འདྲེ་གླེན་པ།
རྔམ་ཞིང་བརྗིད་པའི་རི་ཚོགས་ཡ །
མགོ་བོ་ཁྱོགས་དང་། བདག་གི་རེ་བ་དང་རྨི་ལམ་མཐའ་དག་ཁྱེད་ཀྱི་བུ་ཡུག་དང་རླུང་འཚུབ་རྒོད་པའི་བྲང་གཞུང་ལ་བཞག་སྟེ ། ང་རང་ཅི་ཙམ་གྱིས་ཁྱེད་ཀྱི་ལྷིང་འཇགས་ཀྱི་གམ་དུ་བཅར་ཡང་ལྷོ་གླིང་གི་མེ་དཔུང་ལྟར་འཕྱུར་བའི་མི་ཚོགས་ཀྱི་ཡོ་ལང་དབུས་སུ། གྲི་སོ་ལས་རྣོ་བའི་འགྲན་རྩོད་ཀྱི་གནས་བབ་དེས་རང་ཉིད་བོར་བ་ཡང་མིན་པར་ཅི་བྱ་གཏོར་མེད་དུ་གྱུར་ཡོད །
རྒྱང་དུ་བཞུད་པའི་གཏམ་རྒྱུད་ཡ།
ཁྲག་དྲོན་དང་དངུལ་ཆུ་བཞུར་བའི་ས་མཚམས་སུ་ང་ལ་ཅུང་ཟད་གསན་ཙམ་མཛོད་དང་། འགག་པ་མེད་པའི་ལོ་རྒྱུས་ཀྱི་བྱུང་བ་རེ་རེ་རྩོལ་བ་དང་བཙལ་བ་མེད་པར་རང་བྱུང་གི་ཁམས་སུ་ཆུ་བོ་ལྟར་དུ་བཞུར་ཡང་། མི་ཚེ་ཤིང་སྡོང་ཞིག་གི་ཟོལ་ཏུ་སྨྲ་བ་དང་འགྲོ་བ་མེད་པར་ཉི་མའི་བཙན་འཛུལ་གྱི་ཚ་དྲོད་ལ་སྒུག་ནས་འདུག་པ་འདི་ཅི་ཞིག་ཡིན་ནམ།
ང་རང་གཉིད་ནས་བསྡད་ཡོད །
ཧ་ཅང་སྟུག་པའི་སྨག་རིམ་དུ་གཉིད་ནས་བསྡད་ཡོད ། ཤིན་ཏུ་གཉིད་པའི་གཏིང་རིང་དུ་རང་ལ་དབང་བའི་རྨི་ལམ་གྱིས་ང་ཡི་སྙིང་ཁ་གཤེགས་བར་བྱས་ཡོད ། དེ་ལས་ཀྱང་ཆེས་མུན་ནག་པའི་མཚན་སྨད་དུ་རྨི་ལམ་འཁྲུག་པའི་ཞེ་སྡང་གི་གཏིང་དུ་བཙན་གྱིས་གཉིད་དེ་བསྡད་ཡོད ། གཉིད་ཁུག་པ་འདི་རང་གིས་བཟོད་སྲན་བྲལ་བའི་སྡུག་བསྔལ་ཞིག་ཡིན་པ་ཁྱེད་ཀྱིས་མཁྱེན་ཚོད་མིན་པས། ཉོན་མོང་གིས་རབ་ཏུ་མནར་བའི་ཁྱོད་ཀྱི་སྣང་ངོར་གྱི་རབ་རིབ་མག་མོག་དེ་ཆུ་ལ་གཡུག་ཤོག མེ་ལ་སྤར་ཤོག ང་རང་གསོན་པོ་ཡིན་པ་ལས་ཤི་པོ་མིན།
མི་ཚེ་གཏན་འཁེལ་མེད་པའི་འཇའ་ཚོན་གྱི་རི་མོ་ཡིན་ཚེ ། སེམས་པ་འཇིགས་སྣང་མེད་པའི་རང་དབང་གི་གཤོག་པ་ཡིན་པས། རི་བོ་འདིའི་ཕ་རོལ་གྱི་རི་ཚོགས་ཀྱི་འཚང་ཀ་མཐའ་དག་བརྩེ་བ་དང་མིག་ཆུ་མཉམ་དུ་ཁྱེར་ཏེ་བརྒལ་ཆོག་པས་ང་ལ་ཞེད་སྣང་ཅི་ཡང་མེད། རེད་དེ། མི་ཡུལ་ལ་མི་སེམས་གསོད་པའི་དབྱངས་རྟ་དར་བ་ནས་བཟུང་། ང་ཡི་དམག་རྟ་ཁྲི་ཕྲག་གི་རླུང་རྟ་ཧ་ཅང་གིས་མོད་མོས་རྒུད་ཡོད །
29/3/2016 ཉིན་གྱི་ཨོ་གླིང་མཚན་མོར །
ཡི་དམ་ཚེ་རིང་གི་རྩོམ་ཞིག་ཡོད་ལ་དྲན་ཡོང་།
རྨི་ལམ་ནང་གི་སྡུག་བསྔལ་དང་། དམྱལ་སྣང་གི་སྡུག་བསྔལ་གཉིས་ལ། ཁྱད་པར་ཆེ་ཆུང་ག་ཚོད་ཙམ་ཡོད་དམ། ལགས།
ཡི་དམ་ཚེ་རིང་གི་རྩོམ་ཞིག་ཀློག་མྱོང་བ་དེ་ཙམ་དྲན་ཚོད་དུ་མི་འདུག་པས ། ཡི་དམ་ལགས་ཀྱི་རྩོམ་རེ་ཡོད་ན་མཁོ་བསྤྲོད་བྱ་རོགས།