“སྟོད་རྒྱ་གར། སྨད་རྒྱ་ནག་”ཅེས་པའི་ཚིག་འདི་ང་ཚོས་ཡང་ཡང་གོ་མྱོང་ཡོད། འདི་སྟོན་བཤད་ན་ཡོད་ལ། ལོ་རྒྱུས་ན་ཡང་ཡོད། ཚིག་འདི་དེ་རིང་དང་སང་ཉིན་གྱི་ཚིག་ཅིག་མ་རེད། འདི་ནི་སྔ་མོའི་ཚིག་ཅིག་རེད། དགོངས་པ་བཞེས། འདི་ནི་ ༡༩༢༠ ནང་ལ་བེད་སྤྱོད་བྱེད་བཞིན་པའི་ཚིག་ཅིག་རེད།
སྡེ་དཔོན་དེས་པག་རྩགས་ཁ་གསར་ཞིག་གོན་འདུག འདི་ཁམས་ཀྱི་གྲོང་གསེབ་ཅིག་གི་སྡེ་དཔོན་རེད། ལག་ཏུ་ཁ་བཏགས་ཤིག་འཇུས་ནས་སྒོར་བཏོན། ཨ་མདོ་ནས་བླ་ཆེན་ཞིག་དབུས་ལ་ཕེབས་བཞིན་ཡོད་པ་དེར་བསུ་བ་བྱས། བླ་མ་ལ་མཇལ་དར་ཕུལ། སྡེ་དཔོན་གྱི་ཚུལ་དུ་གཏམ་བཤད་རིང་པོ་བཤད། སྟོད་རྒྱ་གར་ནས་དམ་ཆོས་འཕེལ་རིམ་བཤད། བླ་མ་ལ་ཡང་སྤྱན་ཆབ་ཤོར། ཕྱག་གཉིས་ཐལ་མོ་སྦྱོར་བཞིན་འདུག སྨད་རྒྱ་གར་ནས་དར་གོས་འཕེལ་རིམ་བཤད། བཤད་བཤད་པའི་མཐའ་མ་དེ་བླ་མར་ཕུལ་བའི་ཁ་བཏགས་སྐོར་བཤད། ཁ་བཏགས་དེ་ཧ་ལམ་གོང་མའི་ཕོ་བྲང་ནས་གངས་ཅན་བོད་དུ་ཡོང་རབས་བཤད། བླ་མའི་ཕྱག་མཛོད་དང་སྡེ་དཔོན་གྱི་མི་དྲག་ཚོ་བགད་མོ་འཚེར་འཚེར་བྱེད། གཏམ་བཤད་ན་འདི་ལས་ལྷག་ཅིག་སུས་ཤོད། ཧ་ཧ།
བོད་ཀྱི་འཇིག་རྟེན། སྟོད་རྒྱ་གར། སྨད་རྒྱ་ནག དེ་ནས་རྒྱ་མཚོ་ཡོད་མེད་མ་ཤེས། སུས་མཐོང་མྱོང་། བལ་ཡུལ་དེ་རྒྱ་གར་དང་ཐག་ཉེ། ལྷོ་བལ་ཟེར་བ་མ་རེད་དམ། དེ་ནས་ག་རེ་ཡོད། བོད་ཀྱི་འཇིག་རྟེན་དེ་དེ་ནས་རྫོགས་འདུག མི་དེ་ཚོའི་སེམས་ལ་བར་སྣང་ཆེན་པོ་ཞིག་ཤར་ཡོད་དམ། མི་ཤེས། བོད་ཀྱི་འཇིག་རྟེན།
དེང་སང་ད། སྟོད་རྒྱ་གར་གྱི་ཚབ་ལ། ནུབ་ཨ་རི་། བྱང་ཨ་རི། ནུབ་ཡོ་རོབ། ཤར་ཡོ་རོབ། སྨད་རྒྱ་ནག་གི་ཚབ་ལ་འཇོག་རྒྱུ་གཞན་པ་ཨེ་ཡོད།
དགྲ་རྒྱ་ནག དགྲ་རྒྱ་དམར། གཞན་པ། སེམས་ལ་ཅང་མི་དྲན་གི བོད་མིའི་སེམས་ཀྱི་འཇིག་རྟེན། ངའི་རྩ་བའི་བླ་མ། སྐྱབས་སུ་མཆི། སྐྱབས་སུ་གསོལ། སྐྱོབས་རོགས་གནང་། བོད་མིའི་སེམས་ཀྱི་འཇིག་རྟེན་དེ་ན་རྫོགས་འདུག
སྟོད་རྒྱ་གར་ཡུལ་ནས་འཁྱོང་བའི་དམ་པ་ལྷ་ཆོས་ཀྱིས་བོད་ཀྱི་མིའི་ནང་གི་བསམ་བློར་ངང་གིས་དབང་བསྒྱུར་བྱས། སྨད་རྒྱ་ནག་ཡུལ་ནས་བཙན་གྱིས་སླེབས་པའི་དབང་ཁྲིམས་བཙན་པོ་དེས་བོད་མིའི་ཕྱིའི་ལུས་པོར་བཙན་གྱིས་དབང་བསྒྱུར་བྱས་འདུག་ན། ད་ནི་བོད་མི་ཟེར་བ་འདི་ཚོར་ཕྱི་ནང་གཉིས་ལ་ཅི་ཡང་ལྷག་མི་འདུག་ལ། མགྷྱོགས་པོར་གཞན་དབང་དུ་འགྱུར་མི་ཡོང་ངམ་ཡང་སྙམ་གི