གཡུ་སྒང་དགེ་འདུན།
(ས་ཟླའི་དུས་ཆེན་གསུམ་འཛོམས་ལ་ཕུལ།)
༡༽དགའ་ལྡན་གནས་སུ་གཟིགས་ལྔས་འཛམ་གླིང་འཕོ་མཛད་དམ་པ་ཏོག་དཀར་མཚན།།
སྤངས་རྟོགས་ཀུན་ལྡན་སྒྱུ་འཕྲུལ་ལྷ་མོ་འཛམ་གླིང་ཨ་མའི་ཡངས་རྩེར་བདམས།།
ས་ཟླའི་བཅོ་ལྔར་གླང་ཆེན་གཟུགས་སུ་ཡུམ་གྱི་ལྷུམས་སུ་ཞུགས་མཛད་དེ།།
ཤཱཀྱའི་གདུང་རྒྱུད་ཟས་གཙང་སྲས་པོ་གཞོན་ནུ་དོན་ཀུན་གྲུབ་པར་བཞེངས།།
༢༽བཀྲ་ཤིས་ལིམྦིའི་ནགས་མོའི་ཚལ་དུ་ངོ་མཚར་ལྟས་ཀྱི་རི་མོ་བཀོད།།
ས་ཆེན་གོམ་པ་བདུན་བདུན་བཅགས་པར་ཆུ་སྐྱེས་མཛེས་སྡུག་འཛུམ་གྱིས་གྲོལ།།
ཐོག་མའི་གསུང་གིས་བདེན་དོན་རིན་ཆེན་གསེར་གྱི་བང་མཛོད་ཐང་མར་བརྡལ།།
བཤེས་གཉེན་དུ་མ་གཙུག་ཏུ་བཀུར་ཏེ་སྒྱུ་རྩལ་རེ་བཞིི་ཆུབ་པར་མཛད།།
༣༽ ཀུན་གྱི་མཆོག་བཀུར་དགེ་ལེགས་མཚན་དཔེའི་མེ་ཏོག་ཕྲེང་བ་མགུལ་དུ་སྤུད།།
ཚངས་དབང་ལ་སོགས་འཇིག་རྟེན་དྲག་པོས་ཞབས་ལ་གུས་པས་ཕྱག་བྱེད་ཅིང་།།
དགའ་མགུའི་གར་གྱི་སྟངས་སྟབས་ལ་སོགས་གནམ་སའི་ཁྱོན་ཀུན་འགེངས་བྱས་པའི།།
འཇིག་རྟེན་འདི་ན་མཆོག་ཏུ་བཀུར་བའི་ལྷ་ཡི་ལྷ་ཞེས་གྲགས་པ་འབར།།
༤༽གྲགས་འཛིན་མ་དང་ས་འཚོ་མ་གཉིས་འཇིག་རྟེན་མཐུན་འཇུག་ཚུལ་དང་བསྟུན།།
སེར་སྐྱའི་གྲོང་དུ་ཁྱད་འཕགས་བསོད་ནམས་ཐུགས་བསྐྱེད་བཟང་པོའི་བྱིན་མཐུ་ཡིས།།
གཞོན་ནུའི་བརྩེ་ཆེན་ཐུགས་རྗེ་འོད་ཀྱིས་སྟོང་གསུམ་གྲོང་དུ་ཁྱབ་བྱས་པར།།
སྐལ་ལྡན་འབངས་ཀྱིས་དད་གསུམ་མཆོད་པ་འཛམ་གླིང་འཛིན་མར་ཤོང་རེ་སྐན།།
༥༽སེར་སྐྱ་གྲོང་གི་མཐའ་བཞིའི་ཀློང་དུ་སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས།།
རྒྱལ་སྲས་དམ་པ་འཁོར་བའི་འཁྲུལ་བདེར་ཡིད་ཐང་ཆད་དེ་ངེས་འབྱུང་སྐྱེས།།
མཁར་མཐའ་རྔམ་བརྗིད་དམག་གིས་བསྲུང་ཡང་རྒྱལ་ཆེན་རིགས་བཞི་གྲོགས་སུ་བྱོན།།
མཆོད་རྟེན་དྲུང་དུ་ངུར་སྨྲིག་ལྷ་ཡི་གོས་བཟང་མནབས་ཏེ་རབ་བྱུང་ཉིད།།
༦༽འགྲོ་རྣམས་སྒྲོལ་བར་ལོ་དྲུག་དཀའ་བ་ཁྱད་དུ་བསལ་ཏེ་སྒྲུབ་པ་མཛད།།
བྱང་ཆུབ་ཤིང་དྲུང་ཐུགས་དམ་བརྟན་པོས་ཉིན་གྲངས་ཞེ་དགུར་ཏིང་འཛིན་བཞུགས།།
འདོད་ལྷས་མཛེས་མའི་བསླུ་བྲིད་དང་ནི་བདུད་ཀྱི་མཚོན་ཆས་ཆར་བབས་ཀྱང་།།
མི་སྡུག་གཟུགས་དང་པདྨ་ལ་སོགས་གང་འོས་གྱུར་ཏེ་བདུད་ལས་རྒྱལ།།
༧༽དགུང་གྲངས་སོ་ལྔར་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔའི་ཐོ་རེངས་ཆར།།
གདུལ་བྱའི་སྣང་ངོར་དཀའ་ཆེན་དོན་འབྲས་ཡོངས་སུ་གྲུབ་པའི་ཚུལ་བསྟན་ཏེ།།
རྫུ་འཕྲུལ་ལ་སོགས་མངོན་ཤེས་དྲུག་གི་རིན་ཆེན་ནོར་བུའི་དོ་ཤད་བཅངས།།
བླ་མེད་རྫོགས་སངས་གོ་འཕང་མཆོག་ལ་མངོན་པར་ཞུགས་པའི་ཤཱཀྱའི་སྲས།།
༨༽ཚངས་དབང་ལྷ་ཡིས་རིན་ཆེན་དང་པོའི་རྩིབས་སྟོང་འཁོར་ལོ་ལྡན་པ་དང་།།
བཀྲ་ཤིས་གཡས་འཁྱིལ་དུང་གི་རྫས་སོགས་དད་རྟེན་ཕུལ་ཏེ་མ་ག་ངྷར།།
ཚངས་དབང་ལ་དད་གདུལ་བྱའི་ཚོགས་སུ་ཟབ་ཞི་སྤྲོས་བྲལ་བདུད་རྩིའི་ཆོས།།
ལེགས་པར་སྩོལ་ཅེས་གསོལ་བཏབ་ཚེ་ན་ཆོས་འཁོར་སྐོར་བར་ཞལ་གྱིས་བཞེས།།
༩༽ཝཱར་ཎའི་གྲོང་དུ་ལྔ་སྡེའི་འཁོར་རྣམས་འགུག་པར་མཛད་དེ་བསྙེན་པར་རྫོགས།།
ཐོག་མར་བདེན་བཞིའི་ཆོས་འཁོར་དང་བཅས་རིམ་བཞིན་སྩལ་བས་གདུལ་བྱའི་ཚོགས།།
དྭངས་པའི་མཁའ་ལ་རྒྱུ་སྐར་ཇི་བཞིན་འདུས་པའི་ཁྲོད་ན་བསིལ་ཟེར་ཅན།།
སྐུ་ལྔའི་དཀྱིལ་འཁོར་ཡོངས་སུ་རྫོགས་ཤིང་ཟབ་ཆོས་སྟོན་པའི་སྟོན་པ་མཆོག །
༡༠༽གྱ་གཅིག་ལོ་ལ་རྩྭ་མཆོག་གྲོང་དུ་འཆི་མེད་རྡོ་རྗེའི་སྐུར་བཞེངས་ཀྱང་།།
བདེན་བཞི་རྟེན་འབྱུང་བསླབ་གསུམ་ལ་སོགས་སོམ་ཉི་ཅི་བྱུང་དྲིས་ཤིག་ཅེས།།
འདུས་བྱས་མི་རྟག་ཟག་བཅས་སྡུག་བསྔལ་ཆོས་ཀུན་བདག་མེད་གསུང་མཐའ་མར།།
ཟག་མེད་ཡེ་ཤེས་ཆོས་ཀྱི་དབྱིངས་སུ་ཞི་བར་གཤེགས་ལ་ཕྱག་འཚལ་ལོ།། །།
ཞེས་གཡུ་སྒང་དགེ་འདུན་གྱིས།
ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༤ ཉིན།