ཀླུ་སྨྱོན།
(དུས་བསྣོལ་སྒྲུང་གཏམ)
སྔོན་ཆད་གཞན་གྱི་ཡིད་ལ་མ་ཤར་བ།།
འདི་འདྲ་གང་གིས་ཤེས་དེ་བློ་གྲོས་ལྡན།།
རྒན་པོ་རྣམས་ཀྱིས་ཡང་ཡང་རྣམ་དཔྱད་པའི།།
དོན་དེ་ཤེས་ཀྱང་དེ་ལ་ངོ་མཚར་མེད།།
ས་པཎ་ལ་བཙན་གྱིས་གཡར་བའི་ལུང་ཚིག
གཅིག
དེ་ནི་ཡུལ་མ་ག་དྷའི་ཆར་དུས་ཀྱི་ཉིན་མོ་ཞིག་སྟེ། ཤག་ཤག་ཏུ་བབས་པའི་ཆར་བ་ཆེན་པོ་ཞིག་གི་ཀློང་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བའི་དབུས་སུ་ཆགས་པའི་དྲི་གཙང་ཁང་ཉམས་དགའ་བ་དེའི་ནང་དུ། སྟོན་པ་བཅོམ་ལྡན་འདས་དང་འཁོར་རྣམ་བཞི་མི་ཉུང་བ་ཞིག་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་འདུག
སྐབས་རེར་བར་སྣང་གི་སྤྲིན་གསེབ་ནས་གློག་འོད་མིག་ལ་གཟན་པ་རེ་འཁྱུགས་རྗེས་འབྲུག་སྒྲ་དྲག་པོ་ས་གཞི་སྦེར་བ་རེ་ལྡིར་ན་ཡང་། སྟོན་པ་དང་ཁོང་གི་སྒོམ་གྲོགས་ཚོ་ནི་གཡོ་འགུལ་ཅི་ཡང་མེད་པར་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གནས། སྟོན་པས་ཉེ་ཆར་གནམ་གཤིས་འགྱུར་ལྡོག་མང་བའི་རྐྱེན་གྱིས་སྐུ་ཆམ་ཡང་མོ་ཞིག་བཞེས་ཀྱང་འཚོ་བྱེད་གཞོན་ནུས་གསོལ་སྨན་ལན་འགའ་ཕུལ་བ་ལ་བརྟེན་ནས་སྐུ་ཁམས་དྭངས་སྐྱེད་བྱུང་ཡོད།
བདག་ནི་རྒྱལ་བྱེད་ཚལ་ལས་ཐག་མི་རིང་བའི་རྒྱལ་པོའི་ཁབ་ཀྱི་སྲང་ལམ་ཤར་མའི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་ལ། ཉིན་འགའི་སྔོན་མཚོ་སྔོན་ཟི་ལིང་ནས་བལ་ཡུལ་བར་དུ་གནམ་གྲུ་དང་དེ་ནས་མེ་འཁོར་ལ་བསྡད་དེ་ག་ཡ་གྲོང་ཁྱེར་དུ་འབྱོར་ཞིང་། དེ་རིང་ཞོགས་པར་གླ་འཁོར་ཞིག་ལ་བསྡད་ནས་འདི་ག་རྒྱལ་པོའི་ཁབ་ཏུ་སངས་རྒྱས་བཅོམ་ལྡན་འདས་ལ་མཇལ་ཁར་བཅར་བ་ཡིན། བདག་ཕ་ཡུལ་ནས་ལམ་དུ་མ་ཆས་སྔོན་ཙམ་དེར། ངེད་ཀྱི་གྲོང་པའི་བགྲེས་སོང་ཁག་ཅིག་གིསརྒས་ཡོལ་གསོག་དངུལ་ལ་བརྟེན་ནས་གུ་རུ་རིན་པོ་ཆེའི་ལྷ་ཁང་ཆུང་ངུ་ཞིག་བཞེངས་པ་དེར་མཚན་གསར་བ་ཞིག་སངས་རྒྱས་ཀྱི་ཞལ་དྲོན་མོ་ནས་གསུང་རྒྱུའི་ཞུ་ཡིག་དང་། གཉེན་ཉེ་འགས་ཚོང་ལས་ཙག་རྩིག་གཉེར་རྒྱུ་ལ་བར་ཆད་ཡོད་མེད་དང་དེའི་རིམ་གྲོ་གང་ཡོད་སངས་རྒྱས་ལ་མོ་ལུང་འགའ་ཞུ་རྒྱུ། ད་དུང་ངའི་གྲོགས་པོ་རྡོ་རྗེའི་ཆུང་མར་བྱིས་པ་ཞིག་སྐྱེས་དུས་ཁོ་ཚང་གི་ཁང་པའི་བར་སྣང་དུ་འཕུར་ལྡེར་ཞིག་སྐར་མ་འགའི་རིང་མངོན་རྗེས་གར་སོང་ཆ་མེད་དུ་གྱུར་པ་དེ་ནི། ཁོའི་བྱིས་པ་དེ་ཨེ་དབྱིན་སི་ཐན་གྱི་ཡང་སྲིད་ཡིན་མིན་དང་ཡང་ན་མ་འོངས་པར་ཚན་རིག་པ་ཞིག་ཆགས་རྒྱུའི་སྔ་ལྟས་ཡིན་མིན་སངས་རྒྱས་ལ་ཞུ་རྒྱུ། གཞན་སྤྱི་ལོ་ཉིས་སྟོང་ཉི་ཤུ་ལོའི་ཨ་རིའི་སྲིད་འཛིན་སུ་ཞིག་ཡིན་མིན་ཀྱི་མོ་ལུང་ཞུ་རྒྱུ་སོགས་ང་ལ་ཐེངས་འདིར་བརྗེད་དུ་མི་རུང་བའི་དོན་དག་ཆེ་མ་ཆུང་གསུམ་ཡོད།
མ་ག་དྷའི་ཆར་བ་ཡང་འབབ་ཡང་ཆད་དང་ཉི་གདུགས་ཡང་ཕུབ་ཡང་བརྫེས་ཀྱི་སྐོར་འདི་ངའི་དཔེ་ཁྲིད་དགེ་རྒན་དགེ་འདུན་ཆོས་འཕེལ་ལགས་ཀྱིས་ཉེ་ཆར་བརྩམས་པའི་གཏམ་རྒྱུད་གསེར་ཐང་དུ་ཡང་བྲིས་ཡོད་པ་མཐོང་ཞིང་། དགེ་ཆོས་ལགས་ཟླ་བ་སྔོན་མར་པེ་ཅིན་དུ་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཕེབས་དུས་ཁོང་གི་ལོ་མང་སྔོན་གྱི་གྲོགས་པོ་ར་ཧུལ་ལམ་སྒྲ་གཅན་འཛིན་ལ་ཐུག་པའི་སྐོར་དང་། ར་ཧུལ་དེང་སང་ཨུ་རུ་སུའི་རྒྱལ་ཁོངས་སུ་ཞུགས་ཏེ་སྲིད་འཛིན་སྐུ་ཞབས་པུའུ་ཀྲིན་གྱི་སྒོམ་སྒྲུབ་སློབ་དཔོན་ཆེན་མོའི་མཚན་གནས་བཞེས་ཡོད་ལུགས། ད་དུང་ར་ཧུལ་གྱི་དགའ་རོགས་ས་སྐྱ་ནས་ཡིན་པ་དེ་དང་ཁོའི་བར་གྱི་བུ་མོ་པ་སངས་ལྷ་མོ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིན་གྱི་བུ་མོས་ཨ་རིའི་ཧ་ཝར་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་དུས་ཀྱི་གྲོགས་མོ་ཡག་ཤོས་ཤིག་ཡིན་ལུགས་ཀྱང་གསུངས་སོང་།
རྒྱལ་པོ་གཟུགས་ཅན་སྙིང་པོས་ཉེ་ཆར་རྒྱལ་པོའི་ཁབ་གྲོང་ཁྱེར་ལ་ཁྲིམས་གསར་བ་ཞིག་གཏན་འབེབས་བྱས་ཡོད་པ་ནི། གཟའ་ཟླ་བ་ནས་པ་སངས་བར་རྒྱལ་པོའི་ཁབ་ནས་རྒྱལ་བྱེད་ཚལ་བར་དུ་རླངས་འཁོར་གྱི་རིགས་གཅིག་ཀྱང་གཏོང་མི་ཆོག་པར་ཤིང་རྟ་འཁོར་ལོ་འབའ་ཞིག་གིས་བགྲོད་དགོས་པ་དང་། དེ་ནི་སངས་རྒྱས་དང་ཁོང་གི་ཞལ་སློབ་ཚོའི་ཏིང་ངེ་འཛིན་ལ་སྒྲ་སྐད་ཟ་ངེ་ཟིང་ངེ་དག་གིས་བར་ཆད་མི་བཟོ་བའི་ཆེད་དུ་ཡིན་འདུག དེ་བཞིན་རྒྱལ་བྱེད་ཚལ་གྱི་དགེ་བསྐོས་དག་གིས་ཀྱང་སྐྱེ་བོ་སུ་ཞིག་རྒྱལ་བྱེད་ཚལ་གྱི་སྒོ་ཐེམ་བརྒལ་རྗེས་ཁ་པར་གྱི་སྒྲ་སྒོ་རྒྱག་དགོས་པའི་ཁྲིམས་སྲོལ་ཞིག་བཟོས་ནས་ཅང་འགོར་མི་འདུག (མུ་འགོད)
སྟོན་པ་ལ་ཞལ་པར་དང་ཤ་རིའི་བུ་ལ་སྐད་་འཕྲིན་དང་མོང་གྷལ་གྱི་བུ་ལ་ངོ་དེབ་་དང་འོད་སྲུང་ཆེན་པོར་ཊི་ཊར་སོགས་ཡོད་པ་ད་ལྟ་བར་ཤེས་
མ་སོང་ན་ཁོང་རྣམ་པའི་ཨང་གྲངས་ང་ལ་བཀུར་ཐབས་གནང་རོགས་ཐུགས་རྗེའི།
མ་ག་དྷ། ཞེས་བོད་སྐད་དུ། སྒྱྲར་དགོས་པར་སྣང་། སྒྱུར་བའི་སྔོན་དུ། བསྡུས་ཡིག གསུམ་པོ་དེའི་དོན་དག་ལེགས་པར་ཤེས་དགོས། མ་ཞེས་པ་དེ། མ་དྷྱ་མ། ཡི་གེ་དང་པོ། མ་ཡིག་རེད་འདུག ག་ཞེས་པ་དེ། ག་ཏ་ཡི་གེ་དང་པོ་རེད་འདུག དྷ། ཞེས་པ། དྷ་ར། ཡི་གེ་དང་པོ་རེད་འདུག དེས་ན། མ་ག་དྷ། ཞེས་ཡི་གེ་གསུམ་པོ་དག་གི་དོན་ནི། དབུས་གྱུར་འཆང་། ཟེར། དེ་ལྟར་བཤད་པར་དགག་པ་རྒྱབ་མཁན་ཡོད་ན། དགའ་བསུ་ཞུ་འོས་སོ།
ཇོ་བསྟོད་ལས།
མ་ག་དྷ་ན་སློབ་མ་གུས་པ་ཡིས།
སིལ་སྙན་དཀྲོལ་ནས་གསོལ་བ་བཏབ་པའི་སྐད།
བོད་དུ་གསན་ནས་སྦྲོམ་ལ་བྲན་པ་ཡི།
རྣ་བའི་མངོན་ཤེས་མངའ་ལ་གསོལ་བ་འདེབས། །
སྨྱོན་བཤད་དང་ངག་ཀྱལ་གྱི་འགོ་བརྗོད་ཅིག་བྲིས་འདུག བསྙེན་བཀུར་རྩ་ནས་མི་འདུག
གཞན་ཕན་གྱི་རྩ་བ་སྙིང་རྗེ།
སྙིང་རྗེའི་རྩ་བ་བྱང་སེམས།
བྱང་སེམས་ཀྱི་རྩ་བ་སྟོང་ཉིད།
སྟོང་ཉིད་ཀྱི་རྩ་བ་འཁོར་འདས།
འཁོར་འདས་ཀྱི་རྩ་བ་ཆོས་སྐུ།
ཆོས་སྐུའི་རྩ་་བ་འཇའ་མཚོན།
གང་ལ་སྟོངཔ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར།
གང་ལ་སྟོང་ཉིད་མི་རུང་བ། ། །དེ་ལ་ཅི་ཡང་རུང་མི་འགྱུར། །
་
ཞེས་འཕགས་པ་ཀླུ་སྒྲུབ་ཀྱིས། རྩོད་པ་ཟློག་པ་ན། གསུངས་ཤིང་། རང་བཟོ་མ་ཡིན་པར་སངས་རྒྱས་རྨད་གཅད་སོགས་མདོ་སྡེ་ལ་ཁུངས་གཏུགས་སོ།
ཀླུ་སྨྱོན་མར། རྩོམ་འབྲི་ཡ་མཇུག་རྫོགས་ཡིན་ས་རེད། བྱ་རོག་སོ་རྟོག་གི་བསྟན་བཅོས་འབྲི་ཡ་འགོ་བཙུགས་སོང་། སྔོན་མར་ཀླུ་སྨྱོན་རྩོམ་རིག་བྱ་དགའ་ཞེས་པ་དེ་མཐར་མ་སོང་། རྩོམ་འབྲི་ཡ་ཡང་མཐར་མ་སོང་། ཨ་ཁ་་རང་་་་
ལ་དྭགསའཇམ་དཔལ་ལགས། བཀའ་དྲིན་ཆེ་བྱུང་། སྒྲ་བསྒྱུར་ཡག་པོ་གནང་འངུག་་་་དེང་ཨན་མདོ་ཕོ་སར་ཁ་ཤས་བོད་ཡོད་འབྲི་སྐབས་་་ཁོ་རང་ཚོས་ཁ་སྐད་བྲིས་འདུག་པ་དེ་ངས་མོས་མཐུན་རྩ་ནས་མེད། མ་ཟང་ལུང་པ་རེ་ལ་ཁ་སྐད་ཅང་བྲིས་ན་བོད་སྐད་བཀའ་བསྟན་ནང་དེའི་དོན་བརླག་ཉེན་འངུག་་་་ཨམ་མདོ་ཁ་སྐད་ཅིག་བྲིས། མོན་པས་ཁ་སྐད་ཅིག་འབྲི ལ་དྭགས་པས་ཁ་སྐད་ཅིག་འབྲི འབྲུག་པས་ཁ་སྐད་ཅིག་བྲིས་བསྡད་ན་་་་བཀའ་བསྟན་་དོན་དོ་ཡིག་འབྲུ་གསར་བསླབ་དགོསནཉེན་འདུག་་་ཨམ་མདོ་བ་དེང་སང་དར་ཁྱབ་ཅན་ཚིག་རིག་ཅིག་་་ ཧྥན་་རན་སི་France དབྱིན་ཇི། English འདི་རིགས་བོད་ཡིག་ནང་ཐད་དཀར་སྒྲ་ཡོད་ཡོད་དེང་ར་ཁྱབ་འགྲོ་བཥིན་འདུག ཕ་རན་སི། France English ཨིན་ཇི། བྲིས་རྟག་རྟག་འངུག་སྙམས་སོ།
བཀའ་བསྟན་བཀའ་བསྟན་ག་ཚོད་ལབ་ན་ཡང་།།
ཡ་གིའི་དགོན་པ་དག་གི་རིག་གནས་རེད།།
མཐར་ཐུག་རྒྱ་གར་བ་ཚོའི་རིག་གཞུང་རེད།།
ཁ་སྐད་ཁ་སྐད་ག་ཚོད་ངན་ན་ཡང་།།
མ་གིའི་རོང་འབྲོང་མང་ཚོགས་རིག་གནས་རེད།།
མཐར་ཐུག་ཕ་མེས་ཡང་མེས་རིག་གཞུང་རེད།།
ཧཧཧཧ་་་་
མཐརཐུག་ཕ་མེས་རིག་གཞུང་ཡིན་ཟེར་ཏེ།།
དེ་ཡང་ཡུལ་ཕྱོགས་ག་གེ་མོ་ཡི་ཤན་སྦྱར་ཡིན།།
དོན་དུ་ད་ལྟའི་འཛམ་གླིང་ནང་གུ་གཅེས་ནོར་མཆོག།།
བཀའ་བསྟན་ཡོངས་རྫོགས་བོད་ཀྱི་བརྡ་སྤྲོད་ལ།།
མ་ལུས་མ་ཆད་ཡང་དག་སྤེལ་ན་དགེ།།
དེ་ལ་གསར་སྣོན་དགོས་པ་མ་མཆིས་སོ།།
རྣམ་དཔྱོད་ཡོད་པ་ཨ་ཤོ་ཀ་ལེགས།།
ལ་དྭགས་སྟོད་པས། རྒྱ་ལ། འདི་ལ་ལ་དྭགས་གཤམ་ཕ༹ྱོགས་ཀྱི་ཡུལ་གྲོང་དག་ཏུ། རྒྱལ་བ། ཟེར། རྒྱལ་བ། ལེགས་པའི་དོན་དུ། མདོ་མཛངས་བླུན་དང་ ། མདོ་སྡེ་ལས་བརྒྱ་པ་ན། ཡོད་འདུག
བཀའ་འགྱུར་དང་། བསྟན་འགྱུར་དཔེ་ཆ་རྣམས་བོད་ཀྱི་སྐག་རྙིང་པར་བྲིས་ནས། ཤིང་སྤར་ལ་བརྐོས་ནས། སྣར་ཐང་། ཅོ་ནེ། པེ་ཅིང་། སྡེ་དགེ བཅས་ཀྱི་སྤར་ཤིང་ཡོད་པར་བཤད། ཅོ་ནེ། པེ་ཅིང་སྤར་ཤིང་རྣམས་མེ་ལ་བསྲེགས། སྣར་ཐང་གི་སྤར་ཤིང་རྣམས་བདག་གིས་མཇལ་བ་ཡིན། ༡༩༨༧་ལོར་བོད་དུ་ཕྱིན་སྐབས་སུ། ཤིང་སྤར་ལྟ་ཅི། སྣར་ཐང་དགོན་པ་ཡང་མཐོང་བ་མེད་པ་བཟོས་འདུག སྣར་ཐང་སྤྲར་ཤིང་ལས་བརྒྱབས་པའི་བཀའ་བསྟན་དཔེ་ཆ་ཁ་ཤས་ལ་དྭགས་ཀླུ་འཁྱིལ་དགོན་སོགས་ན་ཡོད་འདུག
ལ་དྭགས་འཇམ་དཔལ་ལགས། བཀྲིན་ཆེ། རྒྱལ་བ་་་་ བཟང་པོའམ། ལེགས་སོ། རྣམ་པར་རྒྱལ་བ་ཡིག་སྐད་ཡང་དག་ཡིན་ནོ། ད་དུང་ཡག་པོ་་་བརྡ་དེའང་། ལེགས་སོ་་ལས་ཟུར་ཆགས་འདྲ་སྣང་། ཧི་མ་ལའི་ཡུལ་སྐད་ལ་ལ་ནང་ལ་ཨེ་པོའམ་ཡག་པོ་་་ཟེར་ན་དོན་དུ་་་ལེགས་སོ་་བརྡ་ལས་ཆད་པར་སྣང་།