རྔ་བ་ཀུན་བཟང་།
ང་རང་སྐྱེས་ས་འབྲོག་ཁྱིམ་ཞིག་ཡིན་པ་འདྲ། རང་ངོ་ཤེས་དུས་ནས་དགུན་ཁང་ཆུང་ཆུང་ཞིག་གི་ནང་ཕ་མ་མཉམ་དུ་འདུག། མ་ཟད། ངེད་ཚང་ལ་ཨ་ཡེ་མ་གཏོགས་ཨ་མྱེ་སྔར་ནས་མེད་པར་འདྲ།
ཕྲན་ཡང་འབྲོག་ས་ན་ཡོད་པའི་བྱིས་པ་སྣབས་ལུད་ཚིར་ཚིར་ཅན་དག་མཉམ་དུ་འཚར་ལོངས་བྱུང་བས། གྲོང་ཁྱེར་དང་སློབ་གྲྭ་སོགས་ཀྱི་འཚོ་བ་ལ་ཆ་རྒྱུས་དེ་ཙམ་མེད། འབྲོག་ས་ན་ལས་ཀ་མང་ཆེ་བ་རྟ་ནོར་འཚོ་བ་དང་།ཤིང་འཐུ་རྒྱུ། ལྕི་བ་བསྡུ་རྒྱུ། འོ་མ་བཞོ་རྒྱུ་སོགས་རེད། ཞོར་ལ་དགུན་ཁང་ཆུང་ཆུང་དེ་གཙང་མ་རེ་བཟོ་མྱོང་བ་ད་ལྟ་ཡིད་ལ་གསལ་བོར་དྲན།
ང་ཚོ་འབྲོག་ས་ན་ཡོད་པའི་བྱིས་པ་དག་གིས་ཧ་ལམ་སློབ་གྲྭ་ཟེར་བ་མིང་ཡང་ཤེས་མཁན་དཀོན། མ་གཞི་ནས་སྐབས་དེ་དང་དེའི་འཚོ་བར་མཚོན་ན་ཞི་ལི་དང་ཞི་མོ་མང་ཆེ་བ་ཡོན་ཏན་མེད་མཁན་རེད།
འོན་ཀྱང་། རྟ་ནོར་འཚོ་ཞོར་དུ་ཕ་མ་དང་མཉམ་དུ་དམངས་ཁྲོད་ཀྱི་ཟློས་གར་དང་། ལ་གཞས་དང་། ཁེད། གཏམ་རྒྱུད། མཚར་གཏམ་སོགས་རིག་གནས་ཀྱི་རྨང་གཞི་དུ་མ་ཞིག་ལ་བག་ཆགས་བཞག་ཡོད་པ་དེ་རིང་ཁ་སང་དཔེ་ཀློག་ཁྲོད་ནས་ཤེས།
བག་ཆགས་འདི་དང་འདི་ལྟ་བའི་རྐང་ལམ་ནས། ད་གཟོད་སྣབས་ལུད་ཚིར་ཚིར་ཅན་གྱི་འབྲོག་ཕྲུག་ང་ཡང་གྲོང་ཁྱེེར་དང་གྲོང་ཁྱེར་རྒྱུད་ནས་རྩ་ཐང་དང་ནོར་ལུག་རྒྱང་ལ་བསྐྱུར། རྒྱལ་ཁབ་དང་རྒྱལ་ཁབ་འགྲིམ་ནས་ཕ་མ་དང་ནང་མི་ཡུལ་ན་ལྷག། འོན་ཀྱང་། མར་ཕྱུར་དང་འོ་ཞོའི་དྲི་མ་ད་དུང་སྔར་བཞིན་ཞིམ་ལ། རྟ་ནོར་དང་འབྲོག་ས་དེ་བས་དྲན།
ལྷག་པར་ཏུ་འབྲོག་ཁྱིམ་ཕན་ཚུལ་བར་མར་ལོ་ཟེར་བའི་དྲོ་ཁ་ཞིག་སྤྲད་སྲོལ་ཡོད། གཙོ་བོ་མར་རིལ་རིལ་བྱས་ནས་ནང་གི་བྱིས་པ་ཚོར་ལག་རྟགས་སྤྲོད་སྲོལ་ཡོད། ང་ཆུང་དུས་ནམ་ཡིན་ན་དེ་ལ་རེ་སྒུག་བྱེད་མཁན་ཞིག་ཡིན། སྐབས་རེ་ངས་ཨ་མའི་རང་ཁྱིམ་ནས་མར་ཕུད་ཞོར ་ང་ལ་ལག་རྟགས་སྤྲད་མྱོང་ཞིང་། ངས་སྣང་བར་ཁྱིམ་མཚེས་ཚང་གི་མར་ལོ་ཡག་སྣང་ཤར་ནས་ཨ་མའི་མར་ལོའི་ལག་རྟགས་ལ་དེ་ཙམ་དགའ་མ་མྱོང་། ད་ལྟ་དེ་དག་བསམ་བློར་འཁོར་ན་ངོ་མ་དགོད་སྤྲོ་བའི་སྣང་བ་ཞིག་རེད་ཨང་།
ད་དུང་ངེད་ཚང་ལ་ཤིང་གི་བཟོ་བའི་སྒམ་ཆག་ནག་རིལ་རིལ་ཞིག་ཡོད། སྒམ་དེའི་ནང་གཙོ་བོ་མཆོད་མར་དང་མངར་ཟས་རིགས་འཇོག་ས་ཡིན་བ་འདྲ། ཉིན་མོར་ཕ་མ་གཉིས་མེད་དུས་ང་རྣམ་རིག་དྭངས་གསལ་ཏུ་འགྱུར་ནས། ནམ་ཡིན་ན་སྒམ་དེའི་ནང་ཅི་ཞིག་ཡོད་མེད་ལྟ་གི་ཡོད། ཉིན་ཞིག་བུ་རམ་སྒོར་སྒོར་འགའ་སྣོད་ཁྲ་ཞིག་གི་ནང་ལ་ཡོད་པ་མཐོང་།
འབྲོག་ཕྲུག་ཞིག་ལ་མཚོན་ན་མངར་མོ་ཟ་བ་ནི་ཁུ་བྱུག་གིས་དབྱར་ཆུ་སྒུག་པ་དང་འདྲ་བས། ངས་དེ་མ་ཐག་སྒོར་སྒོར་འགའ་ལ་སོ་བཏབ་ནས་ཟོས་པ་ཡིན། དུས་ཚོད་འགའི་རྗེས་ལ་སོ་ན་ནས་ངུ་ཡང་ཤོར་མྱོང་། བུ་རམ་ཁའི་གཡས་གཡོན་ལ་འགོ་ཡོད་པས། ཨ་ཕའི་ལག་ནས་ཐལ་ལྕགས་འགའ་ཡང་རགས་མྱོང་།
སྐབས་དེ་དུས་ཟ་ཤེས་པ་ཙམ་ལས་སྤས་མ་ཤེས་ལ། ཁའི་གཡས་གཡོན་ལ་བུ་རམ་འགོ་ཡོད་མེད་གང་ནས ་ཤེས། དེ་རིང་ཁ་སང་ཡང་བུ་རམ་དེ་འདྲ་རྒྱ་གར་ཀྱི་ཚོང་ཁང་ནང་ནས་མཐོང་དུས། ད་གཟོད། འདས་ཟིན་པའི་སྣ་ལུད་ཚིར་ཚིར་ཀྱི་བྱིས་དུས་དང་དགོད་བྲོ་བའི་འཚོ་བ་དག་དབང་མེད་དུ་དྲན་ཡོང་།
སྣབས་ལུད་ཚར་ཚར་ཟེེར་ན་ཚིག་མཛེས། དེ་མིན་ཚིར་ཚིར་ཞེས་པ་སྒྲ་སྒྲགས་སྟངས་ཞིག་ལ་གོ། ཡང་ན་འཚིར་བའི་བསྐུལ་ཚིག་སྟེ། སྣུམ་ཚིར། གཅིག་བྱས་ན་ཁྱེད་རང་གི་ཡུལ་སྐད་ཡིན་སྲིད།