ཁྲི་རལ་པ་ཅན།
ནམ་རྒྱུན་བོད་མིའི་སྤྱི་ཚོགས་སྤྱི་དང་ཁྱད་པར་བཙན་བྱོལ་ནང་དུ་དཀྲོག་རྐྱེན་གྱིས་གཡམ་རྒྱུགས་བྱས་ཏེ་ཆོས་ལུགས་ཆོལ་ཁའི་རྙོག་གཞི་མང་པོ་བྱུང་མྱོང་ཡོད་ཅིང་། ཁྱད་པར་ལོ་རྒྱུས་སྟེང་གི་རྙོག་བྲ་དགོས་མེད་དེ་འདྲ་ཁུར་ཡོང་ནས་བསམ་བློ་གནས་ཚད་དམན་པའི་མི་མང་ནང་སྤེལ་ཏེ། འདས་དུས་ཀྱི་རྙོག་མ་གཏིང་སློང་གིས་དེང་སང་གི་མི་རབས་གསར་པ་ཚོའང་དེ་ནང་ཚུད་པར་བྱེད་པ་ནི་བློ་ཕམ་གྱི་རང་བཞིན་ཡིན་པས། གཞི་རྩ་ཕྱོགས་གཅིག་འཛིན་རྒྱུར་ཐུགས་ཐག་བཅད་ཚར་པ་ཅིག་ལ། ལྕང་སྐྱ་རོལ་པའི་རྡོ་རྗེས། ཕྱོགས་ལྷུང་འཁྱོག་པོའི་ཡིད་ལྡན་དག། ཇི་སྲིད་རང་དང་མ་མཐུན་པ།། དེ་སྲིད་དྲང་སྲོང་མཆོག་ཉིད་ཀྱི།། གསུང་ལའང་མོས་པའི་སྐབས་མ་མཆིས།། དེས་ན་ཡང་དག་པ་དང་ལྟར་སྣང་གི།། དབྱེ་བ་ཇི་བཞིན་ཕྱེད་པ་དཀོན་པས་ན།། དམ་པ་རྣམས་ཀྱང་བས་མཐའི་ནགས་ཚལ་དུ།། སྙིང་ལས་ཆུང་ངུར་གཞེས་པ་ཉིད་ལ་སྤྲོ།། ཞེས་གསུངས་པ་ཇི་བཞིན་རྒྱུ་མཚན་བཤད་དེ་འགྱུར་བཅོས་ཐེབས་རེ་གང་ཡང་མེད་མོད།
དེང་དུས་ཀྱི་གཞོན་རབས་ལུས་སེམས་སོས་མ་མང་དག་ཅིག་གི་སེམས་ནང་ཕྱོགས་ལྷུང་གི་བག་ཆགས་མི་ཁྱབ་པའི་ཕྱིར་དུ། སྡེ་སྲིད་འཇམ་བཞད་ལྷ་བཟང་གསུམ་གྱི་ནང་འཁྲུག་སྐོར་ལ། བཀུར་འོས་བདེན་འཚོལ་ལགས་ཀྱིས་ཕྱོགས་གཅིག་གི་གཟིགས་ཚུལ་གཞིར་བྱས་ཏེ་དཔྱད་གཏམ་སྤེལ་བར། ལོ་རྒྱུས་རྣམ་ཐར་ཁུངས་ཐུབ་ཁག་དཔང་བཞག་གིས་གསལ་བཤད་ཐུང་ཙམ་དྲང་པོའི་ལམ་ནས་བྱེད་རྒྱུ་ཡིན། འོན་ཀྱང་ཚང་མས་ཐོག་མར་མཁྱེན་དགོས་པ་ཞིག་ནི་ཁོང་གསུམ་ཆ་ལ་ནོར་འཁྲུལ་ཡོད་པ་མ་གཏོགས་དཀར་རྐྱང་ནག་རྐྱང་ཞིག་མཐའ་འདེད་བྱེད་རྒྱུ་དཀའ་མོ་རེད་སྙམ།
༡༽ གང་ལྟར་སྡེ་སྲིད་ཀྱིས་གདན་ས་ཁག་ལ་ཆོས་གཞིས་བདག་རྐྱེན་མང་པོ་སྦྱར་རུང་། དོན་གྱིས་དགེ་ལུགས་དགོན་པ་ཁག་རྙིང་ཆོས་སུ་བསྒྱུར་གྲབས་དང་ཉམས་ཆག་ཆེན་པོ་བྱུང་བ།
༢༽ སྡེ་སྲིད་ཀྱིས་རྙིང་ཆོས་ལ་ཕྱོགས་འཛིན་ཕྱིར་སྡེ་བ་དྲུག་བརྒྱབས་པ་འཇའ་ལུས་སུ་འཐིམས་ཚུལ་བསྒྲགས་ཏེ། དེ་ལ་གསལ་བཤད་བྱུང་ན་གཞུང་སར་ཕོག་ཐུག་གི་ཉེན་བཟོས་པ།
༣༽ སྡེ་སྲིད་ཀྱིས་འཇམ་བཞད་ལ་ཆོས་མཆོག་གི་ཡིག་ཆའི་ཕྱོགས་བཟུང་སྟེ་མཁས་གྲུབ་དགག་དགོས་ཀྱི་བསྐུལ་མ་བྱས་པ། འཇམ་བཞད་ཀྱིས་དང་ལེན་མ་བྱས་སྟབས་ཕན་ཚུན་བར་འགལ་བ་ཤོར།
༤༽ ལྷག་པར་ཆེ་མཆོག་འདུས་རྩལ་གྱི་རྣམ་ཐར་འཕྲོ་མཐུད་ནང་དུ། སྡེ་སྲིད་སྐུ་དབང་བཙན་པ་དང་བདག་མོ་ཚོའི་ཁ་རྗེས་སུ་འབྲངས་དྲག་པ། དེ་དུས་ལྷ་ས་དང་ཕྱོགས་ཡོང་གི་སྐྱེས་དམན་ཁ་སྟབས་དྲག་ཚད་སྡེ་སྲིད་རང་ནས་མ་བཞེས་པ་གཅིག་ཀྱང་མེད། ཕར་ཕེབས་ཚུར་ཕེབས་དུས་ལམ་འགག་ལ་མི་ཚོ་ཡང་མངོན་ཚན་ཆེན་པོར་བལྟས་མི་ཆོག་པའི་ཚ་ཉམས་དང་། བླ་ཁག་རྫོང་གཞིས།ཕྱི་ནང་གི་ལས་ཚན་གང་ལའང་བདག་མོ་གཉིས་ཀྱི་ཞུ་དབང་བཙན་པ་བཅས། དེ་ཚོའི་གནས་ཚུལ་གཏེར་སྟོན་རིན་པོ་ཆེས་གསན་ནས་ཤིན་ཏུ་ཐུགས་ཁྲེལ་བའི་རྣམ་པ་དང་། ཐུགས་ཞེན་བཞེངས་ནས། ད་མི་བྱེད་དགུ་བྱེད་དེ་ཁ་གྱིས།མགྱོགས་པོ་རང་བླ་མ་དེའི་རྐང་འདྲེན་ཡོང་ཞེས་ཐུགས་འཕར་འཕར་གནང་། ཞུ་ཡིག་ཚ་པོ་རྐྱང་པ་འབུལ་གནང་མཛད་ནས་སྡེ་སྲིད་རང་ཡང་གཏེར་སྟོན་རིན་པོ་ཆེར་ཐུགས་དད་ཆུང་དུ་སོང་། རྒྱལ་པོས་སྟོད་ལུང་སྣང་རྩེར་སྡེ་སྲིད་ཀྱི་མགུལ་བཅད་པ་གསན་དུས་སྤྱན་ཆབ་དང་སྦྲགས། ད་ཞུས་པ་ལ་རྐང་ནས་གསན་མ་བྱུང་ཞེས་ཐུགས་དབྱུང་བའི་གསུང་གཅོང་ཆེན་པོ་གནང་འདུག་ཅེས་འཁོད་ཡོད་རེད།
༥༽ ཕྱོགས་མཚུངས་སྡེ་སྲིད་ཀྱིས་དགེ་ལུགས་བླ་ཆེན་སུ་ལའང་མ་དྲིས་པར་༧རྒྱལ་བའི་ཡང་སྲིད་ཐག་གཅོད་གནང་བ། རྙིང་མའི་སྨྱོས་རིགས་གཏེར་སྟོན་གྱི་གདུང་བརྒྱུད་ཡིན་པ་སོགས་ལ་དགེ་ལུགས་པས་འཇིགས་སྣང་བྱས་འདུག།
༦༽ རྒྱལ་དབང་དྲུག་པས་བསླབ་སྡོམ་པཎ་ཆེན་ལ་ཕུལ་སྐབས།འཇམ་བཞད་ཀྱིས་གསོལ་བ་ཕུར་ཚུགས་སུ་བཏབ་པར་གསན་འཇོག་གནང་མེད།
༧༽ སྡེ་སྲིད་ཀྱིས་༧རྒྱལ་དབང་དྲུག་པར་ལོག་མཐོང་བྱེད་མཁན་མང་བས་འཇམ་བཞད་ནས་མི་མང་ལ་བསླབ་བྱ་གནང་དགོས་ཀྱི་བཀའ་ཕེབས་པར།འཇམ་བཞད་ཀྱིས་དང་ལེན་བྱས་ཏེ་༧རྒྱལ་དབང་ཉིད་སྤྱན་རིས་གཟིགས་ཀྱི་སྤྲུལ་པ་དངོས་ཡིན་པ་སོགས་མང་ཚོགས་ལ་བསླབ་བྱ་གནང་འདུག
༨༽ སྡེ་སྲིད་ཀྱིས་༧རྒྱལ་བའི་ཡང་སྲིད་བཙལ་གཅོད་བྱུང་བ་རྒྱ་ནག་གོང་མ་ཁཱང་ཞི་ལ་སྙན་གསན་ཞིབ་ཕྲ་ཕུལ་བ་ལས། བོད་ཕྱོགས་དང་དགེ་ལུགས་པའི་སྦྱིན་བདག་སོག་རྒྱལ་ཚོར་གསང་རྒྱ་བྱས་རེད།
༩༽ སོག་རྒྱལ་གུ་ཤིར་གྱི་གདུང་བརྒྱུད་ནང་མ་འཆམ་པ་དང་ཇིང་གར་ཚེ་དབང་རབ་བརྟན་གྱིས་སྡེ་སྲིད་དང་༧རྒྱལ་དབང་དྲུག་པར་ལོག་མཐོང་བྱུང་བ་བཅས་ནི། ༧རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་སློབ་གཉེར་སྒྱིད་ལུག་དང་སྐུ་མདུན་པར་མི་གསན་པའི་རྐྱེན་རྩར་གྱུར།
༡༠༽ སྡེ་སྲིད་དང་༧རྒྱལ་དབང་ཚངས་དབྱངས་བར་གྱི་འགལ་བ་གཙོ་བོ་བྱུང་རྐྱེན་ནི།(སྲིད་དོན་རྒྱལ་རབས་སྟོད་ཆ་ཤོག་༤༨༠ནང་ཡོད)༧གོང་ས་དྲུང་འཁོར་མཐར་རྒྱས་ནས་ཀྱིས་བསླད་པ་ཡིན་པས། ཁོ་མེད་པར་བཟོས་ན་སླེབས་ཆེ་ཟེར་ནས། སྡེ་སྲིད་དང་མདའ་དཔོན་དགའ་ཆགས་པ། དར་བྱུང་ནས། དྲུང་ཡིག་བསྟན་འཛིན་དབང་པོ། ཨ་ཕོ་ལྔ་འཛོམས་སོགས་གྲོས་མཛད་དེ་མཐར་རྒྱས་ནས་གསོད་རྩིས་བྱས་ཀྱང་། གསོད་མ་ཐུབ་པར་རྨས། དེའི་རྐྱེན་གྱིས་ལྐོག་ཇུས་དེ་ཁོང་ཚོས་སྤེལ་བ། ལ་མོ་ཚངས་པས་བརྡ་བསྟན་པར་བརྟེན། ཨ་ཕོ་ལྔ་འཛོམས་ཟངས་རྟ་མེ་འབར་ལ་བསྐྱོན། གཞན་རྣམས་སྲོག་ཐོག་བཏང་བ་རེད།
༡༡༽ དེ་ཕྱིར་སྡེ་སྲིད་ནས་སེམས་བཟང་གི་ཕྱག་ལས་གནང་བ་ཚང་མ་སྐྱོན་དུ་སོང་སྟེ། ༧རྒྱལ་དབང་མཆོག་སྡེ་སྲིད་ལ་མི་མཉེས་པའི་མཛད་པ་དེ་ལ་ལྷ་བཟང་གིས་སྐབས་བཙལ་ཏེ། ཤིང་སྦྲེ་༡༧༠༤ ལོར་ནས་བཟུང་རྟག་ཏུ་མཆོད་ཡོན་གཉིས་མི་འགྲིག་པའི་རྙོག་གཞི་ཆེན་པོ་ཡང་ཡང་ཡོང་བཞིན་པའི་ཁར། ལྷག་པར་རྒྱལ་པོར་འགྱུར་དུག་གི་གླེང་སོགས་ལ་བརྟེན་ནས་ཐུགས་ཁ་མི་ལེགས་པ་ཇེ་ཆེར་སོང་།
༡༢༽ ལྷ་བཟང་གིས་དམག་འདྲེན་དོན་ནི་སྡེ་སྲིད་ཀྱིས་ལྷ་བཟང་རྒྱལ་པོ་འཛིན་གྲོས་ཀྱི་གཏམ། ༧ཀུན་མཁྱེན་གྱིས་ཕྱི་ལ་གྱར་དོགས་པ་དང་། ཡང་ན་༧རྒྱལ་བའི་ཞབས་གྲས་མཐར་རྒྱས་ནས་ཀྱིས་༧རྒྱལ་བའི་བཀའ་ཡིག་རྫུན་མ་བཟོས་ཏེ་ལྷ་བཟང་ལ་སྡེ་སྲིད་གསོད་དགོས་ཀྱི་བཀའ་བབས་པ།
༡༣༽ སྡེ་སྲིད་ཀྱི་སྲོག་སྐྱོབས་པར།འགའ་རེས་ཁྲི་ཟམ་བརྒྱུད་སྣང་རྩེར་ཐོན་ན་ལེགས་ཚུལ་དང་། སྒོ་མང་མཁན་པོ་འཇམ་བཞད་ཀྱིས་དམག་མི་འཁྲིད་འགྲོ་མིའི་རྗེས་དེད་ནས་ཕྱིན་ན་ལེགས་ཚུལ་གསུངས་རྐྱེན།སྐྱོར་མོ་ལུང་བརྒྱུད་ཕྱིན་པ་གདན་འདྲེན་ཞུས་ཚར་བས། ལ་བ་འཕྲེང་གི་འགྲམ་ནས་དབྱར་དུས་ཀྱི་ཆུ་ཆེན་ལའང་ཐེ་ཚོམ་མེད་པར་བརྒལ་ཏེ། སྣང་རྩེར་སོག་པོའི་དམག་སྒར་དུ་རྒྱལ་མོ་ཚེ་རིང་བཀྲ་ཤིས་སར་ཕེབས་ཏེ། སྡེ་སྲིད་གང་ན་ཡོད་གསུངས་པར།མེད་ཟེར་བ་ལ། ཁྱོད་ཚོ་འདི་འདྲ་མ་ཟེར། ང་ཚོ་དེ་རིང་ཅིས་ཀྱང་མཇལ་འཕྲད་དགོས་ཡོད་གསུངས་པས། བཀྲོངས་ནས་མེད་ཟེར། སྒོ་མང་མཁན་པོ་ཐུགས་འཚིགས་ནས་ཁྱོད་ཚོ་ལས་མ་རབས་པ་མི་འདུག། སྡེ་སྲིད་བཀྲོངས་རྒྱུ་ཡིན་ན་ང་ལ་ཐོས་བཅུག་ན་ཅི་སྐྱོན་གསུངས།
༡༤༽ ལྷ་བཟང་གིས་༧རྒྱལ་དབང་དྲུག་པ་རྒྱལ་བའི་ཡང་སྲིད་མིན་པར་སྒྲུབ་བྱེད་དུ་ལྷ་བླའི་བཀའ་ལུང་སོགས་བཙལ་ཐབས་མང་པོ་བྱས་ཀྱང་འཇམ་བཞད་ཀྱི་རྒྱབ་སྐྱོར་མ་གཏོགས་རག་མེད།
༡༥༽ རྒྱལ་དབང་རྒྱ་སོག་གི་ཡུལ་དུ་སྤྱུགས་སྐབས་ལྷ་བཟང་གིས་འབྲས་སྤུངས་དགོན་པར་དྲག་གནོན་དམར་གསོད་ཚབ་ཆེན་བྱས་པ་དང་། སྡེ་སྲིད་ཀྱི་སྲས་གསོས་བདག་མོ་སོགས་གང་བྱས་ལྷ་བཟང་གཡོ་སྒྱུ་ཆེ་བས་ཤུལ་ལུས་མེད་པར་བྱས་པ།
༡༦༽ བསྡོམས་ཚིག་འདི་དག་ནི་(རྣམ་ཐར་བསྐལ་བཟང་འཇུག་ངོགས་)དང་། (རྣམ་ཐར་བཙན་པོ་མ) (ཆེ་མཆོག་འདུས་པ་རྩལ་གྱི་འབྱུང་བ་བརྗོད་པ་གདུང་བའི་ཡིད་ཀྱི་མུན་སེལ) (རབ་གསལ་གསེར་གྱི་སྙེ་མ) (པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་རྣམ་པར་འོད་དཀར་ཅན་གྱི་ཕྲེང་བ) (གཏམ་སྙན་ལྷའི་ཏམྤུ་རའི་རྒྱུད་ཀྱི་སྒྲ་དབྱངས) (དཔག་བསམ་རིན་པོ་ཆེའི་སྙེ་མ) (མི་དབང་ཕོ་ལྷའི་རྟོགས་བརྗོད)སོགས་ལས་ཇི་བཞིན་དྲངས་པ་མ་གཏོགས། རང་བཟོའི་བཅོས་སླད་ཀྱི་ཚིག་གཅིག་ཀྱང་བཅུག་མེད།
འོན་ཀྱང་། གོང་གི་གནས་ཚུལ་ཁག་ལ་བསམ་བློ་བཏང་ན། སྡེ་སྲིད་རིན་པོ་ཆེ་དབང་ཆས་ར་བཟི་བ་དང་། ལྷ་བཟང་ལ་བོད་ཀྱི་རྒྱལ་པོ་བྱེད་རྒྱུའི་ཧམ་སེམས་ཆེན་པོ་ཡོད་པ། ༧རྒྱལ་དབང་ཚངས་དབྱངས་པས་སོར་སྐྱེས་ཕལ་བའི་བློ་ངོར་མི་ཆུད་པའི་མཛད་པ་སྣ་ཚོགས་བསྐྱངས་པ་དང་། འཇམ་བཞད་རིན་པོ་ཆེར་དགེ་ལུགས་པའི་ཐུགས་ཞེན་ཆེན་པོ་ཡོད་པ་སོགས་ཀྱིས་ནང་དམེ་འདི་བྱུང་བ་མ་གཏོགས། དགེ་ལུགས་དང་རྙིང་མ་སོགས་ཆོས་བརྒྱུད་དང་མི་མང་སྤྱི་བར་གྱི་ནང་དམེ་གང་ཡང་མ་རེད་བསམ།
འདི་ཡག་པོ་བྲིས་འདུག་གནས་ཚུལ་གྱི་ཁུངས་མང་པོར་བཅོལ་ནས་བྲིས་པས། ཐོས་རྒྱ་ཕེལ་བར་གྲོགས་བྱས། འདིའི་སྐོར་ལ་ཞིབ་ཕྲ་གཅིག་སླེ་ལུང་བཞད་པའི་རྡོ་རྗེའི་རྣམ་ཐར་ནང་ལ་ཡང་གསལ་སྙམ།
ཁྲི་རལ་བ་ཅན་དང་བདེན་འཚོལ་གཉིས་གཟུགས་མེད་མི་མ་ཡིན་གྱི་ཚུལ་ལ་ཞུགས་ཡོད་པ་མ་གཏོགས། དུས་ལོག་དེའི་སྐོར་གྱི་ཡིག་ཆ་མང་བོ་བཀླགས་འདུག གང་ལྟར་ལྷ་བཟང་ཧན་ནི་སྐབས་དེའི་བོད་ཀྱི་རྒྱལ་བོ་རེད་ལ། ཀུཤྲིར་ཧན་ནས་བརྩིས་པའི་རྒྱལ་ཐོགས་བཞི་བ་རེད། ཡིན་ནའང་། རྒྱལ་དབང་ལྔ་བས་སྡེ་སྲིད་ལ་དབང་ཆ་མང་ཙམ་ཡོད་པའམ། སྐུ་ཚབ་ལྟ་བུར་བཟོ་ཆེད་བོད་སོག་དཔོན་རིགས་འདུས་སྡོད་སར་དབང་ཆ་ཆེན་པོ་སྤྲད་ཡོད་པས། སྡེ་སྲིད་ཀྱིས་དབང་ཆ་ཁེར་གཅོད་བྱས་ནས་རྒྱལ་བོ་མིང་ཙམ་དུ་གཏོང་འདུན་འཆིང་བ་འགལ་བ་ཀུན་ཀྱི་གཞི་མ་ཡིན་ངེས་རེད་ལ། དེ་མིན་རྙིང་མ་སོགས་གླེང་བ་ནི་དེང་སང་ཡང་རྒྱལ་བའི་སྐུ་དབང་འཕྲོག་རྩིས་རེད་ཟེར་བ་ལྟ་བུའི་མང་ཚོགས་བསྐུལ་སློང་བྱེད་ཐབས་ཡིན་ངེས།
འཛམ་གླིང་གི་ངོས་ནས་བལྟས་ན། སྐབས་དེར་མི་རུགས་གཉིས་ལྷན་བསྡེབས་ཀྱི་སྲིད་དབང་འཛིན་བཞིན་པ་ནི་ཧ་ལམ་དགའ་ལྡན་ཕོ་བྲང་གི་གཞུང་དེ་ཡིན་པ་འདྲ། དེ་བས། ལྟོས་ས་ལྟོས་འཇོག་གིས༼སྤྱི་མཐུན་རྒྱལ་ཁབ༽ཟེར་བའི་ཐོག་མའི་རགས་དབྱིབས་ཐོན་ཡོད། དོན་རྐྱེན་དེར་བརྟེན་ནས་དེ་དག་ཆ་ཚང་འཇའ་ཡལ་བ་ལྟར་གྱུར་ཡོད་པར་མ་ཟད། མཎ་ཇུ་གཞུང་ལ་རྒྱབ་བརྟེན་འཚོལ་བའི་ཁ་དར་བ་དང་ལོ་རྒྱུས་ལ་རང་བཞིན་གྱིས་ཆག་གྲིམ་བཏོད་ཡོད་པས། བྱུང་ན་དགའ་ལྡན་ཕོ་བྲང་གི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་བསྐྱར་ཞིབ་གནང་ནས་དགེ་སྐྱོན་བརྙེད་ཐུབ་དགོས་ཀྱི་འདུག དེ་མིན་དོན་རྐྱེན་བྱེ་བྲག་པའང་གལ་ཆེ་མོད། སྤྱི་ཁོག་ཅིག་གྲུབ་བྱེད་ཀྱི་ཡན་ལག་ཡིན་པས། སྤྱི་བསྡོམས་དང་ལྡོག་དཔྱོད་ནི་ཉམས་མྱོང་བླངས་ནས་མདུན་བསྐྱོད་ཀྱི་རྩ་བ་ཡིན་ངེས་རེད།
ད་གང་ལྟར་དེ་ཚོ་རྙོག་བྲ་རྙིང་པ་འདས་ཚར་པ་དེ་འདྲ་ནི་རེད།
འདིའི་སྐོར་དེ་རྙོགས་དྲ་ཆེན་པོ་རེད། ལྷ་བཟང་ཁན་དང་འཇམ་དབྱངས་བཞད་པ་གཉིས་འབྲེལ་བ་ཟབ་མོ་དེ་ཙམ་མེད་པ་འདྲ། འཇམ་དབྱངས་བཞད་པ་དང་སྡེ་སྲིད་སངས་རྒྱ་མཚོ་གཉིས་ཀྱང་འགལ་བ་དེ་ཙམ་ཆེན་པོ་མ་ཡིན་པ་འདྲ།
ལྷ་བཟང་ཧན་དང་འཇམ་བཞད་གཉིས་དེ་ཙམ་འབྲེལ་བ་ཆེན་པོ་ཡིན་ན་རྗེས་མ་ལྷ་བཟང་གསོད་མཁན་ཇུན་གར་བས་འཇམ་བཞད་ལ་དཀའ་ངལ་སྤྲད་དགོས་མོད་ཞབས་ཕྱི་ཞུས་པ་མ་གཏོགས་དཀའ་ངལ་གང་ཡང་སྤྲད་མི་འདུག པད་དཀར་འཛིན་པ་ཡེ་ཤེས་རྒྱ་མཚོ་ལྷ་བཟང་ཁང་གི་བུ་ཡིན་པར་བཤད་པའི་ཁུངས་གང་ན་ཡོད་སྟོན་རོགས།
སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་དབྱངས་བཞད་པ་གཉིས་དེ་ཙམ་འགལ་བ་ཆེན་པོ་ཡིན་ན་འཇམ་དབྱངས་བཞད་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྙིང་དེ་བཀྲ་ཤིས་འཁྱིལ་གྱི་རྟེན་གཙོའི་གྲས་སུ་འཇོག་དོན་མི་འདུག
སྡེ་སྲིད་སངས་རྒྱམ་པ་རྙིང་མ་ལ་ཞེན་ཚུལ་བཤད་པ་དེ་ནི་ཕྱི་ཚུལ་ཙམ་ལས་དོན་དུ་དེ་ཙམ་མི་བདེན། ཁྲིམས་ཡིག་དྭངས་ཤེལ་མེ་ལོང་གི་ནང་དུ་དགེ་ལུགས་ཁོ་ན་མ་གཏོགས་སོག་ཡུལ་དུ་སྤེལ་མི་ཆོག་ཚུལ་བྲིས་ཡོད། དགེ་ལུགས་མ་ཡིན་པའི་བླ་གྲྭ་དེ་འདྲ་སོག་ཡུལ་དུ་འབུལ་སྡུད་དང་ཆོས་སྤེལ་བར་ཡོང་ན་འཕྲོག་རྡུང་གང་ཐུབ་བྱེད་དགོས་ཞེས་བྲིས་ཡོད།
བོད་ཀྱི་བླ་གྲྭ་འདི་ཚོ་གླགས་ག་ལ་ཁེལ། ཕུར་ལྕོགས་ངག་དབང་བྱམས་པའི་རྣམ་ཐར་ན། སྐབས་དེར་སྡེ་སྲིད་ཕམ་ཉེས་སུ་གྱུར་རྗེས་སུ་སྡེ་སྲིད་ཚང་གི་གཞིས་ཀའི་སྟེང་དུ་སེ་རའི་གྲྭ་དམག་བླུགས་ནས་འཕྲོག་བཅོམས་ཀྱིས་ཤུལ་མེད་བྱས་ཚུལ་གསལ་འདུག
ཡིག་ཆ་ཚོ་ཞིབ་པར་བཀླགས་ན། སྡེ་སྲིད་བཀྲོངས་པ་དེ་འཇམ་བཞད་ལ་འགྱོད་པ་སྐྱེས་ཡོད་པ་འདྲ། སེམས་འཁྲུག་ནས་དེའི་ཉིན་གྱི་ཞལ་འདོན་ཡང་ཆག་སོང་ཚུལ་འདུག སླེ་ལུང་རྗེ་དྲུང་གི་རྣམ་ཐར་ནང་ན་ལྷ་བཟང་ཁང་གིས་ཚངས་དབྱངས་རྒྱ་མཚོ་བསད་པ་དེ་རྗེས་སུ་ཁོ་རང་འགྱོད་པ་སྐྱེས་ཚུལ་འདུག
མདོར་ན་བོད་སོག་གི་དཔོན་རིགས་འཇོན་ཐང་ཅན། ཆོས་དམ་ཚིག་གི་འབྲེལ་བ་ཟབ་མོ་ཅན། མདོ་སྔགས་རིགས་གནས་དང་བཅས་པ་ལ་མཁྱེན་དཔྱོད་གཞན་དྲིངས་མི་འཇོག་པ་དེ་ཚོ་འདི་ལྟར་མ་མཐུན་པ་དེ་ནི་གངས་ཅན་བོད་ཀྱི་གོད་ཆག་ཚབ་ཆེན་ཞིག་རེད།
སྐབས་དེར་ཚངས་དབྱངས་རྒྱ་མཚོ་རྙིང་མའི་ཤུགས་ཆེ་བས་ལྷ་བཟང་ཁང་གིས་མེད་པར་བཟོས་པ་སོགས་ནི་གཏན་ནས་མ་རེད། ཚངས་དབྱངས་རྒྱ་མཚོ་སྲུང་སྐྱོབ་བྱེད་མཁན་ཤུགས་ཆེ་ཤོས་དགེ་ལུགས་པའི་ནང་ན་ཡོད་ཅིང་། ལྷག་པར་ཡང་ཀུན་མཁྱེན་འཇམ་བཞད་སོགས་ཀྱིས་སྣེ་ཁྲིད་པའི་འབྲས་སྤུངས་ཀྱི་བོད་རིགས་གྲྭ་བ་ཚོ་ཡིན་པས་ལྷ་བཟང་ཁང་གི་ལག་ནས་འཕྲོག་པ་རེད། སེ་ར་དེ་ལྷ་བཟང་ཁང་གི་ཕྱོགས་སུ་འདུག སྡེ་སྲིད་ཕམ་རྗེས་སུ་སེ་རའི་གྲྭ་དམག་གིས་སྡེ་སྲིད་ཀྱི་གཞིས་ཀར་འཕྲོག་བཅོམ་ཤུལ་མེད་བྱས་འདུག
སྡེ་སྲིད་སངས་རྒྱམ་གྱིས་རང་གི་ཕ་རྒན་སུ་ཡིན་པ་ཡང་ཤི་ཁར་མ་གཏོགས་མ་ཤེས་པ་རེད་ཟེར། ཤི་ཁར་ཕ་རྒན་དེ་སུ་ཡིན་པ་ཤེས་ནས་དྲན་མེད་དུ་བརྒྱལ་ནས་དབུགས་མ་ཡོང་བ་རེད་ཟེར་བའི་ཡིག་ཆ་གང་དུ་ཡོད་པ་ཤེས་འདོད་ཡོད་པས། སྐྱབས་སུ་མཆི། ཉོག་གྲ་རེད་ཡ་་་་་་་་་་་་་་་་་་་
སྡེ་སྲིད་སང་རྒྱམ་དང་འཇམ་བཞད་གཉིས་འགལ་བ་ཡོད་པ་གསལ་པོ་རེད། དེ་ཡང་སྡེ་སྲིད་ལྷག་བཟང་ཧན་གྱི་དམག་ལས་ཕམ་ནས་ཡར་གཙང་ཕྱོགས་ལ་བྲོས་ནས་ལྷ་བཟང་གི་བཙུན་མོ་བཀྲ་ཤིས་ཚེ་རིང་ཞེས་པ་དེ་མགོ་སྒུར་ཡོད་པ་ཐོས་རྗེས། གོང་ས་སྐུ་ཕྲེང་དྲུག་པས་འཇམ་བཞད་ཀྱིས་གཙོས་པའི་གདན་སའི་བླ་ཆེན་ཁ་ཤས་ཞུ་ངོ་བྱེད་པར་བཏང་ཀྱང་། ཁོང་ཚོས་ཐད་ཀར་གཙང་པོ་གྲུས་བརྒལ་ནས་འགྲོ་སའི་འགྱོག་ལམ་ཞིག་ཡོད་པ་དེ་ནས་མ་སོང་བར། ཟམ་པ་སྐོར་ནས་ཀ་ཀོར་མང་པོ་བྱས་རྐྱེན་ཁོང་ཚོ་འབྱོར་བ་དང་སྡེ་སྲིད་བཀྲོངས་ཟིན་ནས་སྐུ་ཕུང་གི་དྲོད་ཀྱང་ཡལ་མེད་པའི་བཤད་སྲོལ་འདུག གཞན་ཡང་གོང་ས་སྐུ་ཕྲེང་དྲུག་པ་དང་སྡེ་སྲིད་གཉིས་ཧ་ཅང་ཐུགས་སྣང་མཐུན་པོ་ཡོད་པས། འཇམ་བཞད་ཀྱིས་འཇིག་བྱེད་ཆོས་འབྱུང་ནང་ལ་གོང་ས་སྐུ་ཕྲེང་རིམ་བྱོན་གྱི་མཚན་སྨོས་སྐབས་སྐུ་ཕྲེང་ལྔ་པའི་རྗེས་ལ། སྐུ་ཕྲེང་དྲུག་པ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་སྐུ་འཚོ་ཞིང་བཞུགས་པ་འདི་འོ་ཞེས་ཚང་དབྱངས་རྒྱ་མཚོ་གོང་ས་སྐུ་ཕྲེང་དྲུག་པ་ཡིན་པར་ངོས་ལེན་གནང་མེད་པ་རེད། འདི་ལྟར་ལྟས་ན་ཚང་དབྱངས་རྒྱ་མཚོ་གསེར་ཁྲི་ལས་ཕབ་མཁན་དངོས་ནི་སོག་པོའི་དམག་ཡིན་ཡང་། འདིས་རྒྱབ་ལ་འཇམ་བཞད་སོགས་བླ་རྒན་ཁག་ཅིག་ཡོད་པ་གསལ་པོ་རེད།
ཨོ་ད། ལུང་རྟོགས་ཀྱིས་གསུངས་པ་དེ་ཡང་བདེན་པ་རེད། འདིའི་སྐོར་དེ་མགོ་རྙོགས་ཆེན་པོ་འདུག འཇམ་བཞད་ཀྱི་གསང་རྣམ་ཡིན་ནམ་ཞིག་གི་ནང་ལ། སྡེ་སྲིད་ཀྱིས་སེ་འབྲས་ཀྱི་བླ་མ་གནད་ཡོད་རྣམས་བོས་ནས་ནང་གྲོས་བྱས་དུས་རྒྱལ་པོ་ལྷ་བཟང་མེད་པར་བཟོས་ན་ག་འདྲ་འདུག་ཟེར་ནས་དྲིས།་སྐབས་དེར། འཇམ་བཞད་ཀྱིས། སུས་སུ་མེད་པ་པ་བཟོ་ལྟ་ཡོང་། ཞེས་བཤད་པ་རེད་ཟེར། དེ་ལས་བརྟག་ན་སྡེ་སྲིད་གསད་རྒྱུའི་བཀོད་སྒྲིག་དེ་འཇམ་བཞད་ཀྱིས་སྐབས་དེ་དུས་ནས་གོ་བསྡད་ཡོད་ས་རེད་ཟེར་མཁན་ཡང་འདུག ངས་ཡིག་ཆ་དེ་མ་མཐོང་བས་གསལ་པོ་རང་ཞུ་ཤེས་མ་སོང་།
དཔྱད་རྩོམ་དང་དཔྱད་མཆན་ཚང་མ་ལ་ཡི་རངས་ཞུ་རྒྱུ་ལས་མ་འདས།
སྤོབས་པ་མཐའ་ཡས་ཀྱིས་སྐད་ཆ་འདི་འདྲ་ཞིག་བཤད་འདུག་པའི་ཁུངས་གཏུག་སའི་ཡིག་ཆ་འདྲ་ཡོད་དམ། “འཇམ་དབྱངས་བཞད་པས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྙིང་དེ་བཀྲ་ཤིས་འཁྱིལ་གྱི་རྟེན་གཙོའི་གྲས་སུ་འཇོག་དོན་མི་འདུག” འཇམ་བཞད་ཀྱིས་སྡེ་སྲིད་ཀྱི་སྙིང་དབུས་ནས་ཨ་མདོར་འཁྱེར་ཡོང་བའི་ཡིག་ཆ་འདྲ་ཡོད་ན་ཐུགས་རྗེ་གཟིགས་པར་འཚལ་ལོ་ལགས།
སྤོབས་པ་མཐའ་ཡས་ལགས་ནས་ཁུངས་ལུང་ལྡན་པའི་བཀའ་མོལ་གནང་རེ་ཡོད།སྡེ་སྲིད་ཀྱིས་གདན་སའི་མཁན་བླ་སོགས་གནད་ཡོད་ཚང་མ་མཉམ་དུ་ལྷ་བཟང་བཟུང་ན་ཞེས་གྲོས་འགོ་བཏོན་པར།འཇམ་བཞད་ཀྱིས་(དེ་འདྲ་ཡིན་ན་ང་གྲོས་དེའི་ནང་ན་མེད།རྒྱལ་པོའི་ཉེ་འབྲེལ་ཚོ་མཚོ་ཁར་ཡོད་པས་ང་ཚོར་ཡག་པོ་བྱས་མི་ཡོང་)ཞེས་ལབ་པ་སྲིད་དོན་རྒྱལ་རབས་སུ་འཇམ་བཞད་རྣམ་ཐར་དང་སླེ་ལུང་གི་གསུང་སོགས་ལ་ཁུངས་གཏུགས་འདུག་མོད།
སུས་སུ་མེད་པ་བཟོ་ལྟ་ཡོང་སོགས་དེ་འདྲ་ཡིག་ཆ་གང་དུ་སྤེལ་འདུག་གསལ་བོར་སྟོན་རོགས་གནང་མ་གཏོགས།ཁུངས་མེད་ཀྱི་སྐད་ཆ་དེ་འདྲ་བཀྲམས་ན་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཐེབས་ངེས་རེད།
ལུང་རྟོགས་ཀྱིས་བཤད་པ་དེར་རྒྱུ་མཚན་དང་གནས་ལུགས་འདུག་སྙམ།
འདིའི་སྐོར་སྐོར་ཤེས་འདོད་ཡོད་ན་༼མི་དབང་ཕོ་ལྷའི་རྟོགས་བརྗོད༽དང་༼རྣམ་ཐར་བཙན་པོ་མ༽་ཞིབ་ཀློགས་བྱོས་དང་ཤེས་ཡོང་། མང་པོ་བཤད་ན་མང་པོར་ཕོག་ཡོང་། དེང་ལོ་རྒྱུས་སྨྲར་བ་དང་སྙུག་ཐོག་པར་རློམ་མཁན་ཚོས་ཀྱང་གནས་ལུགས་ལ་མི་ལྟོས་པར་ཕྱོགས་བཤད་ཁོ་ན་བྱེད་ཀྱིན་པ་འདིས་མ་འོངས་སུ་ང་ཚོ་ག་འདྲ་ཞིག་ཏུ་འགྱུར་རྒྱུ་བློས་དཔགས་ཐུབ།
ཁྲི་རལ་པ་ཅན་གྱི་རྩོམ་དེ་འཇམ་བཞད་དཀར་དེད་ལ་དམིགས་པ་མིན་པའི་རེ་བ་ཡོད།
ལུང་རྟོགས་ལགས་དང་སྤོབས་པ་སོགས་ཀྱིས་གནས་ཚུལ་ཞིབ་ཕྲ་གཟིགས་མིན་འདུག ལྔ་པ་དྲུག་པར་འཕོས་པའི་དེབ་འདི་དང་། སླེ་ལུང་བཞད་པའི་རྡོ་རྗེའི་ལོ་རྒྱུས་སོགས་ལ་གཟིགས་དང་། རྒྱལ་བ་དྲུག་པ་དང་སྡེ་སྲིད་གཉིས་མེ་སྤུ་ལྟ་བུ་རེད། དེ་བཞིན་དུང་དཀར་རིན་པོ་ཆེ་དང་། ཕལ་ཆེར་བསམ་གཏན་དཀར་རྨེ་སོགས་ཀྱིས་ཀྱང་དེའི་སྐོར་ལ་བྲིས་འདུག་དྲན་མོད།
གཙོ་བོ་ནི་རྒྱལ་བ་དྲུག་པ་ལོ་བཅུ་ལྷག་ལྐོག་ཏུ་མོན་ལ་བཟང་བཙོན་ལྟ་བུས་ལྔ་པའི་ངོས་འཛིན་མ་མཛད་པས། ཚངས་དབྱངས་རྒྱ་མཚོ་དང་ཁོང་གི་ཕ་མ་ལ་སྡུག་བསྔལ་ཚད་ལས་བརྒལ་བ་མྱོང་དགོས་པ་འདིས་ཚངས་རྒྱམ་དང་སྡེ་སྲིད་མི་མཐུན་པའི་རྐྱེན་གཅིག་རེད་སྙམས།
དེ་བཞིན་སྡེ་སྲིད་ཀྱིས་སྲིད་དབང་སྤྲོད་དོད་མེད་པ་བཅས། གང་ལྟར་སྡེ་སྲིད་དང་ཚངས་དབྱངས་རྒྱ་མཚོ་ཁང་པ་གཅིག་གི་ནང་ལ་མཉམ་དུ་སྡོད་མི་ཐུབ་པ་ནི་ལྷ་ས་ཁུལ་གྱི་མི་མང་གི་ངག་རྒྱུན་ལ་ཡང་སྣང་། དཔེར་ན། “སྡེ་པ་གཞུང་གི་ཇུས་གཏོགས་སྡེ་སྲིད་མགོ་ལེབ་པས་བྱེད། ཁྱོད་མལ་ཁྲིའི་འོག་གི་ཆང་དེ་མར་ཐོན་ཤོག་ལྟ་བུ།” གཏམ་རྒྱུད་དེ་སྔོན་མ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ལྷ་སའི་ཁུལ་ལ་ཆང་ཁང་ནང་ཕེབས་སྐབས། བར་སྐབས་ཆང་མ་རྣམས་གཞུང་ལ་སྐྲག་ནས། རྒྱལ་བ་ལ་མཆོད་ཆང་བཙོང་མ་ནུས་པས་ན། དེའི་ལན་དུ་རྒྱལ་བ་མཆོག་ནས། སྡེ་སྲིད་ལ་ཟུར་ཟའི་ཚུལ་དུ། སྡེ་པ་གཞུང་ལ་སྡེ་སྲིད་ཡོད་པས་ང་ལ་དགོས་པ་མེད་ལྟ་བུའི་གོ་རྒྱུ་རེད་ཅེས་གོ་མྱོང་།
སླེ་ལུང་གི་དེབ་ནང་ལ། ཚངས་དབྱངས་རྒྱ་མཚོ་མཛད་སྒོ་ཞིག་ལ་ཞུགས་ཡོད་ཚེ་སྡེ་སྲིད་ཕེབས་ནས་གྲལ་ལ་བཞུགས་མ་ཐག་ཚངས་རྒྱམ་རྟབ་རྟབ་པོར་བཞེངས་ནས་ཕྱི་ལ་ཐོན་ཚེ། སྡེ་སྲིད་དགུང་ན་མཐོ་བའི་རྐྱེན་གྱིས་མགྱོགས་པོ་བཞེངས་མ་ཐུབ་པས་དགོད་བྲོ་བའི་རྣམ་པ་འདི་འདྲ་ཀྱང་འཁོད་འདུག
གང་ལྟར་སྡེ་སྲིད་དང་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་དབར་གྱི་རྙོག་ཁྲ་དང་། དེའི་སྟེང་སོག་པོའི་ཇུས་གཏོགས། འཇམ་དབྱངས་བཞད་པའི་མགོ་བདེ་དྲན་འཁྲུལ་སོགས་ཚང་མ་འཛོམས་ནས་ད་ལྟ་ང་ཚོ་ཁ་སྟབས་འདི་འདྲ་གྱུར་བ་རེད།
སྡེ་སྲིད་དང་ལྷ་བཟང་བར་གནས་ཚུར་ག་འདྲ་ཞིག་བྱུང་ཡོད་ན་སྲིད་དོན་གྱི་གར་སྟིག་ཐོག་ཡོངས་སྲིད་པ་རེད། ཀུན་མཁྱེནའཇམ་བཞད་ཀྱི་སྲིད་ལ་ཕྱག་ལག་འཆང་བ་འདི་ཡང་བོད་ཀྱི་སྲོལ་རྒྱུན་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་ངན་པ་འདིས་ཤུགས་ཅན་ཐེབས་པ་རེད། ཆོས་སྲིད་ལམ་ལུགས་འདིས་བོད་ཕོངས་པ་རེད།
་་་་་ སྡེ་སྲིད་རིན་པོ་ཆེ་དབང་ཆས་ར་བཟི་བ་དང་། ལྷ་བཟང་ལ་བོད་ཀྱི་རྒྱལ་པོ་བྱེད་རྒྱུའི་ཧམ་སེམས་ཆེན་པོ་ཡོད་པ། ༧རྒྱལ་དབང་ཚངས་དབྱངས་པས་སོར་སྐྱེས་ཕལ་བའི་བློ་ངོར་མི་ཆུད་པའི་མཛད་པ་སྣ་ཚོགས་བསྐྱངས་པ་དང་། འཇམ་བཞད་རིན་པོ་ཆེར་དགེ་ལུགས་པའི་ཐུགས་ཞེན་ཆེན་པོ་ཡོད་པ་སོགས་ཀྱིས་ནང་དམེ་འདི་བྱུང་བ་མ་གཏོགས། དགེ་ལུགས་དང་རྙིང་མ་སོགས་ཆོས་བརྒྱུད་དང་མི་མང་སྤྱི་བར་གྱི་ནང་དམེ་གང་ཡང་མ་རེད་བསམ། ་་་་་་་
ཆེ་ཆུང་དང་དུས་ཡུལ་གྱི་ཁྱད་པར་ཙམ་མ་གཏོགས་དེང་སང་བོད་ཕྱི་ནང་ཀུན་ན་འདི་འདྲ་མང་།
ལྷག་པར་ཕྱོགས་ཞེན་བྱས་ནས་རང་དཀར་རྐྱང་དང་གཞན་དེ་ནག་རྐྱང་བྱེད་མཁན་ནི་མཁས་ཡིན་རློམ་མཁན་གྱི་ནང་ནས་བྱུང་འབྱུང་བཞིན་ཡོད།
བོད་ཀྱི་སྤྲུལ་སྐུའི་ངོ་འདྲ་གཉིས་རེ།
ཚངས་དབྱངས་རྒྱ་མཚོ་དང་། ཡེ་ཤེས་རྡོ་རྗེ།
ཨོ་རྒྱན་འཕྲིན་ལས་རྡོ་རྗེ་དང་། མཐའ་ཡས་རྡོ་རྗེ།
བསྟན་འཛིན་དགེ་འདུན་དང་། རྒྱལ་མཚན་ནོར་བུ།
་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་
མིང་ཡོད་རྡོ་རྗེ་དང་། མིང་མེད་རྡོ་རྗེ།
ཧ་ཧ། དང་། ཧོ་ཧོ།
རྒྱལ་དབང་དྲུག་པ་དང་སྡེ་སྲིད་གཉིས་མཐུན་པོ་མེད་པའི་སྐད་ཆ་འདི་བདེན་པ་གཏན་ནས་མ་རེད། འདི་ལ་རྒྱུ་མཚན་མང་པོ་ཡོད་པ་རེད། གཅིག་ནས་རྒྱལ་དབང་སྐུ་འཕྲེང་དྲུག་པ་ནི་རྙིང་མའི་གཏེར་གཏོན་པདྨ་གླིང་པ་ཞེས་པ་དེའི་གདུང་རིགས་ལས་འཁྲུངས་བ་ཞིག་རེད་ལ། སྡེ་སྲིད་སངས་རྒྱམ་ཡང་རྙིང་ཆོས་ཉམ་ལེན་བྱེད་མཁན་ཞིག་རེད་ལ། སྐུ་འཕྲེང་དྲུག་པ་ངོས་འཛིན་དང་གསེར་ཁྲི་མངའ་གསོལ་སོགས་ཀྱི་འགན་ཡོངས་རྫོགས་ཁོང་གིས་བཞེས་ཡོད་པ་རེད། གཉིས་ནས་རྒྱལ་དབང་དྲུག་པ་སྡེ་སྲིད་གཉིས་མེ་དང་སྤུ་ནང་བཞིན་ཡིན་ན། ལྷ་བཟང་གི་བཙུན་མོས་སྡེ་སྲིད་འཛིན་བཟུང་བྱས་རྗེས་གོང་ས་དྲུག་པས་འཇམ་བཞད་སོགས་ཞུ་ངོ་བྱེད་པར་གཏོང་མི་སྲིད་པ་རེད། གསུམ་ནས་རྒྱལ་དབང་དྲུག་པ་དང་སྡེ་སྲིད་གཉིས་མི་དང་སྤུ་བཞིན་དུ་མི་ཐུན་པ་ཆེན་པོ་ཡོད་ན། ལྷ་བཟང་དང་སྡེ་སྲིད་གཉིས་དགྲ་ཁ་བཏད་ཡིན་པས་ལྷ་བཟང་གིས་སྡེ་སྲིད་ཕམ་པར་རྒྱག་རྗེས་རྒྱལ་དབང་དྲུག་པ་གསེར་ཁྲི་ལས་ཕབས་ཏེ་སོག་ཡུལ་ལ་ཁྲིད་དོན་མེད་པ་རེད། དེས་ན་དོན་རྐྱེན་འདི་མདུན་ནས་ལྟས་ན་ལྷ་བཟང་དང་སྡེ་སྲིད་བར་གྱི་ཆབ་སྲིད་འཐབ་རྩོད་ལྟ་བུ་ཞིག་མངོན་འོང་ཡང་། འདིས་རྒྱབ་ལ་ཆོས་ལུགས་ཕྱོགས་རིས་ཀྱི་དྲི་མ་ངན་པ་དེས་ཁྱབ་ནས་ཡིད་པ་རེད། དེ་ཡང་གོང་ས་སྐུ་ཕྲེང་དྲུག་པ་གཅིག་ནས་རྙིང་མའི་གཏེར་རྒྱུད་ཡིན་པ་དང་། གཉིས་ནས་ཁོང་གི་མཛད་སྤྱོད་དེ་ཡང་རབ་བྱུང་གི་སྡོམ་པ་ཕུལ་ནས་སྔགས་པ་གནང་བ། གསུམ་ནས་སྡེ་པ་གཞུང་གི་གོ་གནས་མཐོ་ཤོས་འཛིན་མཁན་སྡེ་སྲིད་སངས་རྒྱམ་ཡང་རྙིང་ཆོས་བྱེད་མཁན་ཞིག་ཡིན་པ་སོགས་ལ་རྟེན་ནས། འཇམ་བཞད་སོགས་ཕྱོགས་ཞེན་ཅན་གྱི་གདན་སའི་བླ་རྒན་ཁག་ཅིག་གིས་ལྷ་བཟང་ལ་ངན་སྐུལ་བྱས་ནས་སྡེ་སྲིད་དམག་ལ་བཀྲོང་བ་དང་། རྒྱལ་དབང་དྲུག་པ་གསེར་ཁྲི་ལས་ཕབ་པ་སོགས་བྱ་ངན་འདི་དག་རྩམས་ཡོད་པ་རེད།
འདིས་དཔང་རྟགས་གསལ་ཤོས་ཤིག་ནི་ངས་གོང་དུ་བྲིས་ཡོད་པ་ལྟར་རྒྱལ་དབང་དྲུག་པས་འཇམ་བཞད་སོགས་ཞུ་ངོ་བྱེད་པར་བཏང་ཡང་ཀ་ཀོར་བྱས་ནས་འགྱོག་པ་མ་སོང་བ་དང་། འཇམ་བཞད་ཀྱི་འཇིག་བྱེད་ཆོས་འབྱུང་ནང་ཚང་དབྱངས་རྒྱ་མཚོ་གོང་ས་སྐུ་ཕྲེང་དྲུག་པར་ངོས་འཛིན་བྱས་མེད་པ་འདི་དག་རེད།
རྒྱལ་མཆོག་ལྔ་པས། སྙིང་ཆོས་ཀྱང་གནང་པར་དགེ་ལྡན་པ་འགས་མི་དགའ་བ་རྩོད་མེད་ཡིན་སྲིད། སྡེ་སྲིད་ཀྱིས་ལྔ་པའི་འདས་མཆོད་བཀག་རྒྱ་རིང་དྲགས་པ་། ལྔ་པའི་ཡང་སྲིད་དུ་དྲུག་པ་ཚངས་དབྱངརྒྱ་མཚོ་དགུང་ལོ་ཤིན་ཏུ་མཐོ་བོས་སླེབས་ཟིན་ནས། གསརེ་ཁྲི་མངའ་སྲོལ་བྱསཔ་སོགས་ཀ་ྱང་ནང་གི་མཐུ་ཤོར་སོང་བ་རྩོད་མེད་ཅིག་རེད་སྙམ་ཤིང་། ཡང་འཇམ་བཞད་དང་། རྒྱལ་པོ་ལྷ་བཟང་གི་བཙུན་མོ་སོགས་ཀྱི་སྐོར་གླེང་རིང་མི་འདུག
རྒྱལ་དབང་དྲུག་པའི་མགུལ་གླུ་འདི་ནི་འགྲོ་དོན་ཆེན་པོ་བྱུང་ཡོད་པ་རེད། འགའ་ཞིག་ལ་གསང་རྣམ་འདི་ཡང་ཕན་ཐོགས་ཅིག་བྱུང་བ་ངེས་པ་རེད།
༸རྒྱལ་མཆོག་དྲུག་པ་རྒྱལ་འགྱུར་ཅིག །
སྤོབས་པ་མཐའ་ཡས་ལགས་ཀྱིས་ཁོང་གི་སྐད་ཆ་དེ་ཚོར་ཁུངས་སྐྱེལ་གནང་མ་སོང་ད།
ཁྲི་རལ་བ་ཅན་གྱིས་དཔྱད་རྩོམ་འབྲི་སྟངས་སྦྱོང་དགོས་ཀྱིས་འདུག གཞན་ཨང་གྲངས་དེ་ཚོ་ག་རེ་རེད། བདེན་འཚོལ་ཟེར་མཁན་དེའི་བྲི་སྟངས་ལ་ལྟོས་རོ།
བཀླགས་ཟིན།
བྲིས་ནོ་ཡག་གི
དཔྱད་རྩོམ་གྱི་ཁུངས་སུ་གཏོགས་
༄། །བདེན་འཚོལ་ལགས་ཀྱིས་《སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་འཇམ་བཞད་ངག་དབང་བརྩོན་འགྲུས་གཉིས་བར་གྱི་འགལ་བའི་འབྱུང་རྐྱེན་སྐོར་གླེང་བ།》ཞེས་བྱུང་རབས་གལ་ཆེན་ཞིག་གསལ་བོར་བྲིས་འདུག་པ་ཕན་སླེབས་ཆེ། ལུང་ཁུངས་སུ་བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་འཇམ་བཞད་རྣམ་ཐར་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀར་བ་འཇམ་དབྱངས་བཞད་པའི་སྡེའི་རྣམ་ཐར་ཐར་བ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀེ་ཏ་ཀའི་འཕྲེང་བ་ཞེས་བྱ་བ》ཞེས་ཤིང་པར་མདའ་ཚད་མ་ཤོག་གྲངས་ཉིས་བརྒྱ་བཅུ་ལྷག་ཡོད། ཅེས་དྲངས་འདུག་པ་དེ་སྐབས་དེའི་བྱུང་རབས་གསལ་བའི་ཡིག་ཆ་རྩ་ཆེན་ཞིག་ཡིན་འདུག་ཀྱང་། ད་ཕན་དཔེ་རྒྱུན་ཤིན་ཏུ་དཀོན་ནས་ཀུན་གྱི་མིག་ལམ་དུ་མ་གྱུར་བ་ཕངས་ཆེ་ན། དཔེ་སྐྲུན་ནམ་དྲ་འགོད་གང་རིགས་བཀྲིན་སྐྱོང་གལ་ཆེ་ཞུ།
ཁྲི་རལ་པ་ལགས། ཆེ་མཆོག་འདུས་པ་རྩལ་གྱི་རྣམ་ཐར་གང་ནས་ལག་སོན་ཡོང་གི་རེད་ལགས། ཁྱེད་ཀྱིས་མཁྱེན་གྱི་ཡོད་ན་ཅིག་གསུང་རོགས་ཞུ།