མེ་ཏོག་ཁེར་སྐྱེས།
ང་འཚོ་སའི་ཁོར་ཡུག་ཧ་ཅང་གཙང་ལ་མཁའ་དབུགས་ཧ་ཅང་དྭངས་བས། སྤྲེའུ་ཚོགས་ཤིག་གིས་ནམ་ཡང་རི་མགོ་འདི་བློས་མ་ཐོངས་བར་ལྷག་འདུག
འོན་ཀྱང་ང་ཁོར་ཡུག་འདི་ལ་གཏན་ནས་གོམས་མ་མྱོང་། རི་མགོའི་འཚོ་བ་དང་སྡོང་རྩེ་ཡི་རྩེད་མོ་དེ་དག་ལ་ང་སེམས་གཏིང་ནས་སུན་གྱིན་འདུག
སྤྲེའུ་རྒན་འདི་དག་ནམ་རྒྱུན་སྡོང་རྩེ་མཐོ་ས་མཐོ་ས་ཞིག་ལ་འཛེགས་ནས། སྡོང་རྩ་དང་ལམ་འགྲམ་གྱི་ཁྱི་ལྡོམ་དེ་དག་རྩེད་ཆེས་བཞིན་ཁོ་ཚོའི་རྔ་མ་གང་ལ་གཡུགས་པའི་ཕྱོགས་དེར་རྒྱུགས་འདུར་བྱེད་དུ་འཇུགས་ན་ཡང་།
གཤོག་པ་དང་མཆོང་རྩལ་གང་གིས་ཀྱང་དབེན་པའི་ཁྱི་ལྡོམ་དག་གིས་ཀྱང་ལས་རྒྱུ་གཞན་མ་རྙེད་པ་འདྲ། རྩེ་མོ་འདིར་ཅི་མི་སྙམ་པར་གཡེང་ནས་འདུག
དེ་འདྲའི་སུན་པ་ལ།
སྡོང་རྩེར་འཛེགས་པའི་སྤྲེའུ་རྒན་འདི་དག་རྩེད་མོ་རྩེད་ཐངས་རེར་ཡིད་ཧ་ཅང་མགུ་ཡོད་ངེས་ཀྱང་། སྡོང་རྩ་ཡི་ཁྱི་ལྡོམ་དག་སྙིང་མ་རྗེ།
ཁ་ལ་ཟ་རྒྱུ་ཁམ་གང་མེད་པར་ལུས་ཀྱི་སྟོབས་ཤུགས་ཡོད་ཚད་ཟད་འདུག
ངས་རྩེད་མོ་འདི་དག་མཐོང་འདོད་མི་འདུག
རྩེད་མོ་འདི་རྩེ་འདོད་དེ་བས་ཀྱང་ག་ལ་ཡོད།
དེ་འདྲའི་སུན་པ་ལ།
སྤྱིར་སྤྲེའུ་འདི་དག་གི་ཀླད་པ་དེ་འདྲའི་སྤྱང་རྒྱུ་མེད་ན་ཡང་། ཁོ་ཚོར་རྩེད་མོ་འདིའི་རིགས་ལས་རྒྱལ་ཐུབ་པའི་གདེངས་ཚོད་བརྒྱ་ཆའི་དགུ་བཅུ་གོ་དགུ་ཡོད་པ་འདྲ། རྒྱུ་མཚན་ཁོ་ཚོ་སྡོང་རྩེར་ཡོད་པས་ལོས་ཡིན།
འོན་ཀྱང་ཁ་སང་སྡོང་རྩེ་ཡི་སྤྲ་རྒན་གཅིག་གི་ཚེ་སྲོག་སྟབས་མ་ལེགས་པར་ཁྱི་ཕྲུག་འགའི་ཁ་ཟས་སུ་གྱུར་འདུག་ན་ཡང་།
ཕམ་ཁ་དེ་འདྲ་ནམ་རྒྱུན་སྤྲེའུའི་རིགས་ཀྱིས་གཏན་ནས་མི་ཉོ།
སྤྲེའུ་འདི་དག་གི་སེམས་སུ་ཁོ་ཚོས་རྩེད་མོ་འདི་ཧ་ཅང་སྤྱང་གྲོང་ལྡན་པའི་ངང་རྩེ་ཡི་ཡོད་པར་སྙམ་ཡོད་ངེས་ཨང་།
དོན་དངོས་སུ་འདི་རིག་པ་བཏང་བའི་རྩེད་མོ་ཞིག་ག་ལ་ཡིན། འདི་ནི་ཉམ་ཆུང་ལ་ཐུབ་ཚོད་ཅེས་པའི་དོན་གྱི་དངོས་སྒྲུང་རེད།
སྡོང་རྩེ་ཡི་སྤྲེའུ་རྒན་ཚོས་ཕན་ཚུན་ནང་ཁུལ་ལ་རྩེད་མོ་དེ་རྩེད་པའི་སྤོབས་པ་ཡེ་ནས་མེད། རྒྱུ་མཚན་ཁོ་ཚོ་གཅིག་ལ་གཅིག་བརྟེན་དང་།
སྒོས་སུ་ཁོ་ཚོས་སུས་སུ་ལ་ཡང་ཐུབ་ཚོད་བྱ་བའི་སྤོབས་པ་མེད།
གལ་ཏེ་སྡོང་རྩ་ཡི་ཁྱི་ལྡོམ་གཅིག་ནམ་ཞིག་སྡོང་རྩེར་སླེབས་ན།
ཁོ་ཚོས་རྩེད་མོ་འདི་རྩེད་མི་ཐུབ་པ་ཐག་གིས་བཅད་ཆོག
འཆི་རྒྱུ་མེད་པའི་སྤྲེའུ་རྒན་འདི་དག་ས་གཞན་ཞིག་ལ་བུད་སོང་ན་ཅི་མ་རུང་། དེ་དུས་ངས་ཁོར་ཡུག་སྙིང་རྗེ་མོ་འདི་ལ་གད་དར་གཙང་མ་ཞིག་རྒྱག་ན་འདོད།
ལམ་འགྲམ་གྱི་ཁྱི་ལྡོམ་འདི་དག་ལ་ཡང་བག་ལྷོད་པོའི་འཚོ་བ་ཞིག་ཅིའི་ཀྱང་ཡོད་ངེས་རེད།
དེ་འདྲའི་སུན་པ་ལ།
གོ་རྒྱུ་ཡོད་ཀི