དོལ་ཚེ་དགའ།
(གནས་བརྟན་སྡེ་པའི་ལུགས་ཀྱི་སྟོན་པའི་འཁྲུངས་འདས་དུས་དྲན་གྱི་ལོ་གྲངས་སྐོར་ཡིག་བསྒྱུར་གྱི་ལམ་ནས་གསལ་བརྗོད་དང་རེ་བསྐུལ།)
མགོ་གཏམ།
དུས་རབས་ཀྱི་ཁྱོག་མཚམས་འདིར། འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པའི་ཕ་མ། བྱིས་པ། དགེ་རྒན། སློབ་ཕྲུག དཔེ་ཀློག ཡིག་གཟུགས་སོགས་ཀྱི་དུས་ཆེན་མང་དུ་ཕྱིན་ཡོད་ཅིང་། ཆོས་ལུགས་བྱེ་བྲག་པ་རྣམས་ཀྱི་དུས་ཆེན་རྣམས་ཀྱང་འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པ་སོགས་ཀྱི་རྐྱེན་པས། ད་ལྟའི་ཆར་ཀློག་པ་ཐོས་བསམ་པ་ཡིན་རུང་མིན་རུང་སྤྱི་ཚོགས་རིག་གནས་ལ་ཁ་མ་ཕྱོགས་པའི་
མགོ་ནག་གདོང་དམར་ཧི་མཱ་ལ་ཡའི་མི་རིགས་དུ་མ་ཞིག “སྔོན་མ་འུ་ཅག་བོད་བརྒྱུད་ནང་བསྟན་པས་སྟོན་པའི་དུས་ཆེན་གསུམ་འཛོམ་མམ་སྟོན་པའི་འཁྲུངས་སྐར་ཉིན་མོ་དེ། བོད་ཟླ་བཞི་པ་ས་ག་ཟླ་བའི་ཉ་གང་ཉིན་མོར་རྩི་སྲོལ་ཡོད་ཀྱང་། དེང་སང་ཡང་འཛམ་གླིང་རྒྱལ་སྤྱི་ཅིག་ཅིག་དང་ལྷོ་བརྒྱུད་ནང་བསྟན་མིག་མིག་ཟེར་ནས་སྟོན་པའི་དུས་ཆེན་གྱི་ཉིན་མོ་དེ་ཁ་ཁར་རྩི་བཞིན་འདུག དེ་ཇི་ལྟར་ཡིན་ན།” བསམ་པའི་སོམ་ཉིའི་ཀློང་དུ་ཚུད་ཀྱིན་པ་རེད།
དེ་བཞིན་གཞན་ཡང་རང་ཉིད་ནང་པར་རློམ་པའི་ཡ་གླིང་བ་དུ་མ་ཞིག སྟོན་པའི་འཁྲུངས་ལོ་དང་གཤེགས་ལོའི་བར་མགོ་རྨོངས་ནས། སྟོན་པའི་དུས་ཆེན་ཉིན་མོ་ཇི་ལྟར་འཁེལ་མིན་སྐོར་གོ་བ་ལོག་སྒྲུབ་ཀྱིས་གསལ་བཤད་ལོག་པ་བྱེད་བཞིན་འདུག་པ་ཡིན། སྐབས་འདིའི་བསྒྱུར་རྩོམ་གྱི་དངོས་གཞིའི་གསལ་བཤད་བྱེད་ས་དེའང་གཉིས་པ་དེ་ཆགས་ཡོད། དེས་ན་ངས་འདི་ནས་ད་རེས་གཙོ་བོ་འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པའི་ལྷོ་བརྒྱུད་ནང་བསྟན་པའི་ལུགས་ཀྱི་སྟོན་པའི་དུས་ཆེན་སྲུང་རྩི་ཉིན་མོའི་སྐོར་གྱི་ཡི་གེ་ཞིག་བལ་པོའི་སྐད་ཡིག་ཐོག་འདུག་པ་དེ་བསྒྱུར་བའི་ལམ་ནས་ར་སྤྲོད་བྱ་བར་འདོད།
བརྡ་འགྲེལ།
གཤམ་དུ་བསྒྱུར་དངོས་ཀྱི་ནང་སྟོན་པའི་འཁྲུངས་ལོ་དང་འདས་ལོའི་ཐ་སྙད་རྣམས་བསྒྱུར་གཞིའི་ཐ་སྙད་སོར་གཞག་མ་བྱེད་ཐུ་མེད་བྱུང་སོང་བས། མཚམས་འདིར་དེ་དག་གི་དོན་ཤེས་པར་བྱ་རྒྱུ་གལ་ཆེ། དེས་ན་སྐབས་འདིར་ཤེས་པར་བྱ་བ་ཐ་སྙད་གཙོ་བོ་གཉིས་ཡོད་དེ། བུདྡྷ་སཾབཏ྄་དང་བུདྡྷ་ཛ་ཡནྟཱི་ཞེས་ཟེར་བ་གཉིས་ཡིན། དེ་དག་གི་དོན་གཤམ་གསལ་ལྟར་རོ།།
༡། བུདྡྷ་ཛཡནྟཱི།: སངས་རྒྱས་ཀྱི་འཁྲུངས་ལོ།
༢། བུདྡྷ་སཾབཏ྄།: སངས་རྒྱས་ཀྱི་འདས་ལོའམ་གཤེགས་ལོ། ཡང་ན། སངས་རྒྱས་ཀྱི་དུས་རབས།
དེ་དག་ལས་«སངས་རྒྱས་ཀྱི་དུས་རབས་»ཞེས་པའི་ཐ་སྙད་འདི། ངས་དེ་སྔ་གཞན་གྱིས་བཀོལ་སྤྱོད་བྱས་པ་མཐོང་མྱོང་མེད་ལ། དེང་སང་དྲྭ་ཐོག་དེ་བར་བྲིས་པ་དེ་འདྲའང་རྩད་གཅོད་བྱེད་དུས་རྙེད་མ་སོང་། འོན་ཀྱང་ཐ་སྙད་འདི་བོད་སྐད་དུ་དེ་སྔ་ང་ཚོས་བེད་མ་སྤྱད་པ་མ་གཏོགས། དབྱིན་སྐད་ཐོག་ང་ཚོས་བེད་སྤྱོད་བཞིན་པ་རེད། བལ་ཡུལ་ནང་པ་བ་རྣམས་ཀྱིས་བལ་སྐད་ཐོག་«བུདྡྷ་སཾབཏ྄་»ཅེས་བེད་སྤྱོད་བཞིན་ཡོད། དེ་བཞིན་ད་ལྟ་འཛམ་བུ་གླིང་འདིར་དབྱིན་ཡིག་ཐོག་«སྟོན་པའི་འདས་ལོ་»ཞེས་པའི་ཐ་སྙད་འདི་བཀོལ་སྤྱོད་མི་བྱེད་ཀྱང་། ང་ཚོས་བཀོལ་སྤྱོད་བྱེད་བཞིན་པ་རེད། མདོ་དོན་«སྟོན་པའི་འདས་ལོ་»དང་«སྟོན་པའི་དུས་རབས་»གཉིས་ཀྱི་མིང་ཐོགས་པའི་དུས་སྔ་ཕྱི་ཙམ་གྱི་ཁྱད་པར་མ་གཏོགས་གོ་ཡུལ་གཅིག་པ་རང་རེད་ཟེར་ནས་གསལ་བཤད་བྱ་བར་འདོད། དེ་བཞིན་གཞན་ཡང་དབྱིན་སྐད་དུ་(Buddhist Era)ནང་པའི་དུས་རབས་ཞེས་འབོད་པའང་ཡོད་རེད་ལ། འདི་ནས་སྟབས་བདེའི་དབང་དུ་བྱས་ན་དུས་རྒྱུན་ཆོས་ལུགས་གཞན་ཁག་གི་ཐུན་མིན་དུས་རབས་ལ་ཡེ་ལོ་དང་ཧིན་ལོ་ཞེས་འབོད་སྲོལ་ཡོད་པ་ལྟར། རང་ལུགས་སུའང་ནང་ལོའམ་བན་ལོ་ཞེས་ཀྱང་བཀོལ་མི་ཆོག་པ་མེད་པ་རེད།
གཞན་ཡང་ཝཻཤཱཁ་པཱུརྞིམཱ་ཞེས་པ་ནི། ས་ག་ཟླ་བའི་ཉ་གང་ལ་གོ་བ་ཡིན་ཏེ། ཝཻཤཱཁ་ནི་རྒྱ་གར་ལེགས་སྦྱར་སྐད་ཡིན་ཞིང་། ཝིཤཱཁ་ཅེས་འབྲི་སྲོལ་ཡོད་པའང་བཤད། པཱ་ལིའི་སྐད་དུ་ཝེ་སཱ་ཁ་ཅེས་འབྲི་སྲོལ་མཆིས། བོད་སྐད་དུ་ས་ག་ཞེས་འབྲི་སྲོལ་མཆིས་པའང་ལེགས་སྦྱར་སྐད་ལས་སྒྲ་ཉམས་པར་མཁས་པ་རྣམས་ལ་གྲགས། དེའི་གོ་ཡུལ་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་ཡ་རྒྱལ་སྐར་མ་ཞིག་ཡིན་ཞིང་། པཱུརྞིམཱ་ནི་ཟླ་བ་ཉ་གང་ལ་གོ དེ་ཡང་རྒྱ་གར་བའི་རྩིས་ལུགས་ལྟར་ན། ཟླ་བ་བཅུ་གཉིས་ཀྱི་ནང་གསེས་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཟླ་བ་ཉ་བ་དང་མཉམ་དུ་སྐར་མ་དེ་ཉིད་འཆར་ནུབ་བྱེད་པས་ན། རྒྱ་གར་བས་ཟླ་བ་དང་པོའི་མིང་ལ་ས་ག་ཟླ་བ་ཞེས་རྩི་སྲོལ་ཡོད་ཀྱང་། བོད་ཀྱི་རྩིས་ལུགས་ལྟར་ན་ཟླ་བ་བཞི་པའི་ཚེས་བཅོ་ལྔའི་ཟླ་བ་ཉ་བ་དང་མཉམ་དུ་འཆར་ནུབ་བྱེད་པས་ན། བོད་པས་ཟླ་བ་བཞི་པའི་མིང་ལ་ས་ག་ཟླ་བ་ཞེས་རྩི་བ་ཡིན། སྤྱིར་རྩིས་ལུགས་ལ་རྒྱ་ནག་བྱེད་ལུགས་དང་རྒྱ་གར་གྲུབ་ལུགས་ཞེས་གཉིས་ཡོད་ཅིང་། གྲུབ་ལུགས་ལའང་རྒྱ་གར་ལྷོ་བརྒྱུད་གནས་བརྟན་སྡེ་པའི་ལུགས་དང་། བོད་བརྒྱུད་ནང་བསྟན་ཕུག་པའི་ལུགས་གཉིས་ཀྱི་རྩིས་ལུགས་གཉིས་ཡོད། བཤད་སྲོལ་ལྟར་ན། དེ་གཉིས་ཀའི་རྩིས་ལུགས་ཀྱི་ཁྱད་པར་ཡང་རབ་བྱུང་ངམ་འདུལ་བའི་ལོ་མགོ་འཛིན་ཚུལ་གྱི་ཁྱད་པར་ཏེ། དེ་ལ་བོད་ཟླ་དགུ་པའི་ཚེས་པ་བཅུ་དྲུག་ནས་ལོ་མགོ་འཛིན་ཚུལ་ཞིག་དང་། བོད་ཟླ་བཅུ་པའི་ཚེས་པ་བཅུ་དྲུག་ནས་ལོ་མགོ་འཛིན་ཚུལ་བཅས་གཉིས་ཡོད་པས་ན། གནས་བརྟན་སྡེ་པ་དང་བོད་བརྒྱུད་ནང་པས་སྟོན་པའི་དུས་ཆེན་རྩི་ཚུལ་སྔ་ཕྱི་ཤོར་དོན་དེ་ལྟར་ཡིན་ཟེར། འོན་ཀྱང་མཚམས་རེ་ལུགས་གཉིས་པོའི་དུས་ཆེན་མཉམ་དུ་ཁེལ་བའང་བྱུང་གི་འདུག་པས། དེ་ལ་འགྲེལ་བཤད་ཅི་འདྲ་ཡོད་ན་འཚོལ་རྒྱུ་ལྷག་སྡད་པ་རེད། གཅིག་བྱས་ན་བོད་ལུགས་ལ་ལོ་གསུམ་རེ་ལ་ཟླ་ལྷག་རེ་ཡོང་གི་ཡོད་པ་དང་རྒྱ་ལུགས་ལ་མེད་པས་ཀྱང་ཡིན་སྲིད། དཔེར་ན། ༢༠༡༩ ལོ་དང་ ༢༠ ལོར་བོད་ཟླ་ ༠༣ པའི་ཚེས་ ༡༥ ལ་གནས་བརྟན་སྡེ་པའི་ལུགས་ཀྱི་ས་ག་ཟླ་བའི་ཉ་གང་འཁེལ་ཡོད་ཀྱང་། འདི་ལོ་ ༢༠༢༡ ལོར་བོད་བརྒྱུད་ནང་བསྟན་དང་གནས་བརྟན་སྡེ་པའི་ལུགས་གཉིས་ཀའི་ས་ཟླའི་ཉ་གང་ནི་མཉམ་དུ་འཁེལ་ཡོད་པ་ལྟ་བུ་རེད།
བསྒྱུར་དངོས།
བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་སྐུ་མྱ་ངན་ལས་འདས་པ་དང་། ཁོང་གི་རྗེས་དྲན་ཆེད་ལོ་རེ་བཞིན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་གཅིག་བུད་སོང་། ལོ་གཉིས་བུད་སོང་ཟེར་བཞིན། ནང་པ་བ་རྣམས་ཀྱིས་གུས་རྩི་ཞུ་རུང་གི་ལོ་རུ་ངོས་འཛིན་འགོ་ཚུགས། དེ་ལྟར་སྟོན་པའི་འདས་ལོ་བརྩི་སྲོལ་བྱེད་བཞིན་པའི་ངང་ཕྱིས་ཕྱིས་སུ་དེ་ལ་སྟོན་པའི་དུས་རབས་ཞེས་ངོས་འཛིན་བྱེད་སྲོལ་བྱུང་། དེར་བརྟེན་སྟོན་པའི་དུས་རབས་ཞེས་པ་ནི་སྟོན་པ་མྱ་ངན་ལས་འདས་པའི་འདས་ལོ་དེ་ལ་ངོས་བཟུང་དགོས་ལ། འདི་ནི་སྟོན་པའི་འཁྲུངས་ལོ་སྟེ་བུདྡྷ་ཛཡནྟཱི་ཞེས་སུ་གྲགས་པ་དེ་ལ་གོ་བ་མ་ཡིན། (གཤམ་འདིར་བསྒྱུར་གཞིའི་མ་རྩོམ་ནང་ལོ་ངོ་བཅོ་བརྒྱད་སྔོན་གྱི་སྟོན་པའི་འཁྲུངས་འདས་ཀྱི་ལོ་གྲངས་བྲིས་ཡོད་ཀྱང་། འདིར་གོ་བདེ་བའི་ཕྱིར་འདི་ལོའི་སྟོན་པའི་འཁྲུངས་འདས་ཀྱི་ལོ་གྲངས་བཀོལ་ཡོད་པ་ཡིན།)
ཛཡནྟཱི་ཞེས་པ་ནི། འཁྲུངས་སྐར་ཉིན་མོར་རྩི་བྱེད་ཀྱི་དུས་སྟོན་ཞིག་ཡིན་པ་དང་། དེ་ཡང་སྐྱེས་བུ་ཚེ་དང་ལྡན་པ་རྣམས་ཀྱི་འཁྲུངས་སྐར་དུས་སྟོན་ལ་ཛནྨ་ཨུཏྶབ་ཅེས་དང་། ཚེ་ལས་འདས་པ་རྣམས་ཀྱི་འཁྲུངས་སྐར་དུས་སྟོན་ལ་ཛནྨ་ཛཡནྟཱི་ཞེས་གོ་བ་རེད། དེར་བརྟེན་བུདྡྷ་ཛཡནྟཱི་རྩི་སྲོལ་བྱེད་སྐབས་བུདྡྷ་སཾབཏ྄་ཀྱི་སྟེང་སྟོན་པ་ཉིད་ཀྱི་དགུང་གྲངས་ ༨༠ དེ་བསྣན་པའམ། བུདྡྷ་སཾབཏ྄་ ༢༥༦༥ ཡི་སྟེང་ ༨༠ བསྣན་པས་ ༢༦༤༥ ནི་བུདྡྷ་ཛཡནྟཱི་ཆགས་ཀྱི་ཡོད་པས་ན། བུདྡྷ་ཛཡནྟཱི་ ༢༦༤༥ པ་ཞེས་རྩི་སྲོལ་བྱེད་དགོས། རེ་ཟུང་གིས་“བུདྡྷ་པཱུརྞིམའམ་ཝཻཤཱཁ་པཱུརྞིམཱ་ ༢༥༦༥ པ་”(2565th Buddha Purnima/Vaishakh Purnima)ཞེས་ཀྱང་འབོད་སྲོལ་འདུག་པ་དེ་ཡང་ནོར་འཁྲུལ་རང་ཡིན་པ་རེད། རྒྱུ་མཚན་གང་ཡིན་ཞུས་ན་ ༢༥༦༥ ནི་འདས་ལོ་ཁོ་ན་ཡིན་ཞིང་། དེའི་སྔོན་གྱི་འཁྲུངས་ལོའི་རྩིས་རྒྱབ་ན་ལོ་ ༨༠ ཐམ་པ་དང་། སངས་རྒྱས་པའི་ལོ་ ༤༥ ཐམ་པ་བཅས་ས་ག་ཟླ་བའི་ཉ་གང་ཉིན་མོ་འདི་ཚོ་རྩི་མི་དགོས་པ་ཡིན། དེས་ན་བུདྡྷ་ཛཡནྟཱི་ ༢༦༤༥ པ་(2645th Buddha Jayanti)ཞེས་རྩི་སྲོལ་བྱེད་དགོས་ཤིང་། དེ་བཞིན་བུདྡྷ་པཱུརྞིམཱ་དང་ཝཻཤཱཁ་པཱུརྞིམཱ་ལའང་རིགས་འགྲེ་དགོས།
བུདྡྷ་སཾབཏ྄་དང་བུདྡྷ་ཛཡནྟཱི་གཉིས་པོའི་བར་ཐེ་ཚོམ་མམ་གསལ་ཁ་མི་འབྱུང་བའི་རྩ་བའི་རྒྱུ་མཚན་ནི། སྟོན་པའི་དུས་ཆེན་གསུམ་མཉམ་དུ་འཁེལ་བས་རེད། གང་ཡིན་ཞུས་ན་སྐུ་འཁྲུངས་པ་དང་། སངས་རྒྱས་པ་དང་། མྱ་ངན་ལས་འདས་པ་འདི་གསུམ་ཀ་འཁེལ་སའི་ཚེས་གྲངས་ནི་ཝཻཤཱཁ་པཱུརྞིམཱ་རེད། དུས་ཆེན་གསུམ་ཀ་མཉམ་དུ་འཁེལ་བར་བརྟེན་མི་རྣམས་ཉིན་གཅིག་རང་ལ་སྐུ་འཁྲུངས་པ་དང་སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་མཛད་པ་བསྟན་པར་དྲན་གྱིན་འདུག དུས་ཆེན་གསུམ་ཀ་ཝཻཤཱཁ་པཱུརྞིམཱའི་ཉིན་མོར་འཁེལ་བ་ཡིན་ནའང་། སྐུ་འཁྲུངས་པ་དང་མྱ་ངན་ལས་འདས་པའི་བར་ཝཻཤཱཁ་པཱུརྞིམཱ་ ༨༠ ཐམ་པ་ཡོད་པ་དང་། སངས་རྒྱས་པ་དང་མྱ་ངན་ལས་འདས་པའི་བར་ཝཻཤཱཁ་པཱུརྞིམཱ་ ༤༥ ཐམ་པས་ཁྱད་པར་ཤོར་ཡོད། དེས་ན་སྔ་དྲོར་སྐུ་འཁྲུངས། ཉིན་དགུང་སངས་རྒྱས། དགོང་མོར་མྱ་ངན་ལས་འདས་སོང་ཞེས་པའི་ཉིན་གཅིག་ལ་དུས་ཆེན་གསུམ་འཛོམས་ཀྱི་གོ་བ་ལོག་པ་དེས། འཁྲུངས་ལོ་ཡང་ ༢༥༦༥ དང་། སངས་རྒྱས་པའི་ལོ་ཡང་ ༢༥༦༥ དང་། མྱ་ངན་ལས་འདས་པའི་ལོའམ་བུདྡྷ་སཾབཏ྄་ཀྱང་ ༢༥༦༥ ཡིན་ནམ་སྙམ་པའི་ཐེ་ཚོམ་ངང་ལྷག་ཡོད། དེས་ན་ཐེ་ཚོམ་འདི་ལས་གྲོལ་ཏེ་བུདྡྷ་ཛཡནྟཱི་དང་བུདྡྷ་སཾབཏ྄་གཉིས་པོ་གཅིག་པ་མ་ཡིན་པར། དེ་གཉིས་དབར་ལོ་ ༨༠ ཡིས་བར་དུ་ཆོད་ཡོད་པའི་ལོ་རྒྱུས་ལ་ངོས་འཛིན་ཡོད་པར་བྱེད་དགོས།
གང་བདེན་པའི་ཆ་དེར་ནི་མིའི་རིགས་གཉིས་ཀྱིས་ངོས་ལེན་མི་བྱེད་པ་ཡིན་ཏེ། མ་རིག་མ་ཤེས་པའི་སྒོ་ནས་ལྐུག་པ་རྣམས་བདེན་པ་ལ་ངོས་ལེན་མི་བྱེད་ལ། རང་སྐྱོན་སྦ་བའི་སྒོ་ནས་གཡོ་སྒྱུ་བ་རྣམས་བདེན་པ་ལ་ངོས་ལེན་མི་བྱེད་པ་ཡིན། དེས་ན་ལོ་རྒྱུས་མ་ཤེས་བར་དུ་ང་ཚོ་ལྐུག་པའི་ཚད་དུ་སླེབས་པ་ཡིན་ཞིང་། ཡིན་ནའང་ང་ཚོས་ལོ་རྒྱུས་ཤེས་ཀྱང་རིག་གཞུང་སྟོར་བརླག་གཏོང་མི་ཐུབ་མཁན་གྱི་ཉམ་ཐག་ལ་ནུས་མེད་བཟོས་ནས། བུདྡྷ་ཛཡནྟཱི་ ༢༥༦༥ པ་རྩི་སྲུང་བྱེད་བཞིན་གསལ་བཤད་ལོག་པ་རྒྱག་མཁན་གྱི་ལྐུག་པ་མི་བཟོ། དེར་བརྟེན་ལོ་རྒྱུས་ལ་ངོས་ལེན་ཡོད་པའི་ཐོག་ཐེངས་གཅིག་བྱུང་ཟིན་པའི་སྲོལ་རྒྱུན་ངན་པའི་སྐྱོན་ཅན་ལ་ཁ་གསལ་བཟོ་ཞིང་། བུདྡྷ་ཛཡནྟཱི་ ༢༦༤༥ པ་ཞེས་བོས་ནས་དུས་ཀྱི་གྲངས་ཇི་བཞིན་རྩི་སྲུང་བྱེད་རྒྱུ་དང་། དེ་ཡང་ལུམྦིནཱིའི་རིག་གཞུང་བརྗིད་ཉམས་ཅན་དེར་གུས་རྩི་ཞུ་རྒྱུ། ལུམྦིནཱིའི་རྗེས་དྲན་ཉིན་མོ་ལ་གཟེངས་བསྟོད་བྱེད་རྒྱུ་བཅས་ཀྱི་ཀུན་སློང་རང་རྒྱུད་ལ་འཇགས་པར་བྱེད་དགོས། འདི་ལྟར་དུས་དྲན་བྱེད་པ་འདིས་ནང་པ་བ་སྤྱི་དང་། ཁྱད་པར་སངས་རྒྱས་ཉིད་ཀྱི་འཁྲུངས་གཞིས་བལ་ཡུལ་གྱི་ནང་པ་བ་ཀུན་ལ་ཆེ་མཐོང་དང་སྙན་གྲགས་འོང་བ་ཡིན།
བསྒྱུར་གཞི།
བལ་ཡུལ་ལྷོ་བརྒྱུད་ནང་བསྟན་པའི་ཚོགས་པ་བུདྡྷ་བིཧཱར་བྷྲྀཀུཊཱི་མཎྜཔ་ནས་ཕྱོགས་བསྒྲིགས་དང་འགྲེམས་སྤེལ་གནང་བའི། བལ་སྐད་ཐོག་སངས་རྒྱས་བཅོམ་ལྡན་འདས་ཀྱི་མི་ཚེའི་ལོ་རྒྱུས་བརྗོད་བྱར་བྱས་པའི་«སམྱཀ྄་སཾབུདྡྷ་»ཞེས་པའི་དེབ་ཀྱི་ནང་ཟུར་བཀོད་བྱས་པ། «བུདྡྷ་ཛཡནྟཱི་ར་བུདྡྷ་སཾབཏ྄་»ཅེས་པ་དེའོ།།
རྒྱབ་ལྗོངས།
རྩོམ་ཡིག་འདི་ལས་ང་ཚོས་ཅི་ཞིག་ཤེས་ཟེར་ན། ལྷོ་བརྒྱུད་ནང་བསྟན་པའམ་གནས་བརྟན་སྡེ་པས་ས་ག་ཟླ་བའི་ཉ་གང་ཉིན་མོར། སྤྱིར་སྟོན་པའི་དུས་ཆེན་གསུམ་འཛོམས་ཉིན་མོར་རྩི་སྲོལ་ཡོད་ཀྱང་། སྟོན་པའི་འཁྲུངས་སྐར་ཉིན་མོའི་དུས་སྟོན་གཙོ་ཆེར་བྱེད་པ་ཡིན་ལ། འཁྲུངས་སྟོན་ཉིན་མོ་དེར་གནས་བརྟན་སྡེ་པའི་ལུགས་ལ་«ཝེ་སཱ་ཁ་ཉིན་མོ་»ཞེས་འབོད། དེ་སྒྲ་ཐད་བསྒྱུར་བྱས་ན་«ས་གའི་ཉིན་མོ་»ཟེར་བ་ཡིན་མོད། རྒྱུ་མཚན་ནི་དེ་དུས་སྐར་མ་ས་ག་འཆར་བའི་དུས་ཡིན་པས་ནའོ། །གནས་བརྟན་སྡེ་པ་རྣམས་ཀྱིས་སྟོན་པའི་འཁྲུངས་འདས་གཉིས་ལས་འཁྲུངས་སྐར་གྱི་དུས་སྟོན་རྒྱ་ཆེར་མཛད་སྲོལ་ཡོད་པ་རེད་ལ། དེ་བཞིན་དེ་དག་གི་ལུགས་ལ་སྟོན་པའི་འདས་ལོ་ ༢༥༦༥ འདི་ཡིན་པར་བཞེད་པ་བཞིན། འཁྲུངས་ལོ་ ༢༦༤༥ ཞེས་ཡོངས་ཁྱབ་ཏུ་འབྲི་སྲོལ་ཡོད་དགོས་མོད། དེ་ལྟར་མེད་རྐྱེན་གྱིས་འཁྲུངས་སྟོན་དུས་ཆེན་སྐབས། «སྟོན་པའི་འཁྲུངས་སྐར་དུས་སྟོན་ ༢༦༤༥ པ།» (Happy Buddha Jayanti 2645 | २६४५ औं बुद्ध जयन्ती दिवस) ཟེར་བ་ལྟ་བུར་འཁྲུངས་ལོ་བཀོལ་སྤྱོད་བྱེད་པ་མ་མཆིས། གནས་སྟངས་དེའི་དབང་གིས་ནང་པ་བ་མང་པོ་ཞིག་ཞིབ་འཇུག་མ་བྱས་པར་ཚམ་ཚོམ་ངང་། སྟོན་པའི་འཁྲུངས་ལོའི་ཚབ་ཏུ་འདས་ལོ་བེད་སྤྱོད་པ་འདྲ་བྱུང་བཞིན་པ་ཡིན། དཔེར་ན་དབྱིན་ཡིག་ཐོག་ Happy Buddha Jayanti 2565 ཞེས་བཀོལ་སྤྱོད་བྱེད་པ་ལྟ་བུ་རེད། ཕྲན་ངོས་ནས་འདས་པའི་ལོའི་ནང་དེ་ལྟར་བྲིས་པའི་ཡིག་དུམ་སྣ་ཚོགས་མཐོང་བ་མ་ཟད། ཉེ་ཆར་རང་བལ་ཡུལ་ནང་པའི་གསར་འགྱུར་ནང་བལ་སྐད་ཐོག་(२५६५ औं बुद्ध जयन्ती)དེ་ལྟར་བྲིས་འདུག དེས་ན་རྩོམ་ཡིག་འདིའི་གསལ་བཤད་བྱེད་ས་གནས་སྟངས་དེར་ཐུག་ཡོད།
མཚམས་འདིར་འཛམ་གླིང་རྒྱལ་སྤྱིར་ཐོ་འགོད་བྱས་པའི་སྟོན་པའི་འཁྲུངས་སྐར་དུས་ཆེན་སྐོར་གླེང་ན། འཛམ་གླིང་རྒྱལ་སྤྱིའམ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོ་འགོད་བྱས་པའི་སྟོན་པའི་འཁྲུངས་སྟོན་ཉིན་མོ་ནི། སྤྱི་ལོ་ ༡༩༩༩ ལོའི་ཟླ་བ་ ༡༢ པའི་ཚེས་ ༡༥ ཉིན་མོར་རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་ཕ་རོལ་ན་ཡོད་པའི་སིངྒ་ལའམ་ཤྲཱི་ལངྐ་རྒྱལ་ཁབ་ན་གནས་པའི་གནས་བརྟན་སྡེ་པ་རྣམས་ཀྱིས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་ཐོ་འགོད་བྱས་ཡོད་པ་དང་། སྤྱི་ལོ་ ༢༠༠༠ ཟླ་བ་ ༠༥ ཚེས་ ༡༥ ནས་བཟུང་ལྷོ་བརྒྱུད་ནང་བསྟན་པས་གཙོས་ནང་པ་བ་སྤྱི་དང་འཛམ་གླིང་རྒྱལ་ཡོངས་ནས་སྟོན་པའི་དུས་དྲན་སྲུང་རྩི་དངོས་སུ་ཞུ་འགོ་བརྩམས་ཏེ། ད་བར་ལོ་ངོ་ཉི་ཤུ་ཏག་ཏག་འཁོར་བ་རེད། འོན་ཏེ་འུ་ཅག་བོད་བརྒྱུད་ནང་བསྟན་པའི་སྤྱི་ཚོགས་སུ་«རྒྱལ་ཡོངས་སྟོན་པའི་དུས་དྲན་སྲུང་རྩི་»སྐོར་གྱི་ཤེས་གཏོགས་ལོ་ཤས་སྔོན་ནས་གཞི་ནས་ཁྱབ་རྒྱ་ཆེ་རུ་ཕྱིན་ཡོད་པ་དང་། དེང་སང་ལོ་རེ་བཞིན་གཟུ་བོའི་བློ་དང་ལྡན་པའི་བོད་བརྒྱུད་ནང་བསྟན་པའི་སྐྱེས་ཆེན་པ་དང་དགེ་འདུན་པ་རྣམས་ཀྱིས་དུས་དྲན་འདིར་ཧ་ཅང་མཐོང་ཆེན་དང་ལྡན་པས་སྲུང་རྩི་ཞུ་བཞིན་པ་རེད།
མཇུག་གཏམ།
མཐའ་དོན་འདིར་ཕྲན་ནས་བདག་ཅག་བོད་བརྒྱུད་ནང་བསྟན་པ་ཚོར་འབོད་སྐུལ་ཚིག་གཅིག་ཞུ་འདོད། ང་ཚོ་བོད་བརྒྱུད་ནང་བསྟན་པས་སྟོན་པའི་དུས་ཆེན་ཉིན་མོ་འདི་གང་ལྟར་སྲུང་རྩི་གནང་ནའང་ཁྱད་པར་མེད། སྤྱིར་བཏང་བྱས་ན་གཙོ་རྒྱུགས་སྤྱི་ཚོགས་ཀྱི་ལམ་སྲོལ་ཏེ་འཛམ་གླིང་རྒྱལ་སྤྱི་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ནང་གི་དོན་ཆེན་ཡིན་མོད། ཡིན་ནའང་རང་གི་རིག་གཞུང་མི་བརླག་པར་བྱ་རྒྱུ་དེའང་གནད་འགངས་ཆེན་པོ་ཞིག་ཏུ་ཁུམས་པར་གདོན་མི་ཟ། ཇི་ལྟར་ཡང་ངས་ཞུ་བར་འདོད་པ་ངོ་ཐོག་ནི། འུ་ཅག་བོད་བརྒྱུད་ནང་བསྟན་པ་རྣམས་ལ་གདུལ་བྱ་སྤྱི་དང་ཁྱད་པར་ཐོག་མའི་རབ་བྱུང་བ་རྣམས་ལ་བསྟན་པ་དང་སྟོན་པ་ལེགས་པར་ངོ་སྤྲོད་པའི་ཐབས་ལམ་ཞིག་ཡེ་ནས་མེད་པར་མཐོང་གི དེ་ཡང་ཐོག་མའི་རབ་བྱུང་བ་ཞིག་ལ་སྐྱབས་གསུམ་འཛིན་པའི་སྡོམ་པ་ནོད་པ་ཙམ་ལས། བསྟན་སྟོན་གྱི་ར་སྤྲོད་གསལ་པོ་བྱེད་པའི་སྲོལ་མེད། རྒྱུན་ལྡན་གྱི་གདུལ་བྱ་ཐུན་མོང་བ་ལ་བསམ་ན། ཆོས་བརྒྱུད་སོ་སོའི་ཐུན་མིན་བླ་རབས་མཚོན་པའི་ཚོགས་ཞིང་སྣ་ཚོགས་པ་ལ་བརྟེན་ནས་ཉམས་ལེན་བྱེད་དུ་འཇུག་པ་དང་། རྒྱུན་འདོན་ཆོས་སྤྱོད་སྐུ་རིམ་ཞབས་རིམ་ལ་སོགས་པ་བྱེད་པ་ལ། ཚེ་བསྐྱེད་པ། ནོར་སྒྲུབ་པ། ནད་གསོ་བ། འགལ་རྐྱེན་སེལ་བ་སོགས་རེ་རེ་ནས། ལྷ་རེ་རེ་ལ་བརྟེན་པའི་གནས་སྐབས་ཀྱི་རིམ་འགྲོ་དང་། མཐར་ཐུག་བདེ་ཆེན་གྱི་ཞིང་སྒྲུབ་པ་ལའང་ལྷའི་བྱེ་བྲག་སྣ་ཚོགས་པའི་ཞིང་བཀོད་ལ་བརྟེན་ནས་གསོལ་འདེབས་སྨོན་ལམ་བྱེད་པ་འདི་དག་གི་རྐྱེན་པས། འུ་ཚོའི་ཁོར་ཡུག་ལ་ཡང་སྙིང་ང་ཚོའི་སྟོན་པ་སུ་ཡིན་མིན་སྐོར་ཡང་བསམ་གཞིག་བྱ་སྐབས་བྲལ་ཡོད། ཡ་གི་ཆོས་རྫིག་རི་རྫིག་ཚད་བཤད་ཤེས་མཁན་གྱི་དཔེ་ཆ་བ་དང་། བར་གྱི་ཁ་འདོན་ཆོས་སྤྱོད་ཞབས་རིམ་ལ་བརྟེན་པའི་གྲོང་ཆོག་པ་དང་། མ་གི་གཞི་རིམ་སློབ་སྦྱོང་ལ་བརྩོན་པའི་གཞི་རིམ་སློབ་མ་ཐམས་ཅད་ནས་བཟུང་སྟེ། སྟོན་པ་ངོ་མ་ཤེས་པས་སྟོན་པའི་མཛད་ཆེན་བཅུ་གཉིས་དག་ཀྱང་ག་ལ་ག་ལ། བསྟན་པ་སྤྱི་དང་བྱེ་བྲག་གི་རྣམ་གཞག་དག་ཀྱང་མི་ཤེས་པས། རེ་ཞིག་རང་ཉིད་ཁོར་ཡུག་གང་འདྲ་ཞིག་ན་བསྡད་ཡོད་མེད་སྐོར་གོ་མེད་ཚོར་མེད་ངང་མི་ལོ་མང་པོ་ཚེ་རྫོགས་པའང་ཉུང་ཉུང་ག་ལ་ཡིན། ལར་རང་རེའི་བསྟན་སྟོན་གྱི་རྣམ་གཞག་རྣམས་བཤད་གྲྭ་དང་སློབ་གྲྭའི་སློབ་ཚན་དག་ཏུ་ཡོད་ཅིང་། དེ་དག་སློབ་ཁྲིད་ཀྱི་འཛིན་སྐྱོང་གནང་མུས་ཡིན་མོད། འོན་ཀྱང་ལེགས་པར་བརྟག་ན་དེ་དག་ཐམས་ཅད་དཔེ་ཐོག་ན་ལུས་པ་ཙམ་ལས། དམངས་ཀྱི་རྒྱུད་ལ་ལེགས་པར་འཇགས་ཐུབ་པའི་གོ་བ་སྤྲོད་མ་ནུས་པས་ལན་པར་སྨོས་ཅི་དགོས། གཞི་རིམ་སློབ་གྲྭའི་སློབ་ཚན་ནང་གི་མཛད་པ་བཅུ་གཉིས་རྣམས་ནི། སློབ་ཕྲུག་ཚོས་ཤེས་འདོད་ཀྱང་། ཚིག་འཁྲེགས་པས་གོ་ཁག་ཅིང་། རེ་ཞིག་གོ་བར་ནུས་པའི་དབང་དུ་བཏང་ཡང་། ཡིད་ལ་འཇགས་པོ་མི་ཡོང་བ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་ཡོད་རེད་ལ། གལ་ཏེ་མང་ཆེ་བར་མཛད་པ་བཅུ་གཉིས་བློ་ཐོག་ནས་བགྲང་རྒྱུ་ཡོད་ཀྱང་དེ་ལ་འགྲེལ་བཤད་རྒྱག་མི་ཤེས་མཁན་མོད་པོ་རེད། དེས་ན་བོད་བརྒྱུད་ནང་བསྟན་གྱི་སློབ་ཆེན་སློབ་འབྲིང་སློབ་ཆུང་གང་དག་ཏུའང་མ་མཐའ་ལ། བདག་ཅག་གི་སྟོན་པ་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཤཱཀྱ་ཐུབ་པ་གང་ཉིད་ཀྱི་སྐོར་ལ་ཁ་གསལ་གོ་བདེའི་ཐོག་ངོ་སྤྲོད་གཏིང་ཟབ་རེ་གནང་རྒྱུ་དང་། གནས་བརྟན་སྡེ་པའི་གཞུང་དང་མཐུན་པ་སྟེ་འཛམ་གླིང་རྒྱལ་སྤྱིའི་ནང་པས་ཁས་ལེན་པའི་སྟོན་པའི་གསུང་གི་བདུད་རྩི་ཟབ་མོ་རྣམས་འཆད་སྤེལ་བྱ་རྒྱུ། རང་རེ་བོད་བརྒྱུད་ཀྱི་ནང་བསྟན་སོ་སོ་བ་ཙམ་མིན་པར་སངས་རྒྱས་ཀྱི་བསྟན་པ་སྤྱིའི་སྐོར་ཤེས་རྟོགས་ཁྱབ་རྒྱ་ཆེ་རུ་གཏང་རྒྱུ་སོགས་ཀྱི་ཐོག གདམས་ངག་གནད་ཚང་ལ་འཕོག་པ་ལྟར་སློབ་མ་རེ་རེའི་སེམས་ལ་ཟུག་ཐུབ་པའི་འབད་བརྩོན་གནང་དགོས་འདུག་ཅེས་ཞུ་བ་ལགས།
རྩོམ་ཡིག་འདི་ནི་སྤྱི་ལོ་ ༢༠༢༠ ལོའི་ས་ག་ཟླ་བའི་ཉ་གང་ཉིན་མོའི་སྔོན་དུ་འབྲི་ཐུབ་པའི་འབད་བརྩོན་བྱས་ཀྱང་། ལས་ཀའི་བྲེལ་ཟིང་གིས་འབྲི་མ་ཐུབ་པར་མ་བོར་ཀ་མེད་བྱུང་། བར་སྐབས་མུ་མཐུད་འབྲི་འགོ་བཙུགས་ཏེ་མཐར་ཕྱིན་པ་བྱས་མོད། འོན་ཏེ་དུས་ཐོག་སྤྱི་ཚོགས་མདུན་སར་བཤམས་མ་ཐུབ་པར་ལུས་ཤིང་། ད་རེས་ས་ག་ཟླ་བ་ཚེས་པ་དང་ཏག་ཏག་ལྷན་རྒྱས་སྤྱན་སྔར་འབུལ་རྒྱུ་བྱུང་བར་ཧ་ཅང་སྤྲོ་བ་བརྟས་མོད། གལ་ཏེ་འདིར་ནོངས་པ་མཆིས་ཚེ་ཡོ་བསྲང་གི་བཀའ་དྲིན་སྐྱོང་གནང་རོགས་ཞུ།
ལེགས།