དོལ་སྨྱོན།
སྟོན་རླུང་ལྡང་བྱུང་།
སྟོན་རླུང་བསིལ་བསིལ་གྱིས་ལྡང་བྱུང་།
མཛེས་སྡུག་གི་ལོ་མ་དག་ས་ལ་ཟགས་སོང་།
ཟགས་ཟིན་པའི་ལོ་མ་དག
རླུང་གིས་ཕྱོགས་ཕྱོགས་སུ་གཏོར་སོང་།
སྐབས་འདིར།
སེམས་ཀྱི་སྦུབས་སུ་འཐིམ་པའི་འོད་ཐིག་ཆུང་ཆུང་དེ་དྲན་འོང་།
འཚོ་བའི་རྟེན་གཞིར་གྱུར་བའི་སྙིང་གི་མཛའ་ལྕུག་དེ་དྲན་འོང་།
བརྟན་བརླིང་གིས་འགྱིང་བའི་རི་བོ་དང་རི་བོའི་ཚོགས་འདི་དག
ཐག་རིང་དང་རྒྱང་རིང་དུ་གྲགས་པའི་ཐ་སྙད་ལྕི་མོ་འདི་དག
སྒྲིག་གཞི་དང་སྒྲིག་ཁྲིམས་སུ་གྲགས་པའི་རང་དབང་རླག་བྱེད་འདི་དག
གལ་ཏེ་་་ འདི་དག་རེ་རེ་བཞིན་མེད་སོང་བ་ཡིན་ན།
ངས་་་ རང་ཉིད་ལ་དབང་བའི་ལུས་སེམས་ཀྱི་ཚོགས་པ་ཆུང་ཆུང་དེ།
ནམ་ཡང་ཁྱོད་ཀྱི་པང་ནས་བདེ་བར་གཉིད་ན་འདོད་བྱུང་།
དྲན་གདུང་གིས་མནར་བའི་ང་ཡི་སེམས་པ་དེ།
རླུང་བུས་གཡོ་བའི་ཁྱོད་ཀྱི་སྐྲ་ལོ་བཞིན།
ཁྱོད་དང་ཁྱོད་ཀྱི་ཕྱོགས་སུ་ཡང་ཡང་ཤོར་དུས།
སེམས་པ་རྣལ་དུ་གནས་པའི་དུས་ཚོད་ཅིག་གཏན་ནས་མི་འདུག་ཨང་།
སྟོན་རླུང་འུར་འུར་གྱིས་ལྡང་འོང་བ་དེ།
སྙིང་སྡུག་དྲན་པའི་ཟུག་རྔུ་མཚོན་པ་མིན་ནའང་།
ཟགས་ཟིན་པའི་ལོ་མ་དེ་དག་གིས།
ང་ཡི་མདུན་རྒྱབ་ཡོད་ཚད་མཚོན་པར་བྱས་འདུག་ཨང་།
སྟོན་ལོ་ནི་ནམ་ཡང་ཁེར་རྐྱང་བ་ཚོའི་སེམས་ཀྱི་འདྲ་གཟུགས་རེད།
སྟོན་ལོ་ཧྲག་ཧྲག་གིས་འགུལ་སྟངས་ནི།
ནམ་ཡང་ཁེར་རྐྱང་བ་ཚོའི་རྡོག་པའི་བར་ནས་མངོན་ཐུབ།
སྟོན་ལོ།
སྐྱ་ཐིག་ཕོག་པའི་ང་ཡི་སེམས་པ་སེར་པོ……
དུས་ཀྱིས་ཆད་པ་བཅད་པའི་སྟོན་ལོ་ལ།
ཁྲིམས་ཀྱིས་དམ་ལ་བཏགས་པའི་སློབ་བུ་ཡིས།
དྲན་གདུང་ལྕི་མོ་ཅན་གྱི་ཁེར་རྐྱང་དེའི།
ཡོད་ཚད་མཚོན་པར་བྱས་བ་སྙིང་རེ་རྗེ།
དོལ་སྨྱོན
ཨ་རོ། སྐྱིད་པོ་བཤད་ནས་ཡིན་པས་འབར་མ་འགྱོ་ཨ།
ངས་ཀྱང་དགུན་རླུང་ཁྲོད་ནས་མོ་དང་འབྲལ་རྒྱུའི་སྡུག་བསྔལ་དང་དུ་བླངས། ཉིན་བཅུའི་རྗེས་སུ་དུས་ཡུན་རིང་ཙམ་རིང་ངེད་གཉིས་ངོ་འཕྲད་མི་འབྱུང་ངེས་ཅན། ང་ལས་ལོ་བཅུ་གཅིག་གི་ཏག་ཏག་ཆུང་བའི་མོ། འབྲལ་བའི་ཟུག་རྔུས་ངའི་སྙིང་ལ་ན་ཐིང་ཐིང་། ལྗིད་ཏིག་ཏིག་གི་ཚོར་བ་འབྱིན། ཞིབ་ཆ་དོལ་སྨྱོན་ཁྱོད་ཀྱིས་ཤེས་ཚོད་རེད།
སྟོན་ལོ་རེ་རེ་ཟག་འོང་དུས།
གྲང་རླུང་རེ་རེ་ལྡང་འོང་དུས།
སྟོང་སང་སང་གི་སེམས་པ་སྐྱ་བོ།
འདི་ལྟར།
ཁེར་རྐྱང་ནས་ཁེར་རྐྱང་དུ་འཚོ་བ།
གནམ་རྒན་མ་སུ་ཞིག་གི་བཀའ་ཆད་ཡིན་ནམ།