ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
དཀར་ནག་དགེ་སྡིག་ཤིན་རྗེའི་ཁྲིམས་རར་གསལ།།
འཁོར་བའི་ཉོན་མོངས་མ་རིག་བློ་ཡིས་སྦྱིན།།
དགའ་སྡུག་ཕྲག་དོག་རང་སེམས་མ་འདུལ་སྐྱོན།།
ང་རྒྱལ་བཅག་ནས་གཞན་ཕན་བྱ་བར་བརྩོན།།
ཅང་ཤེས་རྟ་བོ་བདེ་ཆེན་ཐང་ལ་རྒྱུགས།།
ཆོས་མེད་ཀླ་ཀློ་གཞན་སྐྱོན་གླེང་ལ་མཁས།།
ཇུས་མེད་འགན་འཁུར་ལྷག་བསམ་གྲལ་ནས་བུད།།
ཉེ་སྐྱོར་ཕྱོགས་ལྷུང་ནང་པའི་ལྟ་སྤྱོད་མིན།།
ཏ་ཐ་ག་ཏའི་བསྟན་པར་མཇལ་བ་བཟང་།།
ཐེངས་གཅིག་ཙམ་ལས་སླར་ཡང་རྙེད་པར་དཀའ།།
དེ་འདྲའི་གོ་སྐབས་མ་འཆོལ་ཕ་བཟང་བུ།།
ན་རྒས་འཆི་བ་སྲོག་ལྡན་ཀུན་གྱི་ལས།།
དཔག་བསམ་ཤིང་གི་ལོ་འདབ་གྲིབ་བསིལ་འོག །
འཕགས་ནོར་རིན་ཆེན་བདུན་གྱིས་མངོན་པར་བསྟོད།།
བ་དན་ཕྱོགས་བཅུར་བསྒྲེངས་པའི་ནང་བསྟན་འདི།།
མ་གྱུར་སེམས་ཅན་ཐར་ལམ་འདྲེན་པའི་ལམ།།
རྩ་བའི་བླ་མས་བྱིན་རླབས་སེམས་ལ་འཇུག །
ཚ་གྲང་ཇི་བྱུང་རང་རང་ལས་ཀྱིས་སྦྱིན།།
རྫོགས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་།
ཝ་ལེར་སོམས་དང་དགོས་འདོད་ཀུན་འབྱུང་འདྲ།།
གཞན་ཕན་བྱང་ཆུབ་ཐེག་ཆེན་ས་ལམ་བསྟན།།
བཟང་ངན་རྣམ་རྟོག་སྤང་ན་ཐོས་བསམ་རྙེད།།
འོད་གསལ་གཉུག་མའི་བཙན་ས་ཟིན་འདོད་ན།།
ཡིད་དམ་ལྷ་དང་རང་སེམས་གཅིག་ཏུ་བསྒྲིལ།།
རང་སེམས་སྟོང་པ་རྣམ་རྟོག་བློ་ཡིས་བཅིངས།།
ལུང་མེད་ཆོས་ལ་ཉམས་ལེན་ཕྲུ་གུའི་བློ།།
ཤེས་རབ་རལ་གྲིས་བཅད་པའི་རྨ་ཤུལ་མེད།།
ས་ལམ་འབྲས་བུ་མངོན་སུམ་འཆར་བར་ཤོག །
ཧ་ཧ་སྣང་སྟོང་འཆར་བའི་ཀ་བཤད་འདི།།
ཨེ་མ་དཀར་མིན་ལས་ལ་འཇུག་མི་ཉན།།