རྣམ་གྲོལ་གླིང་། བསོད་ནམས་ནོར་བུ།
རྒྱང་གི་རི་བོས་མུན་པའི་གོས་ནག་བཤུས།།
སྐྱ་རེངས་བུ་མོས་གནམ་མཐའི་ཕྱུ་སྣེ་བརྫེས།།
སྡོང་ལོ་མཉེན་མོ་མལ་ལས་ཧར་གྱིས་ལང་།།
ཉི་འོད་ཟེགས་མས་རྩྭ་རྩེའི་སིལ་ཁུ་བཏུང་།།
མ་ཎིའི་ལག་འཁོར་ཧྲིལ་སྒྲ་གྲགས་ཏེ་འཁོར།།
ལྷག་པར་དུང་འཁོར་དྲིལ་སྐད་སིལ་སིལ་སྒྲོག།
ནངས་སྔ་སིདྡྷིའི་ཛབ་དབྱངས་དེ་བས་སྙན།།
གླིང་འཁོར་གྲུ་བཞི་འཁྲུགས་ཆ་ཧ་ཅང་དོད།།
བྱ་ནག་ཁྱུ་ཞིག་གཤོག་པ་མཁའ་ལ་བརྡར།།
སྤྲིན་པ་ཐར་ཐོར་གློ་བུར་གློ་བུར་བརྡོལ།།
འགྱིག་ཤོག་དུམ་ཞིག་རླུང་བུས་ཡར་མར་ཁུར།།
མ་ཧེ་རེ་གཉིས་ལམ་སྟེང་སྒེག་འགྲོས་བྱེད།།
གླིང་ག་གྲུ་བཞིར་དཀར་དམར་མེ་ཏོག་བཀྲག།
མེ་ཏོག་ཡུ་བར་འདབ་ལོ་ལྷུག་ལྷུག་དགོད།།
འདབ་ལོའི་གསེང་ན་ཟེའུ་འབྲུ་རྣམ་པར་སྨིན།།
ཟེའུ་འབྲུའི་སྟེང་དུ་ཕྱེ་ལེབ་འཕུར་ལྡིང་གཡོ།།
འཛིན་ཁང་ར་བར་སྡོམ་ཐག་དྲ་བ་འཐེན།།
ལམ་ཉུལ་བན་ཆུང་ཐོད་ལ་གཟན་གུར་ཕུབ།།
ལོ་ལོན་རྒད་མོས་གད་འོག་གྲིབ་མ་དེད།།
རྔ་རྡུམ་ཁྱི་འཁྱམ་ལྕེ་ལེབ་སྣར་བཞིན་འདུར།
མཐའ་ཡི་རྒྱ་མཚོའི་ཁ་རླངས་གནམ་ལ་ཕོག།
ནམ་མཁའ་སྔོན་མོའི་ཁ་ངོ་དར་གྱིས་བཀབ།།
ཁ་བཏགས་དཀར་པོ་སྐྱོ་བའི་མིག་ཆུས་བངས།།
མིག་ཆུ་ཐིགས་པ་ས་གཞིའི་ཕང་བར་འགྲིལ།།
རྩི་ཤིང་མང་པོ་མགོ་བོ་གཡུག་གིན་དགོད།།
ལྗང་ཆུང་རྣོན་པོས་ས་གཞིའི་ངོ་པགས་དབྲལ།།
སྡོང་ལོ་སྐྱ་བོས་ལྗང་མདོག་ལུས་རྟེན་བརྗེས།།
སྐྱེ་དངོས་ཁོར་ཡུག་ལང་ཚོའི་ཚེ་སྲོག་འབུས།།
ཉི་མས་མཚམས་སྤྲིན་སེར་པོའི་ལྭ་བ་མནབས།།
རྒྱང་རིང་ནུབ་མཁའི་ཁྲོད་ནས་ལག་བརྡ་བྱས།།
ཉག་གའི་གྲིབ་སོས་སྣང་བར་འཇབ་རྒོལ་བཏང་།།
ཡངས་པའི་ས་ཆེན་ཁ་དོག་ཁད་ཀྱིས་འགྱུར།།
20/ 5/ 2016
རི་སྟོད་གངས་དཀར་མཛེས་མས་ཆགས་མིག་གཡོལ།
རི་སྐེ་ལྷ་ཤིང་ཤུག་པས་ལག་གཡུག་བྱས།
རི་འདབས་སྤང་རིས་འཕོངས་ཤ་གཡུག་སྐབས་སུ།
སུ་སུད་འདི་ནི་མི་ཡི་མཛངས་མ་ཞིག
མཚོ་མཐའི་དབུ་སྐྲ་སེར་པོ་རླུང་གིས་བསྐྱོད།
མཚོ་དཀྱིལ་ཉ་མོ་མཛེས་མས་ལང་ཚོ་ངམ།
མཚོ་འགྲམ་ཉི་མའི་དྲོད་ལ་རོལ་སྐབས་སུ།
སི་སིད་འདི་ནི་ཡིད་འཕྲོག་ལྷ་མོ་ཞིག