ཆུ་སྐྱེས་སྒྲོལ་མ།
སྟོན་གྱི་བུ་མོས་རི་ལུང་ཐང་གསུམ་ལ།།
འཇམ་མཉེན་ཕྱག་གིས་བྱིལ་བའི་ཡུལ་གྲུ་ན།།
གསེར་མདོག་གོས་ཆེན་བཀླུབས་པའི་མཛེས་ཉམས་ནི།།
དབྱར་ཁར་གྱེས་ཕྱག་ཕུལ་བའི་བརྡ་སྟོན་ཉིད།།
ངལ་ཞིང་དུབ་པའི་སྟོན་ཀའི་ལྗོན་པ་ལ།།
ཡོད་ཚད་ཤོར་བའི་སྐྱོ་དུང་ཆེ་ན་ཡང་།།
སྟོན་ཟླ་རྒྱས་པའི་འོད་ཀྱི་འཛུམ་མདངས་དེས།།
སེམས་པའི་གསེབ་ཀྱི་སྤྲོ་བར་སྤོབས་པ་སྦྱིན།།
ལོ་རྒྱུས་བང་རིམ་བརྩེགས་པའི་སྡོང་རྒན་ལས།།
ཉམས་ཤོར་ལྡོང་ལོ་ཟགས་པས་ལམ་ཟུར་ཁེངས།།
དམར་སེར་མདངས་ལ་འཁུ་བའི་མཛེས་སྡུག་དེས།།
འཕེལ་འགྲིས་ཆོས་ཉིད་རི་མོ་གསལ་བར་བྱས།།
ལྗོན་ཤིང་དག་ནི་གཅེར་བུར་འགྲེངས་ཏེ་འདུག །
སེམས་ཀྱི་མིག་ལ་སྡོང་ལོ་འཐོར་བ་ལྷུང་།།
དུས་ཀྱི་འགྱུར་བ་ཟ་བའི་ནམ་ཟླ་འདིས།།
སྟོན་གྱི་ཞལ་རས་འཛིན་མར་རི་མོར་ཕབ།།
དལ་འགྲོས་གོམ་སྟབས་སྲང་ལམ་བཞི་མདོར་ཕྱོགས།།
དུང་སེམས་རྨ་ཁ་གསོ་བའི་མཛེས་སྡུག་དང་།།
ཡིད་གདུང་མེ་ལྕེ་འཇོམས་པའི་བསིལ་རླུང་སོགས།།
བདེ་སྟེར་དངོས་པོའི་གཤིས་ལུགས་ཅི་ཡང་སྣང་། །
བསིལ་རླུང་སྤུ་གྲི་རྣོན་པོའི་མཛུབ་མོ་ཡིས།།
ལྗོན་ཤིང་མཛེས་མའི་གདོང་ལ་འགྲམ་ལྕག་བཏབས།།
འཇམ་མཉེན་འདབ་ལོ་དབང་མེད་འཕུར་ལྡིང་བཅས།།
ས་ལ་འཁྱུད་པའི་དབྱིབས་དག་ཡི་གར་འོང་།།
རྐང་པའི་རྡོག་སྒྲ་ལྡོང་ལོའི་ཤག་སྒྲས་ཟོས།།
སེམས་པའི་གསང་གཏམ་སྡོང་ལོའི་རི་མོར་བརྐོས།།
སྟོན་རླུང་བསིལ་མོ་ཡིད་ཀྱི་ཕོ་ཉར་འགུག །
དྲན་སེམས་ཡིག་ཆུང་ཕ་ཡུལ་ཕྱོགས་སུ་འཕྱུར།།
སྟོན་ཟླའི་མཛེས་གཟུགས་ཡིད་ཀྱི་མཚོ་མོར་བབས།།
འཆར་སྣང་འཕྲོ་འདུ་སྟོང་གི་དར་སྐུད་འདི།།
འོད་ཟེར་ཁྲི་མ་འབུམ་གྱི་མིག་ལ་བརྒྱུས།།
ལོ་རྒྱུས་རི་མོ་གོས་ཀྱི་མཛེས་པར་འཐགས།།
སྟོན་ཟླ་རྒྱས་པའི་དཔལ་ལས་རབ་མཛེས་པའི།།
དངོས་དག་བདག་སེམས་མཚོ་མོར་སྣང་མ་གྱུར།།
བློ་ལྡན་རི་བོང་ཟླ་བར་རྒྱུ་བའི་མགྲོན།།
དེ་ཀོ་བློ་གཏད་བཅོལ་སའི་མཛའ་བོར་འཁྲུལ།།
དེ་འདྲ་སྙན་པ་ལ། ངག་རྩལ་ལྡན་པའི་ཆུ་སྐྱེས་སྒྲོལ་མ་བསྟོད་པ་ཡོད། སྟོན་ཀ་ཡ།
ཤིན་ཏུ་ལེགས།།
དྲི་བཞོན་བུ་མོས་ཤུགས་ཀྱིས་བཏེགས་པའི་སྤྲིན།།
གྱ་གྱུར་གཡོ་བ་གློག་གི་འཕྲུལ་ལྡན་མ།།
སྙན་ཚིག་སིལ་བུར་གཏོར་བའི་སྦྲང་ཆར་དེ།།
གང་གི་འཕྱར་གཡེང་འབོད་པའི་མགྲོན་པོ་བཞིན།།