སྡུག་གྱོང་ཉོ་དགོས་མི་འདུག་བསམ་སོང་།
____ཨར་བོད་དང་བཅས་པར་སྤྲིངས།
ཞོགས་ལྗང་།
༄༅།།ཁྱོད་རང་ཚོས་དུས་རྒྱུན་ན་གཞོན་གསར་བ་ཞེས་མིག་དབང་གཞན་ཞིག་གིས་བལྟས་པར་སྙིང་ནས་དགའ་བསུ་ཞུ་གི་ཡིན། ཐེངས་འདིར་ང་ཚོར་མིང་དེ་འདྲའི༼རླབས་ཆེན༽ཞིག་བཏགས་པར་ཡང་དགའ་བསུ་ཆེན་པོ་ཞུ་གི་ཡིན། སྐད་ཆ་དེ་ལྟ་བུ་ཞིག་གིས་རང་གི་འཕོང་ཚོས་རང་གིས་བསྟན་པ་ལས་ང་རང་ཚོར་གནོད་ཅི་ཡང་སྐྱེལ་མི་ཐུབ་པར་མ་ཟད། འདི་ལྟ་བུ་ཞིག་གིས་བོད་ལ་ཡང་ཕན་ཅི་ཡང་ཐོགས་ཀྱིན་མེད་པས། བྱིས་པས་རྩེད་ཁང་ཕུབ་པ་ལྟ་བུ་ཞིག་ཡིན་ན་ང་རང་ཚོས་ཁྱོད་ཀྱི་རྨི་ལམ་ལ་ཐེ་གཏོགས་གང་ཡང་གནང་གི་མ་རེད། རེད་མོད་ཀྱང་། དེ་རིང་གསལ་བཤད་དགོས་རྒྱུ་ཞིག་ལ་ཁྱོད་དང་བཅས་པའི་གཞིས་བྱེས་བོད་ མི་མང་དག་ཅིག་གིས་ན་གཞོན་གསར་བ་ཞེས་པ་འདིའི་ཟུར་ཙམ་ཡང་མཐོང་ཐུབ་ཀྱིན་མི་འདུག་པས། ན་གཞོན་གསར་བའི་གསར་གྱི་ངོས་ཅུང་ཙམ་ཞིག་བཤད་ཐུབ་ན་ཁྱོད་རང་ཚོར་ཕན་ཐོགས་ཆེན་པོ་འབྱུང་གི་རེད་བསམ་ནས་བཀོད་ན་དགོངས་འགལ་མེད་པར་ཞུ།
གནད་དོན་ཅི་ཞིག་གི་དབང་དུ་ཡིན་པ་མི་ཤེས་མོད།འུ་ཅག་གི་བོད་ནི་སྡར་མ་ཝ་འདྲ་བ་ཞིག་རེད་ཅེས་ཁོ་བོས་རྒྱུན་དུ་བཤད་ཀྱིན་ཡོད།ཡང་ལན་རེར་བོད་མི་འདི་ཉིད་ ད་ལྟའི་སྡར་མ་འདི་ལྟ་བུ་ཞིག་ཏུ་གྱུར་དོན་ཡང་ཐུབ་བསྟན་རིག་གནས་ལན་ཨེ་སོང་ངམ་ སྙམ་པ་རེ་བྱུང་ཞིང་།རྒྱུན་དུ་འདིའི་ཕྱོགས་སུ་མཉམ་འཇོག་མང་དུ་བྱེད་ཀྱིན་ཡོད། ཁོ་བོ་སྤྱི་ཚོགས་རིག་པ་ཞེས་པ་འདིར་རགས་ཙམ་འཇུས་པ་ནས་བཟུང་།མི་ནི་རིག་གནས་ ཀྱི་བསྐྱེད་འབྲས་ཡིན་པར་ངོས་ཟིན་ཟབ་ཏུ་སོང་ཞིང་།རྒྱུན་དུ་མིག་དབང་འདི་ཉིད་ གཙོར་བཟུང་ནས་འུ་ཅག་གི་མི་གཤིས་སོགས་ལ་ལྟ་བཞིན་ཡོད་པར་མ་ཟད།བོད་ནང་གི་ན་ གཞོན་ཞིབ་འཇུག་པ་འགྱན་སངས་རྒྱས་དོན་གྲུབ་ལགས་ཀྱི་ལྟ་ཚུལ་སོགས་ལ་རང་ངོས་ནས་ ཁས་ལེན་བླ་ལྷག་གིས་བྱེད་ཀྱིན་ཡོད།ཡང་གསལ་བཤད་བྱེད་རྒྱུ་ཞིག་ལ་ཁོ་བོས་དེ་ རིང་བཤད་འདོད་པ་ནི་དམིགས་གསལ་གྱིས་བོད་ཀྱི་བསམ་བློའི་ཕྱོགས་ཀྱི་སྡར་གཤིས་ ཡིན།
འུ་ཅག་གི་གཙོ་རྒྱུགས་རིག་གནས་ཀྱིས་ནང་བ་དང་ཕྱི་རོལ་བ་ཞེས་གྲུབ་མཐའི་ ཕྱོགས་རེས་བཟུང་དྲགས་པས།ད་ལྟ་ཕྱི་རོལ་བ་ཟེར་ན་འཇིགས་སུ་རུང་བ་ཞིག་དང་ནང་བ་ ཟེར་ཚེ་བླ་ན་མེད་པ་ཞིག་རེད་འདོད་ཀྱིན་འདུག་མོད།གནས་ལུགས་ལ་ཕྱི་ནང་གི་ཁྱད་ པར་ཕྱེས་པ་ནི་དྲང་མོར་བཤད་ན་བྱིས་པས་རྩེད་ཆས་རྩོད་པ་ལྟ་ལས་མ་འདས་པར་སྙམ།བག་ ཆགས་འདི་ཉིད་བོད་མི་དག་གི་བསམ་པའི་གཏིང་དུ་ཟུག་པས།རིམ་གྱིས་ལྟ་ལོག་པ་དང་ བསྟན་བཤིག་པ་སོགས་དུས་རབས་གསར་བའི་ནང་དུ་བོད་ལ་མ་གཏོགས་འབྱུང་ཨེ་སྲིད་དམ་ སྙམ་པའི་ཐ་སྙད་སྐྱུག་བྲོ་དག་བསྐྱེད་པ་རེད།དགེ་ཆོས་ནས་བཤད་པ་བཞིན།ཤཀྱ་ཐུབ་པ་ ཚད་པ་ཡིན་མིན་སུས་ཀྱང་ཁ་ཚོན་གཅོད་དཀའ་བས།གནས་ལུགས་ཡོད་ཚད་ལ་འདི་ནི་བདེན་དང་ གན་ནི་རྫུན་ནོ་སྙན་པའི་འདུ་ཤེས་མ་བཟུང་ན་འགྲིག་ཨང་སྙམ།གཙོ་བོ་ནི་ཁྱབ་ཁོངས་ ངེས་ཅན་ཞིག་ནས་རང་ལ་མཁོ་བ་དག་རང་གི་རིག་པའི་རྩལ་གྱིས་ལེན་ཞིང་རང་ལ་མི་མཁོ་ བ་དག་རེ་ཞིག་ཞིབ་འཇུག་བྱ་ཡུལ་དུ་བསྐྱུར་ན་དོན་འཁྱོངས་ཀི་རེད་བསམས།ཏག་ཏག༼ ཧྲིལ་གྱིས་ལེན་པ་དང་ཧྲིལ་གྱིས་འདོར་བའི༽བརྟུལ་ཞུགས་མ་བཟུང་ན་འགྲིག་གི་རེད། དངོས་པོའི་བདེན་རྫུན་ནི་བརྡར་ན་ཤེས་ཡོང་རྒྱུ་ཞིག་ལས་དུངས་ཞེན་གྱིས་ཁ་ཚོན་ བཅད་ན་འགྲུབ་ཡོང་རྒྱུ་ཞིག་ཨེ་ཡིན་ནམ།གལ་ཏེ་རང་གི་དུངས་ཞེན་གྱིས་བརྡར་ཤ་བཅད་ ཆོག་པ་ཞིག་ཡིན་ཚེ།ཁྱོད་ཀྱིས་དགེ་ཆོས་དང་དུང་དཀར་ཚང་སོགས་ལ་སྡིགས་པར་ཡང་ཁག་ མི་འདུག་སྟེ།དེ་དག་ནི་ཁྱོད་ཀྱི་བློ་ཡིད་དང་རིག་པས་འཇལ་ནུས་པའི་སླ་མོ་འཕྲོད་ མོ་ཞིག་གཞར་ཡང་མ་ཡིན་ནོ། །
འཇིག་རྟེན་ཁམས་ཀྱི་རིག་གནས་ལ་ཚད་ཡོད་པ་ཞིག་ཁྱོན་ནས་མ་རེད་དེ།དེ་དག་ཚང་ མའི་ནང་ནས་ཐུབ་སྟན་ཆོས་ལུགས་ནི་ཚད་མ་གཅིག་པུའོ་སྙམ་ན།ཁྱོད་རང་ཡང་རིག་པ་ འཚོལ་བའི་མི་ཞིག་ཁྱོན་ནས་མ་ཡིན་ཞིང་།གནས་ལུགས་ལ་དབྱེ་འབྱེད་བྱེད་པའི་བློ་ མིག་ནི་རྦད་དེ་མ་ཡོད་དོ། །སྐུ་ཞབས་ཞོགས་དུང་གིས།གནས་ལུགས་ཇི་ལྟར་ཤུགས་དྲགས་ན། །དུངས་ཞེན་ལ་ནི་དེ་ལྟར་གནོད། །ཅེས་པ་བཞིན།དུངས་ཞེན་ཇི་ལྟར་ཤུགས་དྲགས་ན། །གནས་ལུགས་ལ་ཡང་དེ་ལྟར་གནོད། །ཅེས་བཤད་ན་འགལ་ཆ་ཅི་ཡང་མ་མཆིས་སོ། །དགེ་ཆོས་དང་དུང་དཀར་ཚང་སོགས་ལ་བོད་ཀྱི་སྔོན་བྱོན་མཁས་པ་ལས་ཁྱད་ཆོས་ཐུན་ མོང་མ་ཡིན་པ་ཞིག་ཡོད་པ་ནི་གནས་ལུགས་ཀྱི་མདུན་ནས་དུངས་ཞེན་རྒྱང་དུ་འདོར་ཐུབ་ པ་དེ་རེད་ལ།དེ་ལྟར་བྱས་པས་ད་གཟོད་གནས་ལུགས་ཀྱི་མཐར་ཆོད་པ་ཞིག་ཀྱང་རེད།བདེན་ པ་འདི་ཉིད་ནི་ཁྱོད་རང་ཡོད་སའི་ཨ་རི་སོགས་ནུབ་གླིང་ན་ན་ཤིན་ཏུ་རྒྱུགས་ཆེ་ ཞིང་ནམ་ཡང་མཐོང་ཆེན་བྱེད་པའི་སྙིང་སྟོབས་ཤིག་རེད།དེ་ན་ཁྱོད་ཀྱིས་ཀྱང་ལེན་ དགོས་རྒྱུ་དག་ལོངས་ཤིག་དང་།ཡོད་ཚད་ཨ་རི་བདེན་ནོ་སྙམ་པ་ཡང་མ་རེད་མོད།རང་གི་ འཚོ་གནས་དགོས་མཁོ་ལ་མེད་དུ་མི་རུང་བ་དག་ལེན་དགོས་ལ།ཡོད་ཀྱང་ཆོག་ལ་མེད་ཀྱང་ རུང་བ་དག་ནི་དུས་ཚོད་ཀྱི་དབང་གིས་རེ་ཞིག་བསྐྱུར་ཡང་ཆོག་པ་ཞིག་མ་རེད་དམ།
༼ན་གཞོན་གསར་བ་ནི་རྒྱ་རྒན་ལོ་ལོན་ཞིག་རེད༽ཅེས་པའི་ཁ་བྱང་འདི་ཉིད་མཐོང་ མ་ཐག་ང་རང་ཤིན་ཏུ་དགའ་ཞིང་།འདིས་ནི་ན་གཞོན་གསར་བའི་གནད་དོན་ཆེན་པོ་ཞིག་ བཏོན་ཡོད་ཚོད་རེད་སྙམ་པ་དང་།ཡང་རང་ཉིད་ཆེས་དགའ་སའི་སྙིང་སྟོབས་ཤིག་གི་མིང་ མཐོང་མ་ཐག་ནས་དབུགས་ཐེངས་གཅིག་གིས་བཀླགས་པ་ཡིན་མོད།མཐར་དེད་ཚེ་ན་གཞོན་གསར་ བ་ཞེས་པའི་སྙིང་སྟོབས་རྟོས་ཆེན་པོ་འདི་ཉིད་ལོ་ངོ་དགུ་བཅུའི་གོང་གི་དགྱ་ནག་ མཁས་པ་རེ་འགའི༼སྐྱི་ལྤགས༽སུ་སྦྱར་འདུག་པས་རེ་ཞིག་དོགས་བདེ་བ་ཞིག་མ་བྱུང་ ཞིང་།རྗེས་སུ་དགོད་བྲོ་བ་ཞིག་ཀྱང་རེད།འདིར་ཡང་ཉིད་ལ་དགའ་བསུ་ཞུ་དགོས་པ་ཞིག་ ལ།ཉིད་ཀྱིས་ཀྱང་དཀའ་སྡུག་གིས་མཁས་པ་དེ་དང་དེའི་སྐོར་གྱི་ལོ་ཚིགས་རེ་འགའ་ བཙལ་ནས་བྲིས་འདུག་པ་དེ་རེད།ཡིན་ན་ཡང་།དེ་ཙམ་གྱིས་ན་གཞོན་གས་བ་ཞེས་པའི་སྙིང་ སྟོབས་ཆེན་པོ་འདི་ཉིད་སྤྱི་འགྲོས་དེ་ལྟ་བུ་ཞིག་ཏུ་འཇུག་ཐུབ་ཀི་མ་རེད་ལ།དེར་ བཅུག་ཚེ་སྙིང་བོ་ཅི་ཡང་མེད་སོང་བ་རེད།ཡང་གཅིག་བཤད་ན་ཉིད་ཀྱིས་ན་གཞོན་གསར་བ་ ཞེས་པ་ནི་ང་ཚོའི་གྲོགས་པོ་འགའ་རེའི་ངོས་སུ་སྦྱར་ཡོད་པ་དང་།དེ་ཙམ་གྱིས་ཀྱང་ ཉིད་ནས་ན་གཞོན་གསར་བ་ཞེས་པ་དེ་ཁྱོན་ནས་ཧ་གོ་མི་འདུག་པ་གསལ་བཤད་བྱས་འདུགགནད་ དོན་འདི་ཉིད་ནི་ཁྱོད་གཅིག་པུ་མ་ཡིན་ཏེ།བོད་བྱེས་གཉིས་ཀྱི་མི་མང་ཆེ་བ་རེད་ པས་དམིགས་བསལ་གྱིས་སྐད་ཆ་ཞིག་བཤད་ན།ན་གཞོན་གསར་བ་ཞེས་པ་ངེད་གྲོགས་པོ་རེ་ འགའ་ཞིག་ཁྱོན་ནས་མ་ཡིན་ཞིང་།དེའི་སྐོར་ནས་ན་གཞོན་གསར་བ་འདོན་ཐེངས་གཉིས་པ་ དང་ལྷག་པར་འདོན་ཐེངས་གསུམ་པའི་སྟེང་དུ་གོ་བདེའི་ཚུལ་གྱིས་བྲིས་ཡོད་ན་ཉིད་ དང་བཅས་པའི་གྲོགས་པོ་དག་ནས་གཟིགས་པར་འཚལ།དེ་ནི་འཕྲོས་བཤད་ཙམ་ཡིན།ཕྱིར་གནད་ དོན་གྱི་སྟེང་དུ་བབས་ན།ཁྱོད་ཀྱིས་ན་གཞོན་གསར་བ་ནི་རྒྱ་རྒན་ལོ་ལོན་ཞིག་རེད་ འདོད་པ་ནི་མིང་ཙམ་རེད་དེ།ཁྲིན་ཏུ་ཞུའུ་ལགས་ཀྱི་ན་གཞོན་གསར་བ་ཞེས་པའི་དུས་ དེབ་ཁོ་ནའི་སྟེང་ནས་ཚུར་སྦྱར་བ་ཞིག་རེད།དེ་ཙམ་གྱིས་ང་རང་ཚོ་དེ་དག་དང་འདྲ་བ་ རྦད་དེ་མིན་ཞིང་།ལྷག་པར་དུ།ཁྱོད་ཀྱིས་བཤད་ཀྱིན་པའི་ན་གཞོན་གསར་བ་ཞེས་པའི་ གསར་བུ་ང་ཚོ་ནི་དགྱ་ནག་གི་མཁས་པ་དེ་དག་ལ་ད་དུང་འགྲན་ཐུབ་ཀྱིན་མེད་པ་ང་ཚོ་ རང་ངོས་ནས་ངོས་ཟིན་གསལ་བོ་བྱུང་ཡོད།དེ་ལྟར་ལགས་ཏེ།གང་ནས་བལྟས་ཀྱང་།ང་རང་ཚོ་ ལ་ཡང་ཁོ་ཚོ་དང་འདྲ་ས་མེད་པ་མ་ཡིན་ཞིང་།འདྲ་ས་གཙོ་བོ་ཞིག་ཡོད་པ་ནི་ང་ཚོས་ ཀྱང་ཁོ་ཚོ་ནང་བཞིན་རུལ་སུངས་ཀྱི་སྤྱི་ཚོགས་ཤིག་དང་ཉམ་ཐག་གི་མང་ཚོགས་ཤིག་ སེམས་ལ་ཉར་ནས་ཡོད།དེ་བཞིན་དུ།མུན་ནག་དང་སྒེར་གཅོད་ཀྱི་སྲིད་དབང་ཞིག་ལ་ཁ་ གཏད་བཅག་ནས་ཡོད་པར་མ་ཟད།ང་ཚོས་རང་ཉིད་ནི་བདེན་ནོ་སྙམ་པ་དེ་དོར་ཞིང་།རིག་ གནས་ཡོད་ཚད་ནི་འདྲ་མཉམ་གྱིས་གནས་ཆོག་པ་རེད་སྙམ་གྱིན་ཡོད་པས།ཉིད་ཀྱིས་འདྲ་ བར་མཐོང་བ་ཡང་ཁག་ཡོད་པ་ཞིག་མ་རེད།དེ་དག་ནི་གླེང་དགོས་དོན་གཙོ་བོ་མ་རེད་པས་ རེ་ཞིག་སྐྱུར་ཞོགསྤྲོ་བ་ཡོད་ན་དལ་མོར་བརྩད་གཅོད་བྱོས་དང་ཤེས་འོང་གི་རེད།
ཞིབ་འདང་རེ་རྒྱག་དུས་ཁྱོད་དང་བཅས་པའི་གྲོགས་པོ་མང་བོ་ཞིག་ལ་ཁག་མ་འདུག་ སྟེ།ལྷག་པར་དུ་བྱེས་སྡོད་བོད་མི་མང་བོ་ཞིག་ལ་ཁག་མི་འདུག་གོ །གང་ཡིན་ཟེར་ན།གོང་ནས་བཤད་པ་བཞིན་བོད་འདི་ཉིད་ནི་ལྟ་བ་མཉམ་གནས་ཀྱི་ཁོར་ཡུག་ ཅིག་རྦད་དེ་མིན་ཞིང་།ཁྱོད་ཚོར་ཡང་རང་རྟོགས་དང་དོགས་སློང་གི་བསམ་བློ་ཁྱོན་ ནས་མི་འདུག་པས།ངས་གོང་ས་མཆོག་གི་རྐུབ་ལྡག་མཁན་ཚོར་ཞེས་སྤྲིངས་པ་ཡང་གནད་དེར་ ཐུག་ཡོད།གལ་ཏེ་ཁྱོད་ཚོས་བསམ་གཞིག་ཅུང་ཙམ་བཏང་ཡོད་རྒྱུ་ན།གོང་ས་མཆོག་གིས་ འདོད་པའི་གནས་ལུགས་ནི་ཁྱོད་ཚོ་མིན་པ་གསལ་བོར་ཤེས་འོང་བ་ཞིག་རེད་མོད།མི་ནི་ མ་གཞི་ནས་ཁེ་ཕན་རེག་རྒྱུར་དགའ་བ་ཞིག་ཡིན་པས།ཁྱོད་ཚོས་དགྱ་ནག་སྤྱི་ཚོགས་ཀྱི་ ལམ་ལུགས་ལྟར་གནས་ལུགས་ལ་མཐོང་ཆེན་མི་བྱེད་པར་མིང་དང་ཁེ་གྲགས་ལ་མཐོང་ཆེན་ བྱེད་པས།སྡུག་གྱོང་རང་གིས་ཉོས་ནས་ཡོད་པ་ཞིག་རེད།འུ་ཚོས་ཤེས་གསལ་ལྟར།དགེ་ ཆོས་ཀྱིས་གནས་ལུགས་ཀྱི་དོན་དུ་དཀའ་ལས་ཇི་ལྟར་བརྒྱབ་ན་ཡང་།རང་སྲོག་མ་ཤོར་ བའི་ཡར་སྔོན་དུ་སུས་ཀྱང་ཁས་ལེན་བྱེད་ཐུབ་ཀྱིན་ཡོད་པ་མ་རེད།རེ་འགའ་ཞིག་གིས་ དེ་ནི་གནས་ལུགས་ཤིག་རེད་འདོད་ཀྱིན་ཡོད་ན་ཡང་།སྤྱི་ཚོགས་ཀྱི་ངོ་གཅོག་མ་ཐུབ་ པས་གནས་ལུགས་ལ་དེ་ལྟར་རྡོག་བརྫིས་བཏང་བ་རེད།ཕྱི་གླིང་བས་དགེ་ཆོས་ནི་མཁས་པ་ མཆོག་ཏུ་གྱུར་བ་ཞིག་རེད་ཅེས་གླེང་འོང་ན།འུ་ཚོས་ཀྱང་གང་ནས་སད་མདོག་ཁ་བོས་ དགེ་ཆོས་བླ་རུ་བཀུར་ཞིང་མཆོག་ཏུ་བརྩིས་པ་རེད།ཁོར་ཡུག་འདི་ཉིད་ཀྱིས་བོད་མི་ དག་བསྡམས་ནས་འདུག་པ་དང་།གཉིས་སུ་ན།ཕྱི་ནས་རང་དབང་ཙམ་མངོན་གྱིན་འདུག་པས་ ཁྱོད་ཚོ་ནི་ཏག་ཏག་ཁྱི་བཏགས་ཤོར་མ་བཞིན་དུ་ཅི་ཞིག་བྱེད་དགོས་མ་ཤེས་པས།ཆབ་ སྲིད་ཀྱི་དུངས་ཞེན་ཁོ་ནའི་སྐད་ཆ་བཤད་པ་ལས་རིག་གནས་ཀྱི་གནས་ལུགས་ཡོད་ཚད་ལ་ རྡོག་བརྫིས་གཏོང་ཞིང་།དེ་ལྟར་བྱས་ན་མིང་དང་ཁེ་ཕན་རེག་ཐུབ་ཅིང་།ཚང་མས་དཔའ་ བོ་དང་མི་རིགས་ཀྱི་དུངས་ཞེན་ཅན་ཏུ་བརྩི་བའི་སྲོལ་ངན་ཞིག་ཆགས་འདུག་པས།མིང་ དང་ཁེ་དབང་ལ་དགའ་བ་ནི་མིའི་གཉུག་གཤིས་ཡིན་ན་ཁྱོད་ཚོར་ཡང་ཁག་ག་ལ་ཡོད།སྤྱིར་ ན་ཁྱོད་ཚོ་ནི་རིག་གནས་ཁོར་ཡུག་ལེགས་པོ་ཞིག་ཏུ་ཡོད་པས་མཁས་པ་དང་ཆབ་སྲིད་པ་ སོགས་མང་དུ་བྱུང་ན་ཆོག་གི་རེད་མོད།ས་ཆུའི་ཚོད་ཀྱི་རི་དྭགས་ཙམ་ལས་གང་ཡང་ འཁྱོངས་ཀྱིན་མི་འདུག་པ་ནི་ཇི་འདྲའི་ཡི་མུག་ཅིང་བློ་ཡིད་དུ་མི་ཤོངས་པའི་ནག་ ཉེས་ཤིག་རེད་ཨང་།
ང་ཚོར་མཚོན་ན་རིག་གནས་ཀྱི་མཁའ་དབུགས་ཇི་ལྟ་བུ་ཞིག་ཏུ་ཡོད་པ་ནི་ཁྱོད་ཚོ་ ཡང་འདི་དང་གྱེས་ནས་སོང་བ་ཡིན་པས་རང་ས་རང་ལ་རྒྱུས་ཡོད་པ་ཞིག་རེད་མོད།ཕྱི་རུ་ སོང་རྗེས་རྫིགས་མདོག་ཁ་བོས་ཕྱིར་འཁོར་ནས་ནང་དམེ་ལྟ་བུ་ཞིག་བྱེད་པ་ནི་ཕམ་ ཁའི་ཁྲོད་ཀྱི་ཕམ་ཁ་ཞིག་རེད་ཨང་།ཡིན་ན་ཡང་།ང་རང་ཚོས་ཀྱང་རང་གི་ཁོར་ཡུག་ལ་ གདོང་གཏད་ཅིང་ལྔ་བཞིའི་ལས་འགུལ་ཡས་མས་ཀྱི་དགྱ་ནག་སྤྱི་ཚོགས་དང་ད་ལྟའི་བོད་ རང་གི་གནས་བབ་ནི་ཤིན་ཏུ་འདྲ་བར་མཐོང་ཞིང་།གཞན་ཡང་།ལུའུ་ཞུན་དང་ཧུའུ་ཧྲི་ སོགས་ཀྱི་ངོས་སུ་སྙིང་སྟོབས་བླ་ན་མེད་པ་ཞིག་འདུག་པས་དེ་དག་གི་ལེན་དགོས་པ་ དག་ལེན་ཅི་ཐུབ་བགྱི་བཞིན་ཡོད་ན་ཁྱོད་ཚོར་དེ་ལྟ་བུའི་ཞེ་འཁོན་ཞིག་ཇི་ལྟར་ ལངས་པ་ཡིན་ནམ།ཆབ་སྲིད་ཀྱི་མིག་དབང་སྤྱད་དེ་རིག་གནས་ལ་ལྟ་བ་ནི་རང་གི་ཨ་མའི་ ཕོར་བ་གཙང་མ་ཡིན་པར་སྙམ་པ་དང་ཨ་ན་མ་ན་རེད་པས།དེ་ལྟ་བུའི་བྱིས་རྟགས་སུས་ཀྱང་ མ་བཟུང་ན་འགྲིག་གི་རེད་སྙམ་བྱུང་།ཡང་གཅིག་བཤད་ན།ལུའུ་ཞུན་སོགས་ནི་དགྱ་ཙམ་མ་ གཏོགས་ད་ལྟ་འཛམ་གླིང་རྒྱལ་ཁབ་མང་བོ་ཞིག་ན་ཡང་ཞིབ་འཇུག་དང་ཁས་ལེན་བླ་ལྷག་ གིས་བྱེད་ཀྱིན་ཡོད་ན་འུ་ཚོས་ཅིའི་ཕྱིར་ལེན་དགོས་པ་དག་ཀྱང་ཨུ་ཚུགས་ཀྱིས་ འདོར་དགོས་སམ།ངས་བསམ་ན་ན་གཞོན་གསར་བ་ཞེས་པའི་གསར་གྱི་སྙིང་སྟོབས་གཙོ་བོ་ནི་ འདི་རུ་ཡོད་པར་སྙམ་ཞིང་།ལྟ་བ་མཉམ་གནས་ནི་ན་གཞོན་གསར་བའི་ཁྱད་རྟགས་གཙོ་བོ་ ཞིག་ཡིན།ན་གཞོན་གསར་བ་ཚོས་གནས་ལུགས་ཀྱི་མདུན་ནས་དུངས་ཞེན་མི་འཛིན་ཞིང་། སྒེར་གཅོད་ཀྱི་འོག་ནས་མགོ་བོ་མི་སྒུར་བ་ནི་བརྟན་ཚུགས་ཡིན།
ཡང་ཁྱོད་ཀྱིས་བདག་ཚོགས་པ་དང་བླ་ཚོགས་པ་ཟེར་ནས་ཡོད་ཚད་ཚོགས་པ་ཞིག་གི་ ངོས་སུ་བལྟས་པ་ནི་མུན་ནག་ལ་ལག་སྙོབ་བྱས་པ་ཙམ་ལས་ཅི་ཡང་ཤེས་ཀྱིན་མེད་པས།རབ་ ཡིན་ན་འདི་དག་ཐམས་ཅད་བཏང་སྙོམས་སུ་བཞག་ན་དོན་ལེགས་པོ་འཁྱོངས་ཀི་རེད།ཕྱི་རུ་ སྤུན་ཟླ་ཁྱོད་ཚོས་ཚོགས་པ་མང་བུ་བཙུགས་ཡོད་པའི་རྣ་ཐོས་བྱུང་མོད།བག་ཆགས་དེ་ ཉིད་ཕྱིར་འཁོར་སྟེ་ནང་དུ་སྦྱོར་བ་ནི་སྤྱང་ཀིའི་ཁ་ནང་དུ་ཤ་བཞག་པ་ལྟ་བུ་མ་ ཡིན་ནམ།འདིའི་སྐོར་ནས་སྔོན་ཆད་ཁོ་བོས་འོད་དཀར་དྲ་ཚིགས་སུ་སྤེལ་བའི་ཟིན་ཐོ༼ བྱེས་སྡོད་བོད་མི་དག་ལ་བཤད་དགོས་པ་འགའ༽ཞེས་པ་རུ་གསལ་བཤད་ཙམ་བྱས་ཡོད་པས་དེར་ གཟིགས་པར་འཚལ།ཡང་གཅིག་བཤད་ན།ད་ལྟ་ནི་སུ་ཞིག་དགྱ་ནག་གི་མངའ་འོག་ཏུ་སྦྱོར་དེ་ ཉིད་མིན་པར།ཡོད་ཚད་ཀྱིས་མཐུན་སྒྲིལ་དམ་པོ་བཅའ་རྒྱུ་དེ་རེད་པས་ཐུགས་ས་འཇགས་ པར་འཚལ།
གཞན་ཡང་།ཁོ་བོས་ན་གཞོན་གསར་བ་ཞེས་པའི་སྙིང་སྟོབས་ཀྱི་ཆ་ཞིག་རྩོམ་ཐུང་ འདིའི་མགོ་མཇུག་བར་གསུམ་དུ་སྟོར་ཅི་ཐུབ་བྱས་ཡོད་པས།ཚན་པ་རེ་གཉིས་ཤིག་ལ་ བལྟས་རྗེས་ནས་ཁ་ནས་ཚོན་པོ་མི་བཤད་པ་ནི་རེ་བ་ཉག་གཅིག་ཡིན་ལགས།
ཞོགས་ལྗང་གིས་ནུབ་བྱང་མི་རིགས་སློབ་ཆེན་ནས་ཡི་མུག་དང་བཅས་སྦྱར་བའོ། །
ངས་འདིར་མོའོ་ཙེ་ཏུང་གི་ལོ་རྒྱུས་ཅིག་སྟོན།
http://tv.sohu.com/20090805/n265739754.shtml
མ་གཞི་ཨར་བོད་ལ་ཁག་ཡོད་རྒྱུ་མ་རེད། ཁོ་རང་ཧོབ་ཏེ་སྒང་ལ་ནུབ་ཕྱོགས་སུ་སླེབས་ནས་སྔར་མ་མཐོང་མ་ཐོས་པ་མང་པོ་ཞིག་མཐོང་ཐོས་བྱུང་བས་ཧ་ལས་ལས་འདྲ་ཞིག་བྱུང་བ་རེད། དེ་ནས་དེ་ངོམ་སོ་བྱས་ཏེ་བོད་ནང་གི་ཞ་ཡས་ཚོར་ཧང་སང་འཇུག་དགོས་བསམ་པ་རེད་དེ། ཞ་ཡས་ཚོ་ཧང་སང་བ་མ་དགོས་ཁོའི་རྩ་མི་ཚང་བའི་བྱེད་སྤྱོད་དེ་ཚོར་ཁོ་ནག་གདིང་ནས་ཆོད་པ་རེད།