རས་པ།
འདི་ནས་ཡར་ལ་བལྟས་པའི་རི་བོ་དེས།
ག་ལེར་སྐྱ་ཡུག་ཡུག་གི་ལྭ་བ་མནབས་ཏེ།
སྐྱོ་གདུང་གི་རྡུལ་འཚུབ་གཏོར།
མཛེས་སྡུག་གི་རི་ལུང་བདེ་བར་བཞུད་ཅིག
སྐྱིད་སྡུག་ནི་སྔ་ཕྱི་ཙམ་ཡིན་པས་སང་ལོ་མཇལ་ཆོག
རི་ཞིག་ལ་འདང་རྒྱབ་ན།
ཁྱོད་ལ་རང་གི་མཛེས་སྡུག་གི་སྔོ་ལྗང་འཕྲོག་པའི་སྡུག་བསྔལ་ཡོད་དམ།
ངས་རང་གི་སྤང་ཐང་ཡངས་པོ་དྲན་ཐེངས་རེར།
སྡུག་བསྔལ་དང་ཁོང་ཁྲོ་ཡིས་རང་ཉིད་འཇོམས་པར་བྱེད།
ཡིན་ནའང་། དགུན་འཁྱག་གི་དུས་འགྱུར་འདི་ལ།
མགོ་བོ་བསྲིངས་ནས་རང་སྲོག་གཅོད་མི་སྲིད།
ལུང་གཞུང་སྐྱ་མོ་འདི་ཡང་།
ངས་ཉིན་རྒྱུན་གྱི་ཞོགས་པར་ཐེངས་རེར་མཐོང་དུས།
ཡུལ་བྲལ་གྱི་གདུང་ཡས་ལྟ་བུའི་དུ་བ་སྐྱ་བོ་ཞིག་གིས་ཁེངས་ཡོད།
དབུགས་རྔུབ་རིང་མོ་རེ་བྱས་ཏེ་རྒྱང་ནས་རྒྱང་ལ་བལྟ་དུས།
རི་རབ་ཀྱིས་རི་རབ་བལྟེབས་ནས།
ང་ནི་མཐའ་མེད་པའི་སྟོང་ཁམས་འདིར་བསྐྱལ་ཡོང་ཨང་།
ཡིན་ཡང་། ཉི་མ་མགྱོགས་མྱུར་གྱིས་ཤར་ཏེ།
རྒྱང་རིང་གི་མིག་ཟུང་ཕྱིར་འཐེན་དུས།
ངས་གཅིག་རྗེས་གཉིད་མཐུད་དུ་ལྷུང་བའི་ལོ་མའི་གསེང་དུ།
སྙིང་བོ་མེད་པའི་མཛེས་པ་ཞིག་ལ་རོལ་བཞིན་བགྲོད་དགོས།
ད་དུང་གོ་རིམ་གཅིག་རང་ཡོད་དེ།
ས་སྲོད་ཀྱི་བྱེའུའི་སྐད་ཅོར་ནི།
མྱ་ངན་གྱི་འོ་དོད་དང་འདྲ་བར།
སུན་སྣང་ནས་སུན་སྣང་སྦྱིན་དུས།
གཉིད་ལམ་གྱི་བདེ་བས་ཁྱོད་རང་འཚོལ་བཞིན་པ་ལྟར།
བྱེའུའི་སྐད་ཅོར་དེ་ཡང་།
གཤིན་པོའི་རྗེས་ཀྱི་ངུ་སྐད་ལྟར་ཁྱོད་དང་འབྲེལ་མེད་དུ་ཡོད་དེ།
འདི་ནི་ཡོངས་སུ་རྒུད་པའི་སྟོན་མཇུག་གོ།།
༢༠༢༢།༡༡།༤ཉིན།