སྣང་ཤེས། (ཝར་ཎ)
ངེས་འབྱུང་རྐྱེན་གྱིས་མ་བསྐུལ་སྡོམ་པ་འདི།།
སངས་རྒྱས་སྒམ་པོའི་གཞུང་དང་ཨེ་འགལ་ལམ།།
རྩ་བ་མེད་པའི་རྩེ་མོ་ཆེན་པོ་འདི།།
སེམས་ཅན་དམུན་པོའི་བློ་དང་ཨེ་འཚམས་སམ།།
མེ་ལྟར་འབར་བའི་ཆགས་སེམས་དམར་པོ་འདི།།
ངུར་སྨྲིག་གོས་ཀྱིས་བཏུམས་ན་ཨེ་ཁོག་གམ།།
ནང་སེམས་མི་གཙོ་ཕྱི་གོས་གཙོ་བ་འདི།།
རིན་ཐང་ཞིག་གི་འཇལ་སྟངས་ཨེ་ཡིན་ནམ།།
ཅི་ཡང་དགོས་པའི་རབ་ཏུ་འབྱུང་ལུགས་འདི།།
འཁོར་བ་སྤངས་པའི་ལམ་ཞིག་ཨེ་ཡིན་ནམ།།
ཐོབ་ཤོར་སེམས་སུ་སྤུངས་པའི་གསང་སྤྱོད་འདི།།
གཙང་མ་ཞིག་གི་གནས་མལ་ཨེ་ཡིན་ནམ།།
ཆགས་སྡང་མཚོན་ཆ་སྦས་པའི་རྙི་དོང་འདི།།
བསྟན་པ་རྒྱས་པའི་རྩ་བ་ཨེ་ཡིན་ནམ།།
ཐབས་ཀྱིས་དབང་བསྒྱུར་སྲིད་ཀྱི་ཆོ་འཕྲུལ་འདི།།
བསྟན་པ་སྤེལ་བའི་ལམ་ཞིག་ཨེ་ཡིན་ནམ།།
སྡུག་གིས་བཙན་གྱིས་བཀལ་བའི་སེམས་སྡོམ་འདི།།
རྣམ་གཡེང་ཅན་ལ་བཀལ་ན་ཨེ་ཐེག་གམ།།
ཨ་མའི་བང་ན་རྩེན་པའི་བྱིས་པ་འདིར།།
འཁོར་བ་སྤངས་འདོད་ཡོད་མེད་སུས་ཤེས་སམ།།
གདོས་པའི་ལུས་འདི་གསེར་གྱིས་བཏུམ་བཞག་ན།།
རྒོད་པོའི་སེམས་ཀྱི་སྨྱོ་ནད་ཨེ་སེལ་ལམ།།
མགོ་ཡི་སྐྲ་ལོ་གྲི་ཡིས་བཅད་བཞག་ན།།
ཞེན་ཆགས་རྣོ་སྐུད་ཐག་སེ་ཨེ་ཆད་དམ།།
སེམས་ཀྱིས་མི་ཐེག་སྡོམ་པའི་འཆིང་ཐག་འདི།།
མུ་གེའི་སྒང་ལ་ཟླ་ལྷག་ཨེ་ཡིན་ནམ།།
གོ་རིམ་མེད་པའི་ཁྲིམས་ལུགས་བཙན་པོ་འདི།།
མི་འདོད་སྐེ་ལ་ཞགས་པ་ཨེ་ཡིན་ནམ།།
གླང་ཆེན་ཞིག་གིས་ཤུགས་ཀྱིས་བཀྱག་པ་འདི།།
ཙི་ཙི་ཞིག་གིས་སྒུལ་བར་ཨེ་ནུས་སམ།།
ཤེས་རབ་ཅན་གྱི་དཀའ་ཐུབ་ཆེན་པོ་འདི།།
གཏི་མུག་ཅན་གྱི་སེམས་ལ་ཨེ་ཤོང་ངམ།།
མ་ཟོས་ཟས་ཀྱི་བྲོ་བ་བཤད་ལུགས་འདི།།
མ་ཤི་དམྱལ་བའི་ལོ་རྒྱུས་ཨེ་ཡིན་ནམ།།
མ་མྱངས་སྲིད་པའི་སྡུག་བསྔལ་སྒྲོག་ལུགས་འདི།།
མ་ཤེས་རི་བོང་ཅལ་འདྲོགས་ཨེ་ཡིན་ནམ།།
སྤྱང་ལྟོགས་ཤ་མི་ཟ་བའི་ངང་ཚུལ་འདི།།
རི་མོའི་གཟུགས་ལས་དོན་དངོས་ཨེ་ཡིན་ནམ།།
ཟ་འདོད་མི་སྤོང་མཆུ་ཏོ་བསྡམས་པ་འདི།།
སྲེད་པ་འཇོམ་པའི་ཐབས་ཤིག་ཨེ་ཡིན་ནམ།།
མི་གཙང་མགོ་ལ་འཇོག་པའི་དད་པ་འདིར།།
ཉོན་མོངས་སེལ་བའི་སྟོབས་ཤིག་ཨེ་ཡོད་དམ།།
རང་མགོ་རྡོ་ཡིས་གཅོག་པའི་བླུན་རྟགས་འདིར།།
དཔའ་བོ་ཞིག་གི་ཆོ་ལོ་ཨེ་མཛའ་འམ།།
སེམས་པ་ཁྱིམ་དུ་ལྷག་པའི་རབ་བྱུང་བ།།
དབེན་པའི་གནས་འདིའི་བཙོན་པ་ཨེ་ཡིན་ནམ།།
འདོད་པའི་འཕར་རྩ་རྒོད་པའི་དྲང་སྲོང་ཚོ།།
ཆོས་གོས་གྱོན་པའི་བྱི་ལ་ཨེ་ཡིན་ནམ།།
མར་ལོ་ལྟ་བའི་སེམས་ཀྱི་སྐད་ཆ་འདི།།
ལག་ཟུང་ལྟ་བུའི་ལྷག་བསམ་གྱིས་དཀྲོག་ནས།།
དམུས་ལོང་ལྟ་བུའི་བོད་པའི་སྤྱི་ཚོགས་ལ།།
མུ་གེ་ལྟ་བུའི་རྨོངས་པ་སེལ་ཕྱིར་ཕུལ།།
28/01/2015
དེས་ན། མགྱོགས་པོར་ལོག་ཞོག
གལ་ཆེ་ཤོས་རང་ངོས་ནས་འགོ་འཛུགས་རྒྱུ་དེ་རེད།
ངེས་འབྱུང་མི་བསམ་སྡོམ་ལྡན་ལ། །
སྡོམ་པ་མི་ཐེག་ཁུར་པོ་འདྲ། །
མཚན་མ་མེད་པར་སྡོམ་ཐོབ་མེད། །
དཔེར་ན་མ་ནིང་མཚན་གཉིས་བཞིན། །
འདོད་ཆགས་མེད་པར་ངེས་འབྱུང་མེད། །
དཔེར་ན་དགྲ་བཅོམ་འཕགས་པ་བཞིན། །
སྡོམ་ལྡན་ཕས་ཕམ་མ་ཕོག་ན། །
ཕྱིར་བཅོས་གདུལ་གཞུང་ནང་ལ་ཡོད། །
དེས་ན་བཅས་མཚམས་འགལ་ན་ཡང་། །
ཕྱིར་བཅོས་རེམས་ཤིང་སྡོམ་གཙང་དགོས། །
ད་དུང་སྡོམ་པ་མི་ཐེག་ན། །
སྡོམ་པ་ཕུལ་ན་མི་འོས་མེད། །
སྡོམ་པ་ཕུལ་བའི་རྗེས་སུ་ཡང་། །
ད་དུང་སྡོམ་ཞུས་ཚུལ་ཁྲིམས་ཡོད། །
སྡོམ་པ་ཤོར་ནས་སེར་གྱོན་དང་། །
བརྩིས་མེད་སྡིག་གསོག་བྱ་མི་རིགས། །
བློ་བཟང་ལགས་དེ་འདྲ་ལས་སླ་མོ་ཡོད་ཀྱི་མ་རེད་་་་དེ་ལྟར་ན་བོད་དགོན་ཕལ་ཆེར་སྟོང་པ་ཆགས་སྲིད། མ་གཞི་ནས་གཡག་གི་དོ་པོ་དེ་ལུག་ལ་བཙན་གྱིས་བཀལ་པ་དེ་ངོ་མ་མགོ་སྐོར་དང་བཙན་དབང་རང་རེད། ད་སྐད་ཤོར་ཡོང་གི་འདུག་ག
ཞྭ་དཔེ་ལྷམ་འགེབས་མ་བྱས་པར། རང་བློ་དང་འཚམས་ཉམས་སུ་ལོངས།
དངོས་གནས་སྙན་རྩོམ་སྙན་པོ་ཞིག་བྲིས་འདུག ཕལ་ཆེར་རབ་ཏུ་བྱུང་བ་རྣམས་ལ་དཀའ་ངལ་དེ་འདྲ་མེད་དམ་སྙམ། གང་ལྟར་ང་ཚོ་ནི་གྲཱ་པ་མིན་སྟབས་དཀའ་ངལ་དེ་རིགས་ལ་ཉམས་མྱོང་གིས་ཕོངས་པ་ཤ་སྟག་ཡིན་ནོ། བཀྲིན་ཆེ།།
ངོ་མ་བོད་པ་ཚང་ལ་རྩོམ་པ་པོ་ངར་མ་འདི་འདྲ་ཡང་ཡོད་ཟིག བསྐལ་པ་བཟང་། སྙན་བྱུང་། ད་དུང་མང་ཙམ་རྩོམ་པའི་རེ་སྐུལ་ཞུ། །
ནང་དོན་ཞིབ་ཀྱིས་ཀློག་ཁོམ་མ་བྱུང་ཡང་ཚིག་སྡེབ་ཀྱི་ཉམས་རྩལ་ལེགས་པོ་འདུག ཡི་རང་ཡོད། བཀྲིས་བདེ་ལེགས།
མཆན་མཁན་ཁ་ཤས་ཀྱིས་ཤོ་ལོ་ཀ་དང་པོའི་བསྟན་དོན་གསལ་པོ་ཞིག་གོ་མེད་པ་འདྲ། ཧ་ཧ་ཧ
སྣང་ཤེས་སྣང་བ་འཕྲུལ་བས།།
སྣ་པ་སྣ་ཚོགས་འཆར་འདུག།
ཡིད་གཉིས་ཐེ་ཚོམ་ཅན་པོར།།
དོགས་པའི་ཤེས་རབ་རྒྱས་འདུག།
ཀླད་པ་སྟར་ག་འདྲ་བོས།།
སྙིང་རྡོག་ཁུ་ཚུར་འདྲ་བོར།།
འདི་དྲན་དེ་བྱས་མེད་ན།
སྨྱོ་ནད་ན་གྲབས་ཡོད་ཚོད།
གང་ཟག་ཚོད་མི་ཟུན་པ།།
གང་དེས་གསུངས་བའི་ཆོས་རེད།
གང་ལ་དཀའ་ངལ་ཡོད་དུས།།
ཀུན་ལ་ཐལ་བ་མ་སྐྱོད། ཧ་ཧ་ཧ།
སྙན་ངག་དེ་ལ་རྩོམ་རྩལ་ཡག་ཙམ་འདུག ཁ་བདེ་པོ་ཞིག་རེད་འདུག བཀླགས་སྤྲོ་པོ་བྱུང་།
ལ་ལར་ཚུལ་ཁྲིམས་བདེ་བ་ཡིན། །ལ་ལར་ཚུལ་ཁྲིམས་སྡུལ་བསྔལ་ཡིན། །ཞེས་པའི་གསུང་གི་དོན་ཡང་འདི་རུ་ཚང་མི་འདུག་གམ། ལགས།
འཁོར་བར་ཞེན་པ་མ་ལོག་པར།།
ངེས་འབྱུང་སྐྱེ་བའི་ཐབས་མེད་ཅིང་།།
ངེས་འབྱུང་རྒྱུད་ལ་མ་སྐྱེས་པར།།
སྡོམ་པ་མི་ཐོབ་གཞུང་ལས་བཤད།།
དེས་ན་རང་རེའི་དགོན་སྡེ་ཚོའི།།
ཁྲི་ལ་བཞུགས་དང་གྲལ་དུ་བསྡད།།
ངེས་འབྱུང་རྒྱུད་ལ་ཡོད་མེད་ནི།།
སྨྲ་བ་མི་དགོས་ཀུན་གྱིས་ཤེས།།
གནང་ནས་མ་ཐོབ་སྡོམ་པ་ཞིག །
བཏང་ནས་ཤོར་རྒྱུའང་ག་ལ་ཡོད།།
དེས་ན་རྨོངས་པའི་མུན་པ་འདི།།
སྣང་བྱེད་ཤེས་པས་བསལ་འདུག་གོ །
སྔོན་མ་བླ་མ་ཞིག་གིས། གྲྭ་བར། བྲེགས་སྤོས་བསྒྱུར་གསུམ་མུ་ཁྱུར་རྒྱོབ། ཞེས་གསུངས་འདུག་པས་དཔྱད་རོགས། དོན་དུ་རྩོམ་པ་པོས་གསུངས་པ་ལྟར། ངེས་འབྱུང་གི་བློ་མེད་པར་དགོན་པར་གཏོང་རྐྱང་བྱས་པ་ལ་གསུངས་འདུག་བསམ།
མཆན་པ་པོ་རྣམས་དང་རྩོམ་པ་པོ་རྣམ་དཔྱོད་ཡངས་པས། དམུན་པོ། ཞེས་པའི་ཚིག་དོན་གསུང་གྲོགས།
སེམས་མི་གསལ་བ་དྲན་པ་མི་གསལ་བ་་་་སེམས་རྨོངས་པའམ་སེམས་རྩ་གླེན་པ།
དམུན་པ། བླུན་པོའི་བརྡ་རྙིང་དུ་གསལ་འདུག་པས། དམུན་པོ་ཡང་དེ་མཚུངས་སུ་གོ་ངེས་སྙམ་ལགས།
ཀརྡོ་གཉེར་ཕྱག་པ་་ལ་མངོན་བསྟོད་ཞུ་དགོས་སོ།
དམུན་པོའི་ཚིག་འགྲེལ་ཙམ་ཤེས་པས་ཧ་ལས་འགྲོ་རྒྱུ་ཞིག་ཅང་མི་འདུག་སྟེ་ཧ་ལས་མཁན་དེས་རང་ཉིད་ཀྱི་ཚད་གཞི་ཕྱི་ལ་བསྟན་པ་ཙམ་རེད། ཧ་ཧ་ཧ་་་་་ སྐུ་རྩེད་ཡིན་ནོ་ལ་དྭགས་པ
ཡ་ཨ་ཕོ་ཚོ་བཀྲིས་བེད་ལེགས་་་་་
ངས་་ཉེ་ཆར་གྲ་ཆས་ཕུད་པ་ཡིན་་་ཡིན་ནའང་རྒྱོ་སོགས་ཆགས་པའི་བྱ་སྤྱོད་ད་བར་གང་ཡང་སྤེལ་རྒྱུ་མ་བྱུང་༏སོང་ཙང་སྔོན་མ་ང་ལ་དབང་མེད་དུ་འབོགས་པའི་སྡོམ་པ་དེ་མ་སྟོང་པར་ཕལ་ཆེར་ཡོད་སྙམ༏་ཨ་ཕོ་ཁྱེད་ཚོ་མཉམ་མྱོང་ཡོད་མཁན་འདྲ་ཡིན་ས་འདུག་ངས་སྡོམ་པ་དེ་ཡར་དབུལ་དགོས་བསམ་བྱུང་ཁྱེད་ཚོས་སྡོམ་པ་འབུལ་བྱེད་ཆོ་ག་འམ་སླར་ལོག་པའི་ཆོ་ག་མཁྱེན་གྱི་ཡོད་ན་ཐུགས་རྗེ་གཟིགས་ནས་དེར་བྲི་རོགས་གནང་་་་་་ཐུགས་རྗེ་ཆེ་