོ། །
སྟོང་ལྷང་ལྷང་བྲིས་པས།
རིང་འདྲིས་བྱས་ཀྱང་སྟོང་ལྷང་ལྷང་། །
འཆད་རྩོད་རྩོམ་ཡང་སྟོང་ལྷང་ལྷང་། །
དད་མོས་ཕྱུག་ཀྱང་སྟོང་ལྷང་ལྷང་། །
སྟོང་ལྟང་ལྷང་ལ་སེམས་འགུལ་ཐེབ། །
དགེ་སློབ་དམ་ཚིག་རྒྱས།
སྐུ་གཟུགས་སྐམ་ཞིང་སྒུར་ནས་ཡོད་ཀྱང་སྙིང་སྟོབས་ཞུགས་ཆེན་འོད་འབར་འབར།
སྤྱན་ཤེལ་དཀར་པོས་མིག་ཟུང་བརྒྱན་ཡང་མ་འོངས་ཕུགས་རྒྱང་གསལ་ལྷང་ལྷང་།
ན་བཟའ་དཀར་དམར་རེས་ཀྱིས་བཀླུབས་ཀྱང་རང་ཚུགས་ཕོ་ཉམས་སྲ་བརྟན་བརྟན།
དམ་པ་ཁོང་གི་བཀའ་དྲིན་དྲན་དུས་དད་པའི་སེམས་པ་ཚ་ལམ་ལམ།
ངོ་མ་བསོད་ནམས་ཆེ་བའི་སློབ་མ་ཞིག་རེད་ཨང་།
སྒམ་ཞིང་ངོ་ནག་ཞལ་གྱི་འོག་ལ་བརྩེ་བ་སྦས།
རིད་ཅིང་ཐུང་བའི་སྐུ་ལུས་འོག་ལ་སྙིང་སྟོབས་བཀབ།
ཟབ་ཅིང་དྲག་པའི་གསུངས་ཀྱི་འོག་ལ་གདམས་ངག་ཡིབ།
གཅིག་ཏུ་བདག་ལ་གཟིགས་པའི་དྲིན་ཆེན་བཤེས་གཉེན་ཁྱེད།
སུ་ཡི་ཆེད་དུ་བདག་ལ་འགན་འཁུར་འདི་ལྟར་ལེན།
སྔོན་མ་རྒྱལ་བའི་ཡོངས་འཛིན་གླིང་རིན་པོ་ཆེ། གྲིབ་སྐྱོན་གྱི་ན་ཚ་བཞེས་ནས། ཐོག་མར་སྐུ་གཟུགས་ཀྱི་ཕྱོགས་གཅིག་འགུལ་བར་མི་ཐུབ་ཡོད་སྐད། བླ་ཆེན་གཞན་གྱིས་རིན་པོ་ཆེར་གསང་སྟབས་ཀྱིས་རེ་སྐུལ་ཞུས་ཏེ། གསང་སྔགས་ཀྱི་རྫོགས་རིམ་ལ་བརྟེན་ནས། སྐུ་ཚེ་འདིའི་འདུ་བྱེད་བསྡུས་ནས། མྱུར་དུ་ཡང་སྲིད་ཟླ་བ་གསར་པ་ཞིག་ཕེབས་དགོས་པར་གསུངས་སྐད། གླིང་རིན་པོ་ཆེས་གསུངས་པར། ངའི་ཉེ་གནས་ཚོས་ང་དྲག་རྒྱུའི་རེ་བ་རྒྱག་གི་ཡོད། ངས་འདི་ལྟར་སྟབས་བདེ་པོར་ཤི་ན། མཇུག་ལ་སྡོད་མཁན་གྱི་སློབ་མ་རྣམས་ལ་ཕངས་སེམས་དང་སྡུག་བསྔལ་ཆེ་བར་ཡོང་རྒྱུ་ན། ང་ན་ཚ་ཇེ་སྡུག་ཇེ་སྡུག་འགྲོ་བཞིན་དུས་རིང་ཙམ་བསྡད་པ་ཡིན་ན། ཁོང་ཚོ་ཡང་རེ་ཞིག་བློ་ཐག་ཆོད་ནས། ད་རིན་པོ་ཆེ་ན་ཚ་འདི་འདྲས་འཁུར་བ་ལས་ཞིང་ལ་ཕེབས་ན་དགའ་ལྟ་བུའི་བསམ་པ་བསླེབས་ཚེ། ང་ཤི་བའི་སྐབས་ལ་ཁོང་ཚོར་སྡུག་བསྔལ་ཆུང་། མ་མཛད། ཁོང་ཚོས་རྒ་ཤིའི་སྡུག་བསྔལ་འདི་དངོས་སུ་མིག་གིས་མཐོང་ན། ཕན་པ་ཆེ་བས། སྡུག་རུས་བྱས་ནས། ཟླ་བ་བཞི་ལྔ་ཙམ་སྡོད་ཀྱི་ཡིན་གསུངས་པ་ཐོས། ངོ་མ་བཤེས་གཉེན་དྲིན་ཅན་ཞིག་རེད་སྙམས།
དགེ་བའི་བཤེས་གཉེན་སྙིང་གི་ཐིག་ལེ་ཡིན།།
འདི་ཕྱིའི་བློ་མིག་འབྱེད་མཁས་ལྷ་རྗེ་ཡིན།།
སྐྱབས་དང་མགོན་གྱི་རབ་དང་མཆོག་རབ་ཡིན།།
ཀུན་ལ་མཁོ་བའི་དགོས་འདོད་ཀུན་འབྱུང་ཡིན།།
བཀྲིས་བདེ་ལེགས