རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།། མི་རིང་བར་ས་ག་ཟླ་བ་འཆར་ལ་ཉེ་ཞིང་། ས་ག་ཟླ་བའི་ནང་དུ་སངས་རྒྱས་སྐུ་འཁྲུངས་པར་ཕལ་ཆེར་འཛམ་གླིང་ནང་པ་ཚང་མས་ཁས་ལེན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཏན་འབེབས་བྱས་པའི་སྟོན་པའི་འཁྲུངས་སྐར་ཡང་ཟླ་བ་འདི་རེད། བོད་ཀྱི་མཁས་པའི་བཞེད་སྲོལ་གཅིག་མཐུན་མེད་པའི་དཀའ་ངལ་ཞིག་ཡོད་ན་ཡང་། རེ་ཞིག་ང་ཚོས་རྩོད་པ་ཟུར་དུ་འཇོག ནམ་ཡང་རྩོད་གླེང་བྱས་ནས་དུས་ཚོད་བསྐྱལ་ན་ཆོ་མི་འདུག དུས་ཚོད་ཀྱིས་ང་ཚོ་བསྒུག་གི་མི་འདུག
གནས་སྐབས་ཡོངས་གྲགས་སྨན་རྩིས་ཁང་གི་ལོ་ཐོ་ལྟར་ཕུག་ལུགས་རང་གནང་རོགས། དེ་ལྟར་བྱས་ན་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བདུན་ཏེ། འདི་ལོ་སྤྱི་ཟླ་༥ ཚེས་༡༣ ལ་ཁེལ་འདུག ས་ཟླའི་ཚེས་བཅོ་ལྔར་བོད་པ་ཚང་མས་གལ་ཆེན་དུ་རྩི་བཞིན་ཡོད་ན་ཡང་ད་བར་སངས་རྒྱས་ཀྱི་འཁྲུངས་ཚེས་འདི་དེ་ཙམ་གལ་ཆེན་དུ་རྩིས་མི་འདུག དེ་ནི་བོད་པ་ཚོས་སྔ་མོ་ཡིན་ན་འདས་མཆོད་ལ་གལ་ཆེ་བར་རྩི་བ་ལས་སྐྱེས་སྐར་ལ་རྩ་ཆེན་པོ་བྱེད་པའི་གོམས་གཤིས་ཆེར་མེད་པ་དང་ཡང་འབྲེལ་བ་ཡོད་ཤས་ཆེ།
དེང་སང་མི་ཚང་མས་སོ་སོའི་སྐྱེས་སྐར་ལ་གལ་ཆེན་རྩི་བ་ལྟར། ནང་པ་ཚང་མས་སངས་རྒྱས་སྐུའི་འཁྲུངས་སྐར་ལ་ཧ་ཅང་གལ་ཆེན་དུ་རྩི་བཞིན་ཡོད། ཕྱི་ཕྱོགས་སུ་གནས་སྡོད་མཁན་དག་གི་ངོས་ནས་ལས་འགུལ་གྱི་རྣམ་པས་སྟོན་པའི་འཁྲུངས་སྐར་སྲུང་རྩི་བྱེད་པ་ནི་ཕྲུ་གུ་དག་གི་རྒྱུད་ལ་ནང་ཆོས་ཀྱི་བག་ཆགས་འཇོག་སྟངས་གལ་ཆེན་ཞིག་ཀྱང་རེད། རྒྱལ་ཁབ་མང་པོས་སྟོན་པའི་འཁྲུངས་སྐར་ལ་རྒྱལ་ཡོངས་གུང་གསེང་ཡང་གཏོང་བཞིན་ཡོད། དེ་ནི་ཧ་ཅང་ཚད་མཐོ་བའི་མཐོང་ཆེན་ཞུ་སྟངས་ཤིག་རེད། ང་ཚོ་ཡང་། སྤྱིར་ནང་པ་ཞིག་ཡིན་པ་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་པ་ཞིག་ཡིན་པའི་ཆ་ནས་འདིའི་ཕྱོགས་ལ་ངེས་པར་ཐུགས་སྣང་ཆེ་ཙམ་གནང་དགོས།
དེས་ན་ང་ཚོས་ས་ག་ཟླ་བའི་ཚེས་གཅིག་ནས་མགོ་འཛུགས་ཀྱིས་ཆོས་ཕྱོགས་ཀྱི་དོན་སྙིང་ཡང་ཡོད་ལ་རིག་རྩལ་དང་འབྲེལ་བ་ཡོད་པ། དེ་བས་ཀྱང་མི་མང་དང་ན་གཞོན་ཚོའི་དོ་སྣང་འདྲེན་པའི་མི་མང་རང་བཞིན་གྱི་འཁྲུངས་སྐར་གྱི་ལས་འགུལ་གང་མང་སྤེལ་རྒྱུར་གྲ་བསྒྲིགས་ཡོད་དགོས།
གཤམ་ཏུ་སྒེར་ངོས་ནས་ལས་འགུལ་སྤེལ་སྟངས་ཐད་ཀྱི་བསམ་ཚུལ་དོན་ཚན་དགུ་ཞིགར་ཕུལ་ཡོད།
གཅིག༽ བླ་ཆེན་ཚོས་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་འཚམས་འཕྲིན་དང་སྐུལ་སློང་གི་འབོད་སྐུལ་སྣེ་ཁྲིད་ལམ་སྟོན་བཅས་གནང་རྒྱུ།
གཉིས།༽ སློབ་གྲྭ་དག་གི་ནང་དུ་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་བྱེད་སྒོ་སྤེལ་རྒྱུ།
གསུམ།༽ གཞས་པ་དང་སྒྱུ་རྩལ་བ་དག་གིས་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་གླུ་བཞས་གཏམ་བརྗོད་སོགས་བྱ་རྒྱུ།
བཞི།༽ དྲྭ་འབངས་དག་གིས་ཀྱང་འབྲེལ་ཡོད་ཀྱི་པར་རིས་དང་སོགས་ཕན་ཚུན་སྐུལ་རྒྱུ་དང་། ཚོགས་པ་བཟོས་ནས་དུས་དྲན་ལ་དོ་སྣང་ཡོང་ཐབས་བྱ་རྒྱུ།
ལྔ་བ།༽ དགོན་པ་དང་། ཚོགས་པ་སྒེར་དང་སྲིད་གཞུང་བཅས་ནས་ཀྱང་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩིའི་ལས་འགུལ་གཞི་རྒྱ་ཆེ་ཆུང་སྣ་ཚོགས་སྤེལ་རྒྱུ།
དྲུག༽ རྩོམ་པ་པོ་དག་གིས་ཆེད་དུ་རྩོམ་ཡིག་གི་ལམ་ནས་འཁྲུངས་སྐར་སྲུང་རྩིའི་དགོས་དམིགས་འགྲེལ་བརྗོད་དང་རྩོམ་ཡིག་གི་ལམ་ནས་སྟོན་པའི་འཁྲུངས་སྐར་བརྩི་སྲུང་གནང་རྒྱུ།
བདུན།༽ ཤིས་ཤོག་གི་བྱང་བུ་སོགས་སྐུར་རྒྱུ་དང་། ཕ་མ་དག་གིས་ཕྲུ་གུ་ལ་འཁྲུངས་སྐར་གྱི་རྔན་པ་དང་འཁྲུངས་སྐར་གྱི་སྤྲི་གོར་སོགས་ཉོ་རྒྱུ་སོགས་ཀྱི་ལམ་ནས་སངས་རྒྱས་ཀྱི་འཁྲུངས་སྐར་རྩི་སྲུང་བྱ་རྒྱུ།
བརྒྱད་པ།༽ སྲོལ་རྒྱུན་ལྟར་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩིའི་ངོ་བོའི་ཐོག་ནས་དཀོན་མཆོག་ལ་མཆོད་པ་དང་། ངན་སློང་ལ་སྦྱིན་གཏོང་། ཚེ་ཐར་སྲོག་བླུ། ལམ་འཕྲང་བསལ་བ། གད་སྙིག་གཙང་བཟོ་དང་ཁོར་ཡུག་གོ་རྟོགས། གླིང་སྐོར་དང་མཆོད་མཇལ་སོགས་བྱ་རྒྱུ།
དགུ་བ།༽ གསར་འགྱུར་བརྒྱད་ལམ་དང་འཕྲིན་ལམ་དག་གིས་ཀྱང་སངས་རྒྱས་ཀྱི་འཁྲུངས་སྐར་དུས་ཆེན་དང་འབྲེལ་བའི་བཅར་འདྲི་དང་ལེ་ཚན་བཟོ་བ་གསར་འགྱུར་སྤེལ་བ། སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ།
མཇུག་ཏུ་འདི་ལོའི་སངས་རྒྱས་ཐུགས་རྗེ་ཅན་སྐུ་བལྟམས་པའི་དུས་ཆེན་གྱི་འཁྲུངས་སྐར་ལ་བོད་བརྒྱུད་ནང་པའི་རྗེས་འཇུག་ཡོངས་ནས་སྔར་ལྷག་དོ་སྣང་ཡོང་བའི་འབོད་སྐུལ་བཅས།
སྤྱི་ལོ་༢༠༡༦ ཟླ་༥ ཚེས་༢ ལ། རྫ་ཚེ་རིང་བཀྲ་ཤིས་ཀྱིས་མཐའ་འཁོབ་ཨོ་སི་ཐྲི་ལི་ཡིའི་ཡུལ་ནས་སངས་རྒྱས་ཡིད་ལ་དྲན་པའི་སྣང་ཤེས་ཉི་ཚེ་བའི་བློས་སྤྲིངས། །
རྫ་ཚེ་འདི་་་དེང་རབས་ཀྱི་ནུབ་ཕྱོགས་པའི་ཤན་ཧ་ཅང་ཆེ་དྲག་འདུག་བསམ་པ་བྱུང་། གང་ཡིན་ཟེར་ན་ཁྱབ་བསྒྲགས་དང་ཁྲ་ཁྲ་ཟེང་ཟེང་ལ་མ་གཏོགས་བསམ་བློ་འཁོར་ཡ་ཡོད་ས་མ་རེད། དངོས་གནས་སྟོན་པ་ཐུགས་རྗེ་ཅན་སྐུ་ལྟམས་པའི་དུས་ཚིགས་ལ་ཚོགས་བསགས་ལ་འབད་དགོས་ཞེས་རེ་བསྐུལ་བྱས་ན་འོས་ཤིང་མཚམས་པ་ལས་དེང་སང་གི་ཁྱབ་བསྒྲགས་ཀྱི་ལས་འགུལ་ལྟ་བུ་སྤེལ་དགོས་པའི་སྐུ་སློང་བྱེད་པ་ནི་་་ཆོས་པ་ཞིག་གི་སེམས་ལ་འཁོར་བའི་དམིགས་ཡུལ་ཡིན་མི་སྲིད།
བེ་རེ་ལགས། དོན་ཚན་བརྒྱད་པར་དམིགས་ཀྱིས་གཟིགས་རོགས།
མ་གཞི་ཁྱབ་བསྒྲགས་ཀྱི་སྐད་ཆ་མ་རེད། མ་མཐའ་ཡང་སངས་རྒྱས་ཀྱི་འཁྲུངས་སྐར་ག་དུས་ཡིན་ཞེས་དྲིས་ནའང་ང་ཚོ་བོད་པ་དུ་ཞིག་གིས་ཚད་ལྡན་གྱི་མཁས་པ་ཞིག་གི་བཞེད་པ་གཞིར་བཟུང་གི་ལན་ཐེབས་མཁན་ཧ་ཅང་ཉུང་། ལོ་ཐོའི་ནང་དུ་འཁོད་པ་བསྐྱར་ཟློས་ཙམ་ཡང་མི་ཤེས་མཁན་ཧ་ཅང་མང་། ལས་འགུལ་གྱི་ངོ་བོའི་ཆ་ནས་ཉིན་གང་པོར་ཁྱེད་རང་མཚམས་ལ་བཞུགས་ཀྱི་ཡིན་ལབ་ནའང་ཆེས་ལེགས་ཤོས་རེད།
མཇུག་ཏུ། ཁྱེད་ལ་གཞན་གྱི་སྐད་ཆ་ལ་མཐུན་ཕྱོགས་ནས་སྐད་ཆ་བཤད་པ་དང་བཟང་ཕྱོགས་ཀྱི་ལྟ་སྟངས་འཛིན་པའི་་གོམས་གཤིས་ཉག་མ་རེ་སྐྱེ་བ་རྗེས་མར་ཐུགས་ལ་འཁྲུངས་པར་སྨོན། ཕྱེད་ཀུ་རེ་ཡིན།
ངས་རང་གི་ངག་གིས་མི་རིང་པའི་ཚེས་བདུན་ནི་སངས་རྒྱས་ཀྱི་འཁྲུངས་སྐར་ཡིན་ནོ་ཞེས་ཚིག་ཏུ་སྨྲས་ཤིང་ཁྱེད་ཀྱིི་རྣ་བར་བསྐྱལ་བ་འདི་ཙམ་ཡང་ང་རང་གི་ངོས་ནས་སངས་རྒྱས་ཀྱི་རྗེས་འཇུག་ཞིག་གི་ལ་རྒྱ་དང་དམ་ཚིག་ཆུང་ཆུང་ཞིག་སྲུང་རཙི་བྱས་པར་ངོས་འཛིན་གྱིས་ཡིད་ཚིམ་པར་བྱས་ཏེ་ཡོད་དོ།།
སྟོན་པའི་འཁྲུངས་སྐར་ཤིས་ཤོག་གང་མང་བསྐུར་གནང་ཡོང་བའི་རེ་སྐུལ་ཞུ། ཡེ་ཤུའི་སྟོན་པའི་འཁྲུངས་སྐུར་ཤིས་ཤོག་བསྐུར་མཁན་བོད་པ་ནང་པ་ཚོས་དམིགས་བསལ་ཐུགས་སྣང་མཛོད།
ད་ངོ་མ་རྫ་ཚེ་ཞུ་བ་ད་ཉེ་ཆར་ཁ་རང་བླ་མ་ལ་རྩོམ་ཐུང་ཞིག་བྲིས་འདུག་བླ་མ་དེ་འདྲ་བའི་དངོས་སློབ་ཡིན་ན་སྐལ་བཟང་ཅན་ཞིག་ཡིན་པ་སྨོ་ཅི་དགོས། མ་ཟད་བླ་མས་ཁོང་ལའང་དམིགས་བསལ་གྱི་ཞལ་གདམས་ཞིག་ཡོད་ངེས་ཅན་ཡིན་ས་འངུག། ཁྱེད་རང་ཆབ་སྲིད་དང་། འཇིག་རྟེན་ཟང་ཟིང་ལ་གང་ཐུབ་ཐུབ་སྤྱོད་རྒྱུ། མིང་ཁྱབ་སྒྲགས་ཁྲ་ཁྲ་ཟིང་ཟིང་ལ་བྱས་ཐུབ་ན་ཚེ་ཕྱི་མ་མ་འགྲུབ་ནའང་ཚེ་འདིར་ཧལ་ཆེན་ཞིག་ཡིན་ཅེས། ཞལ་གདམས་ཡོད་ཐག་ཆོད་རེང། གང་ཡིན་ཟེར་རྫ་ཚེ་ལགས་དེའི་ལག་ལེན་གནང་བཞིན་པ་སྟེ། ཁོང་བླ་མ་མུན་སེལ་ཅི་གསུངས་བཀའ་སྒྲུབ་པའི་སློབ་མའམ་བླ་སློབ་དམ་ཚིག་གཙང་བའི་དངོས་སློབ་ཡིན་པའི་ཁོ་རིང་རྩོམ་ལས་རྟོགས།
སྟོན་པའི་འཁྲུངས་སྐར་བསུ་བའི་གཞེན་བསྐུལ་ལ་གུས་ཞུའི་ཚབ་ལ་ཚིག་ངན་མ་གསུངས་ན་ཅི་འདྲ།
སྲུང་བརྩིར་དགའ་བསུ་དང་སྟོན་པར་རྗེས་སུ་དྲན་ནས་དྲང་ངེས་ཀྱི་བཀའ་ལ་ནུས་ཚོད་ཀྱིས་འབད་སྒྲུབ་ཞུ་རྒྱུ་ཡིན།