བཀྲ་ཤིས་དོན་འགྲུབ།
རྣ་བ་ཕར་ལ་མ་གཏད་ཀྱང་།།
འུར་སྒྲ་ཚུར་ལ་འཁོར་བ་འདི།།
འཇིག་རྟེན་རླུང་གིས་གཡོ་ས་ནས།།
ལྷིང་འཇགས་ཟད་པའི་སུན་སྣང་ཡིན།།
སྨུག་པ་བན་བུན་འཁྲིགས་ས་ནས།།
ནམ་མཁའ་སྤྲིན་གྱིས་སྒྲིབ་ས་ནས།།
རྒོད་པོའི་གཤོག་རླབས་ཡལ་ལུགས་
ཡུལ་པོའི་མྱོང་སྣང་སྐྱོང་ལུགས་
ཆར་ཆུ་ས་ལ་ཐིམ་པ་འདི།།
མྱུ་གུའི་སྐྱོ་བ་སེལ་རོགས་རེད།།
མིག་ཆུས་བྲང་ཁོག་བརླན་པ་ཡང་།།
ན་ཟུག་འཇགས་པའི་བསིལ་ཆབ་རེད།།
བྱེ་ཐང་སྟོང་པའི་རྐང་རྗེས་དེ།།
ཕར་འགྲོ་ལྷགས་པའི་ཁ་ཟས་ཡིན།།
གྲིབ་གཟུགས་ནག་པོའི་འགུལ་སྐྱོད་
ནམ་མཁའ་སྟོང་པའི་རྗེས་ཤུལ་ཞིག།
རྐང་གླིང་སྐྱ་བོའི་ཤུར་སྒྲ་དེ།།
འཚོ་བའི་འོ་དོད་འདྲ་བྱུང་སྟེ།།
ཚེ་སྲོག་སྒྱུ་མའི་ཟློས་གར་ལ།།
ལྟ་བཞིན་ལྟ་བཞིན་སྐྱོ་སྟེ་འོང་།
བྱེའུ་ཆུང་གསུང་སྐད་སྙན་བྱུང་མོ
དབྱངས་རྟའི་རམ་འདེགས་མེད་སོང་
བྱང་ཐང་སྐྱ་མོའི་འགྲུལ་བཞུད་དེ།
རླུང་བུའི་གསེང་ལ་ཐིམ་ནས་སོང་།།
ཀུན་རྟོག་གྱེན་ལ་འཕྱོ་ན་ཡང་།།
ལང་ཚོའི་རྦ་རླབས་འཇགས་བཞིན་འདུ
འཚོ་བ་སྐྱུར་མོའི་སྐྱོ་འཛུམ་ལ།།
དུར་ས་ཞིག་གིས་སྒུག་ནས་འདུག།
སྤྲོ་སྣང་ཟླ་བ་དཀར་མོ་དེ།།
སྡུག་གི་མུན་པས་མ་འཐུམ་ཞིག།
མི་ཡུལ་ཟེར་བའི་ཁྱིམ་ཆུང་འདིར།།
ཁྱོད་ལ་ཡུན་རིང་འདུག་ལོང་མེད།།
དུར་བྱང་གྲུ་བཞིའི་འོག་རོལ་ན།།
རྨི་ལམ་མངར་མོ་སྦས་ཡོད་པས།།
འཆི་བ་ཟེར་བའི་མཛེས་སྡུག་དེ།།
དགོད་དང་འཛུམ་གྱིས་བསུས་ཤོག་དང་
སྲིད་པ་གླུ་ཡིས་འགེངས་བཞིན་འགྲོ
སེམས་ཀྱི་སྙན་ངག་གྱེར་བཞིན་འགྲོ
མི་ཚེའི་ལ་མོ་ཆུང་ཆུང་འདིར།།
དྲན་གསོའི་རྐང་རྗེས་དཔར་ནས་འགྲོ
གཞས་འདི་དགའ་བའི་གཞས་ཆུང་རེད།།
མགུར་འདི་སྐྱོ་མགུར་རིང་མོ་རེད།
སྣང་སྲིད་སྒྱུ་མའི་ཁམས་ཆེན་འདི།
གླུ་པ་ང་ཡི་བློས་བླངས་ཡིན།།
དོ་ཧ་རེད་འདུག
སྐྱེས་ཙམ་ཉིད་ནས་ཕྱི་དབུགས་ནང་འབུགས་རྔུབ། །
ཡོད་ཙམ་ཉིད་ནས་ཉིན་མཚན་དཀར་ནག་ཟད། །
ང་ཡི་དུར་སའི་ས་ཐག་རིང་ལོས་འདུག །
ང་དང་འཆི་བ་ག་དུས་འཐམ་རན་འདུག །
དངོས་གནས་ཡག་པོ་བྲིས་འདུག
ཡག་དྲག་ནས་རྩོམ་པ་པོ་ལ་ཡང་དོགས་པ་ཟ་ཡོང་དྲབས་བྱས་བྱུང་། དཔེ་མི་སྲིད་པ་བྲིས་འདུག
ལྷག་པར་དུ།
ཀུན་རྟོག་གྱེན་ལ་འཕྱོ་ན་ཡང་།།
ལང་ཚོའི་རྦ་རླབས་འཇགས་བཞིན་འདུག།
འཚོ་བ་སྐྱུར་མོའི་སྐྱོ་འཛུམ་ལ།།
དུར་ས་ཞིག་གིས་སྒུག་ནས་འདུག།
སེམས་ཀྱི་གཏིང་ཟུག་སོང་། ཐུགས་རྗེ་ཆེ། དངོས་གནས་བྲོ་བ་འདུག
ནོར་བཅོས།: སེམས་ཀྱི་གཏིང་ལ་ཟུག་སོང་།
དབྱངས་ཅན་འབངས་ལགས་ཀྱིས་རྩོམ་པ་པོར་དོགས་པ་ཟ་དགོས་དོན་མེད་དེ། རྐུ་བཤུའི་ངན་གོམས་ཁོ་བོའི་གཤིས་སུ་མ་གྲུབ་ཅིང་མགྲིན་པའི་རྩ་མདུད་གྲོལ་ལ་ཉེ་བར་བཅར་བའི་ཁོ་བོར་མཚོན་ན། འདི་དང་འདི་འདྲ་བའི་སྙན་ངག་ནི་དུས་དང་དུས་སུ་ལྷོད་ཀྱིས་བཞུར་ཞིང་། ཤུགས་ཀྱིས་ལུད་ཡོང་བས་ཁྱེད་རང་ད་དུང་མང་པོ་མང་པོ་ཞིག་ལ་མྱོང་རོལ་བྱ་རྒྱུའི་གོ་སྐབས་ཁོ་བོས་འབུལ་འདོད། སྐད་ཆ་འདིར་ཧོབ་ཏེ་བལྟས་ན་ཤོབ་དང་འདྲ་མོད། དལ་གྱིས་གཟིགས་ན་བདེན་དོན་ཡིན།
དེང་སང་འདི་འདྲ་འབྲི་མཁན་ཧ་ཅང་དཀོན། དེང་སྐབས་ཕལ་ཆེར་ཡང་ན་གྲོང་ཚིག་མང་དྲག་པ། ཡང་ན་རྩོམ་པ་པོ་སོ་སོས་ཀྱང་ཉིན་ཤས་རྗེས་མི་གོ་བ་དེ་འདྲ་ཧ་ཅང་མང་། ཁྱེད་ཀྱིས། “་མགྲིན་པའི་རྩ་མདུད་གྲོལ་ལ་ཉེ་བར་བཅར་བའི་ཁོ་བོར་མཚོན་ན།” ཞེས་པའི་གསུངས་ལུགས་འདི་ཡིད་ཀྱི་གསོས་སྨན་དུ་གྱུར།
གྲ་སྒྲིག་རྐྱང་རྐྱང་བྱས་ནས་མི་ཚེ་ཟད་ཀྱང་།།
བདེ་སྡུག་ཁ་ལོ་ལས་ཀྱིས་སྒྱུར་གིན་འདུག་པས།།
འཕྲལ་དུ་བདེ་ལ་ཕུགས་སུ་ཕན་པའི་ལྷ་ཆོས།།
ཁ་ཞེ་ངོ་ལྐོག་མེད་པར་སྙིང་ནས་བྱ་འོ།།
འཁོར་བའི་བདེ་སྐྱིད་དབང་པོའི་གཞུ་ཡི་མཆེད་པོ།།
སྤྱོད་ཀྱིན་སྤྱོད་ཀྱིན་མ་ཟིན་ཡལ་ནས་འགྲོ་བས།།
སྡུག་གི་དྲི་མ་མེད་པ་གཏན་བདེའི་གྲོང་ཁྱེར།།
པུས་བགྲོད་རྒྱག་དགོས་བྱུང་ཡང་སླེབས་ན་ཆོག་ག།
ཆུང་ཆུང་གྲོག་མ་ཡིན་ཀྱང་སྐྱིད་པོ་འདོད་ཅིང་།།
ས་ཐོབ་སེམས་དཔའ་ཡིན་ཀྱང་སྡུག་བསྔལ་མི་འདོད།།
ཀུན་གྱིས་གཅིག་ཏུ་རེ་བའི་མཐའ་མེད་བདེ་བ།།
མ་གྲུབ་ལྷོད་ལ་མི་འབབ་དམ་བཅའ་འཇོག་རྒྱུ།།
སྐྱེས་བུ་གསུམ་གྱི་ལམ་རིམ་ལ་སྦྱར་ནས་བརྩམས་ཁུལ་ཡིན། ཡོ་བསྲང་གནང་རོགས།
ད་དུང་ཁྱེད་ཀྱིས། “ཁྱེད་རང་ད་དུང་མང་པོ་མང་པོ་ཞིག་ལ་མྱོང་རོལ་བྱ་རྒྱུའི་གོ་སྐབས་ཁོ་བོས་འབུལ་འདོད།” གསུངས་པ་འདི་མི་བསྙེལ་བ་འི་རེ་བ་ཆེ།
ནམ་མཁའི་ལྷ་ལ་རེ་འདོད་ཅི།།
འོག་གི་འདྲེ་ལ་སྡང་འདོད་ཅི།།
ཡག་ཉེས་འགྲོགས་པའི་སེམས་པ་འདི།།
རྣམ་རྟོག་རླུང་གི་སྒྱུ་བ་ཙམ།།
དེ་རིང་སྐྱིད་ཀྱང་ངེས་པར་ཅི།།
སང་ཉིན་སྡུག་ཀྱང་ངེས་པར་ཅི།།
ངེས་པར་མེད་པའི་འཆི་བ་ནས།།
ནམ་ཡང་ཐར་པའི་རེ་བ་ཅི།།
བདེ་འགྲོ་ཞེས་ཀྱང་རྣམ་རྟོག་ཙམ།།
ངན་འགྲོ་ཞེས་ཀྱང་རྣམ་རྟོག་ཙམ།།
རྣམ་རྟོག་དྲྭ་བའི་རྭ་བ་ནས།།
ཐར་པའི་ལམ་ཞིག་ཡོད་དམ་ཅི།།
དུར་ས་མེད་པའི་ས་ཆ་མེད། །
ཤི་གསོན་མ་བྱུང་ས་ཆ་མེད། །
སྐྱེ་འཆི་མ་སླེབས་ས་ཆ་མེད། །
ང་ལ་སྐྱེ་ས་འཆི་སའང་མེད། །