སེར་ཤུལ་རིན་ཆེན་དོན་གྲུབ།
—–བདག་གི་སྙིང་ཉེ་བའི་གཞིས་བཞུགས་བོད་རིགས་སྤུན་ཟླ་རྣམས་ལ་ཕུལ་བ།
དྲག་རླུང་རྒྱུ་བ་འགོག་པའི་རི་རྒྱལ་དང་།།
མཛའ་བ་འཐོར་དུ་མེད་པའི་རྡོ་རྗེ་སྟེ།།
རིགས་ཀྱི་སྙིང་སྟོབས་འདེགས་པའི་བྱེད་པོ་དངོས།།
དམུ་ཐག་སྐས་ལས་བརྒྱུད་པའི་གདོང་དམར་བ།།
དམ་ཚིག་ལྕགས་ལ་འཕྱ་བའི་གཤིས་ལུགས་དང་།།
རིགས་ཞེན་རླབས་ལ་འཁུ་བའི་ངར་ཤུགས་ཀྱིས།།
རང་ནོར་ཨ་འཐས་འཛིན་པའི་སྟག་དམར་ཏེ།།
ཁྲག་རྒྱུན་ཟུངས་ལ་འདྲེས་པའི་གངས་ཅན་པ།།
མཛའ་བའི་ཁ་གཡང་འཁྱུད་པའི་གནག་སེམས་དང་།།
སྒྱུར་བཅོས་དར་ཆར་འཐམ་པའི་དྲིལ་སྒྲོག་གིས།།
འཇབ་ཀྱིན་སྙིང་རྩ་རལ་བའི་དུས་ཡུན་ནང་།།
ཁྱེད་ཀྱིས་ལ་རྒྱའི་སྟོབས་ཤུགས་སྲོག་གིས་བཏེགས།།
གྱེས་བྲལ་བུ་ཡུག་འཚུབ་པའི་ནགས་ཁྲོད་དེར།།
དམ་ཚིག་གདོན་དུ་འགྲེལ་བའི་སྔ་རྟིང་དུ།།
ཡིད་གཏད་དཔོན་ལ་བཅོལ་བའི་གཤིས་བཟང་གིས།།
འབུར་ཐོན་མཛེས་པའི་འོད་ཀྱིས་འཛམ་གླིང་བསྒུལ།།
དྲུག་བཅུ་བགྲང་བྱ་རིང་མོའི་དུས་ཡུན་ནང་།།
དམ་ཚིག་ཁྲོ་ལྕགས་ལུགས་པའི་ངང་ཚུལ་གྱིས།།
རེ་བ་ལྷོ་ལ་ཕྱོགས་པའི་སྐར་ཆ་རེ།།
ཕ་ས་བཙན་གྱིས་སྲུང་བའི་དུས་ལ་བསྒྱུར།།
བདེན་དོན་རླབས་ཀྱིས་ཕྱུག་པའི་ལམ་སྟོན་སྟོང་།།
མི་ལྡོག་ལྷག་བསམ་དཀར་པོས་བཀྲམ་པའི་མོད།།
རིན་བྲལ་སྲོག་ལས་ལྷག་པའི་ལྟ་སྟངས་ཀྱིས།།
མཛེས་པའི་སྤྱི་བོས་བཏུད་པའི་ལས་ཀྱིས་བྲེལ།།
ཆིག་སྒྲིལ་རླབས་ཀྱི་གོང་བུའི་རང་མདངས་བཏེགས།།
རིགས་ཞེན་དལ་འགྲོའི་འཁྱུག་རྩལ་ཐོལ་གྱིས་འཕྱུར།།
རིག་གཞུང་ཞི་བསིལ་སྨན་གྱི་མཆོད་པ་སྲུང་།།
ངེས་དོན་རིགས་ཀྱི་དཔའ་བོ་གཞིས་བཞུགས་པ།།
ཚིག་འབྲུ་རེ་ཡང་སྲོག་གི་ཟོལ་དུ་སྲུང་།།
ཕ་མཁར་སྙིང་ཤ་མཛེས་ཡོན་སྨྱུ་གུས་བསྟོད།།
རིགས་ཀྱི་ལ་རྒྱ་འདོར་མེད་སྙིང་སྟོབས་ཅན།།
གཞིས་བཞུགས་སྤུན་ཟླ་བདག་གི་སྤོབས་པ་ཉིད།།
༢༠༡༣/༡༠/༤/ ཉིན་བྲིས།
འོ བྲིས་ནོ་ངོ་མ་ཡག་གི་ཡ།
༄། རིགས་ཞེན་གྱི་སེམས་ཁམས་དམར་པོ་ཞིག་བྲིས་འདུག
སྙན་པོ་བྲིས་འདུག་
མུ་མཐུད་འབྲི་བའི་རེ་བ་ཡོད
གང་རིའི་ཕྲེང་བས་སྐོར་བའི་བྷོ་ཏྲ་༼བོད྄།
༼རང྄་གཞན་གཉིས་ཕུང་རྒྱ་འདྲེ་དམར་པོ་དེས།
༼བཙན་དབང་དུཿ་ཁའི་མུན་ནག་རྒྱ་མཚོའི་ངོག།
རང་བསྲེགས་འོད་སྣང་སྦར་བ་གང་དེ་རྒྱལ།