གཅན་བཟོད་རྒྱམ།
དེ་རིང་སྤང་གོང་མཚོ་ལ་མཚོ་མཇལ་དུ་འགྲོ་དགོས་པས་ཞོགས་པ་སྔ་མོ་ནས་གཉིད་སད་བྱུང་། མལ་ལས་ལངས་ཏེ་གདོང་པ་ཁྲུས། ཐབ་ཚང་དུ་སོང་སྟེ་ཇ་ཐང་བསྐོལ་ཏེ་སྐོམ་ཆུ་ཁྱེར་སྦྱད་འགྱིག་དམ་ནང་དུ་བླུག ཁྲུས་ཆས་དང་པར་ཆས། ཕྱི་ལ་གྱོན་པའིི་ལྭ་བ་བཅས་རྒྱབ་ཁུག་ཏུ་བརྫངས་དེ་ལམ་དུ་ཆས། གྲོགས་པོ་ནང་མི་དང་བཅས་པ་ད་དུང་གཉིད་ཀྱི་ཞིང་ཁམས་སུ་མྱུལ་བཞིན་འདུག བརྒྱ་ཤོག་དང་པོ་ནས་གསུམ་པ་བར་དུ་ཆུའི་ཡུར་པ་ཆེན་པོ་ཞིག་ཡོད་པ་དེ་དེད་ནས་བོད་ཁྱིམ་སློབ་ཕྲུག་ཆེ་ཆུང་མང་པོས་དཔེ་ཁུག་འཁུར་ཏེ་བོད་ཁྱིམ་སློབ་གྲྭའི་ཕྱོགས་སུ་འགྲོ་བཞིན་འདུག བོད་ཁྱིམ་སློབ་གྲྭའི་སྒོ་ཆེན་དང་ཉེ་སའི་ཚོང་ཁང་ཆེ་ཆུང་ཚང་མས་སྔ་མོ་ནས་སྒོ་ཕྱེས་ཏེ་སློབ་ཕྲུག་ཚོའི་ཞོགས་པའི་(Boni བྷོ་ནེ་)འགོ་ཚོང་རྒྱག་པར་སྒུག་ནས་འདུག་ལ། སློབ་ཕྲུག་ཆེ་ཆུང་འགའ་རེས་རང་རང་ལ་ཅི་དགོས་ཉོ་བཞིན་འདུག
ངས་ཞོགས་པའི་ཁ་དབུགས་གཙང་མ་དེ་རྔུབ་བཞིན་བརྒྱ་ཤོག་གསུམ་པའི་ལ་དྭགས་ཀྱི་མཛའ་བོ་གྲྭ་བ་འཇིགས་མེད་ཀྱི་སྡོད་གནས་སུ་སྙེགས། འཇིགས་མེད་ལགས་ཀྱང་སྔ་ས་ནས་མལ་ལས་ལངས་དེ་ཇ་མངར་མོ་འཐུང་བཞིན་ང་ལ་སྒུག་འདུག ངེད་གཉིས་ཀྱི་ཇ་འཐུང་རྗེས་རྒྱབ་ཁུག་འཁུར་དེ་གཞུང་ལམ་འགྲམ་དུ་ཡོང་ནས་སྤང་གོང་ཕྱོགས་སུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་ལ་སྒུག་པ་ཡིན། ལམ་འགྲམ་དེར་སྤང་གོང་དང་བྲག་རྩེ་སོགས་ལ་འགྲོ་མི་འགས་ཀྱང་ཤོག་སྒམ་དང་རྩོ་སྒྱེ། ལྟོ་ཕད་ལྗང་སེར་ཆེན་པོ་རེ་གཉིས་སོགས་མི་གྲངས་ལས་བརྒལ་བའི་དངོས་པོ་མང་པོ་འཁྱེར་འདུག སྤྱིར་གླེ་ནས་སྤང་གོང་དུ་འགྲོ་བའི་སྣུམ་འཁོར་དེ་དུས་ཚོད་༧:༣༠ ལ་འགྲོ་གི་ཡོད་ཀྱང་དེ་རིང་དུས་ཚོད་༨ པར་ད་དུང་སླེབས་མ་སོང་། འགྲོ་མི་ཚོས་སྐད་ཆ་སྣ་ཚོགས་བཤད་འགོ་བརྩམས་ཤིང་། ལ་ཤས་ཀྱིས་སོང་ཚར་བ་ཡིན་ནམ་ཟེར་ཡང་རེ་གཉིས་ཀྱིས་ཁ་སྔོན་གར་ཞ་ཕྱོགས་ནས་མི་བཅུ་གྲངས་ཤིག་གཡང་ལ་མཆོངས་བས་སྤང་གོང་ཕྱོགས་སོགས་ཐག་རིང་ལ་འགྲོ་མཚམས་བཞག་པ་མིན་ནམ་ཟེར།
སྐད་ཆ་སྣ་ཚོགས་ལབ་གླིང་བྱེད་བཞིན་པའི་སྐབས་སུ་ཏག་ཏག་ལ་རླངས་འཁོར་སླེབས་སོང་། ཁ་ལོ་བའི་གཡས་གཡོན་ནས་གཞུག་གི་རྐུབ་སྟེགས་བར་དུ་ཡུལ་མི་དང་ཕྱི་གླིང་བ། དམག་མི་སོགས་ཀྱིས་ཁང་ནས་འདུག་ལ། སྤྱི་སྤྱོད་རླངས་འཁོར་ཀྱི་ཀླད་དུ་དངོས་ཟོག་འཇོག་སར་མི་ཚད་ལས་མཐོ་བའི་ཅ་ལག་བརྩིགས་འདུག ཁ་ལོ་བའི་རོགས་པ་དེས་སྐད་ཤུགས་ཆེན་པོས་ལ་སྐད་མགྱོགས་པོ་ཞིག་རྒྱག་བཞིན་འགྲོ་མི་རྣམས་གྲལ་ཚགས་བསྡམས་ཤིང་། རྐུབ་སྟེགས་སྟོང་པ་འགའ་ཐོན་པས་ང་དང་མཛའ་བོ་གཉིས་ལའང་འདུག་སྟེགས་ལྷོད་པོ་རེ་རག་སོང་། སྤྱི་སྤྱོད་རླངས་འཁོར་གྱིས་ལྡིར་སྒྲ་སྒྲོག་བཞིན་ག་ལེར་འགུལ་བྱུང་། དུས་ཚོད་༡༠:༤༨ ཏག་ཏག་ལ་Karu ཁ་རུ་ཞེས་པའི་ས་ཚིགས་སུ་སླེབས། ས་ཚིགས་དེ་ནི་གླེ་ནས་ཡོང་ན་སྤང་གོང་དང་བྲག་རྩེ་ཕྱོགས་དང་བྱང་ཐང་ཉི་མ་ཕྱོགས་དང་ས་མར་སྟེ་སྟག་ལོང་མ་ན་ལེ་ཕྱོགས་སུ་འགྲོ་བའི་ལམ་འགར་ས་བཞི་མདོ་ཞིག་ཡིན་ལ། སྤང་གོང་ཕྱོགས་སུ་འགྲོ་བར་ས་ཚིགས་འདི་ནས་ལམ་ཡིག་ལ་བརྟག་དཔྱད་ཀྱང་བྱེད་དགོས་བ་ཡིན། ང་ནི་མཛའ་བོ་གྲྭ་བ་དང་མཉམ་དུ་ལ་དྭགས་ཀྱི་ཡུལ་མི་ཡིན་མདོག་གིས་སྣང་དོགས་མི་བྱེད་པར་བརྟག་དཔྱད་ལས་ཁུངས་ཀྱི་སྒོ་འགྲམ་དག་ན་ལྷོད་ལྷོད་ངང་སྒུག་ཞིང་། ཕྱི་གླིང་བའི་ལམ་ཡིག་ལ་ཞིབ་བཤེར་བྱས་རྗེས་ང་ཚོ་གཡོན་ཕྱོགས་ཀྱི་སྐེད་ལམ་དེ་བརྒྱུད་ལུང་གཞུང་ཆེན་པོ་ཞིག་ཏུ་འགྲོ་འགོ་བརྩམས། དེ་ནས་ཡར་ཡོང་ན་ Chamdy ཟེར་བའི་དགོན་པ་ཞིག་འདུག་ལ། དེ་ནི་བྲག་སྐེད་ཅིག་ན་འདུག་ཅིང་། བཤད་ཚུལ་ལ་འབྲུག་པ་བཀའ་བརྒྱུད་ཀྱི་དགོན་པ་ཆེ་ཁག་ཅིག་རེད་སྐད།
དེ་ནས་ཡར་ལུང་གཞུང་བརྒྱུད་ན་སེར་སྤྲང་ཞེས་པའི་ཡུལ་རིང་མོ་ཞིག་སྔོ་ལྡེམ་མེར་འདུག་པ་ལྕང་སྡོང་དང་ནས་ཞིང་། སྲན་མ་སོགས་ད་དུང་དབྱར་གཞུང་གི་རྣམ་པར་འདུག་ལ། ནས་དང་སྲན་མ་ནི་ལ་དྭགས་ཀྱི་ཡུལ་ལུང་གང་སར་འདེབས་པའི་ལོ་ཏོག་ཅིག་རེད་འདུག ལོང་གཞུང་དེ་ནས་ཡར་ཡོང་ན་སེར་སྤྲང་བྲག་དཀར་ཞེས་པའི་ཡུལ་ཆུང་ཞིག་ཏུ་སླེབས། དེ་ནི་བྱང་ལ་{changla .5289m}ཞེས་པའི་རི་རྒྱུད་ཆེན་པོ་དེའི་རྩ་ལ་འདུག བྱང་ལ་ནི་མཚོ་ངོས་ནས་ཧྥེ་ཁྲི་༡༧༥༨༦་འདུག་ཅིང་སྤང་གོང་ཕྱོགས་སུ་འགྲོ་བའི་ལ་མཐོ་ཤོས་དེ་ཡིན། གུང་ཡོལ་ཙམ་ལ་ང་ཚོ་བྱང་ལ་ཞེས་པར་འབྱོར་ཞིང་། བྱང་ལ་ཞེས་པ་ནི་རོ་ཐང་ལ་ནང་བཞིན་ཉག་ག་ཆེན་པོར་དར་གདངས་རིང་མོ་དང་སྡེའུ་འབུམ་གྱིས་གང་ཡོད་པ་ཞིག་རེད། རྒྱ་གར་གྱི་དམག་མིས་ཉག་ག་དེར་འགྲུལ་བ་རྣམས་ལ་ཇ་ཐང་མངར་མོ་རིན་མེད་དུ་སྤྲོད་ཅིང་། འགྲུལ་བ་རེ་རེར་ཇ་འཐུང་བར་ཤོག་ཅེས་སྐད་གཏོང་བར་འདུག ཕར་འགྲོ་ཚུར་འོང་གི་འགྲུལ་བ་བརྒྱ་ཕྲག་ལྷག་ཡོད་པ་ཚོས་དར་གདངས་ལ་འཇུ་བ་དང་ཉེ་འཁོར་གྱི་གངས་རི་རྒྱབ་གཏད་ཏེ་པར་ལེན་པ། རྒྱང་རིང་གི་རི་ཚོགས་ཀྱི་རྩེ་མོ་དག་གངས་ཀྱིས་གཡོག་པ་དག་པར་ལེན་པ་དང་། བྱང་ལའི་མཐོ་ཚད་འཁོད་བའི་རྡོ་རིང་གི་འགྲམ་ནས་པར་ལེན་པ་སོགས་ཡུལ་ཙམ་ཞིག་ལ་བྱང་ལ་ཞེས་པའི་ཉག་ག་དེར་པར་ཆས་སྣ་ཚོགས་ཀྱི་ཚག་སྒྲས་གང་། ད་ནི་པར་ཆས་ནང་གི་ཅ་ལག་ཀུན་ཚ་བོ་ཆག་ཡོད་ཨང་སྙམ་པའི་པར་བླངས་རྗེས་རང་རང་གི་སྣུམ་འཁོར་ཆེ་ཆུང་བཟང་ངན་དུ་བསྡད་དེ་རྒྱལ་ས་གླེ་དང་སྤང་གོང་ཕྱོགས་སུ་བཞུད།
བྱང་ལ་ནས་ཚུར་སྤང་གོང་ཕྱོགས་སུ་ཐུར་དུ་འབབ་དགོས་པའི་རླངས་འཁོར་གྱིས་རྒྱག་པའི་རྣ་བར་ཟུག་པ་དེར་ཉན་མི་དགོས། དེ་ནས་མར་བབས་ཡོང་ན་མཚོ་ལྟག་ཅེས་པའི་དམག་སྒར་ཆུང་ཆུང་ཡོད་ས་ཞིག་ཏུ་སླེབས་ཤིང་། མཚོ་ལྟག་ཅེས་པ་ནི་ཡུལ་དེར་མཚོ་ཆུང་ཞིག་ཡོད་པའི་ལྟག་སྟེ་སྒང་ངམ་གོང་དུ་ཡོད་པས་མིང་དེ་ལྟར་ཐོག་སྐད། དེ་ནས་ཚུར་ལུང་ཡང་ལུང་གཞུང་ཞིག་འཕྲད་ཀྱིས་རྒྱུ་དགོས་པ་Burbuk ཞེས་པའི་ཡུལ་དུ་སླེབས། དེ་ནས་ཡུལ་་་་་་་་་AnamGo ཞེས་སོགས་རྒྱུ་དགོས་ཤིང་ཡུལ་དེའི་གོང་མ་པ་ཞེས་པའི་ཁྱིམ་རྒྱུད་དུ་སྐྱབས་རྗེ་རྟོག་ལྡན་རིན་པོ་ཆེ་སྐུ་ཕྲེང སྐུ་བསྡམས་ས་ཡིན། དེ་ནས་ཚུར་ཡོང་ན་བྲག་རྩེ་ཞེས་པའི་ཡུལ་དུ་འབྱོར་ཞིང་དེར་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་མང་ཞིང་སྤང་གོང་ཕྱོགས་ལ་འགྲོ་མཁན་གྱི་ངལ་གསོའི་ལམ་སྟེགས་གལ་ཆེན་ཞིག་རེད་འདུག་ལ་ང་ཚོས་དེར་གུང་ཟས་ཟོས་པ་ཡིན། མོག་མོག་དང་ཐུག་པ། ཆོད་མན་གསུམ་ལ་བྲོ་བ་མྱོང་ཆེད་ང་དང་མཛའ་བོས་དེ་གསུམ་ཕྱེད་ཀ་རེ་ཟོས་པ་ཡིན་མོད། མཐོ་སྒང་ཟ་ཁང་ངམ་ལམ་འགྲོ་བའི་ཟ་མ་དེར་བྲོ་བ་ཅི་ཡང་མི་འདུག་ཨང་སྙམ།
བྲག་རྩེ་ནས་ཚུར་ཅུང་ཙམ་ཡོང་ན་ལམ་གྱི་གཡས་ངོས་ཀྱི་བྲག་ངོས་ན་དགོན་པ་ཞིག་འདུག་པ་བྲག་ཁང་བྱང་ཆུབ་གླིང་དང་། དེའི་བྲག་འདབས་དེར་སྔ་མོ་བོད་དམག་༢༢ སྡོད་ས་དང་དགའ་འཕེལ་གླིང་ཞེས་པའི་དགོན་པའི་དགོན་ཆུང་ཞིག་ཀྱང་ཡོད་ཟེར། གཉིས་ཀ་འབྲི་གུང་བཀའ་རྒྱུད་ཀྱི་དགོན་པ་ཡིན་འདུག་{དགོན་པ་དེ་གཉིས་ཕྱག་འདེབས་མཁན་དང་དུས་རབས་ནམ་ཡིན་སོགས་དཔྱད་གཞིར་ལྷག} བྲག་རྩེ་ནས་སྤྱི་ལེ་༢༥ཙམ་གྱི་སར་སྤང་གོང་མཚོ་སྔོ་ལྡེམ་མེར་འཁྱུལ་འདུག སྤང་གོང་མཚོ་ནི་བོད་མངའ་རིས་རྩ་མདའ་རྫོང་དང་ཧ་ཅང་ཉེ་ཞིང་། རྒྱ་མཚོ་ངོས་ལས་མཐོ་ཚད་སྨིས་༤༣༥༠ དང་སྤྱི་ཁྲེ་༡༤༢༧༠ ཙམ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་༡༣༤ དང་དཀྱིལ་ཞེང་ལ་སྤྱི་ལེ་ལྔ་ཡོད་སའང་ཡོད་ལ། ཡང་བར་མཚམས་རེར་སྤྱི་ལེ་གཅིག་ལས་མེད་སའང་འདུག སྤང་གོང་ལ་མཚོ་ལག་ཆེན་པོ་གཉིས་ཡོད་ཅིང་། གཅིག་ནི་དེང་གི་’’སྤང་མིག” ཅེས་པའི་མདུན་ཕྱོགས་ནས་བོད་ཀྱི་ཕྱོགས་སུ་འཁྱིལ་ཡོད་ཅིང་། གཞན་དེ་ལུ་ཁུང་ནས་འགོ་བཙུགས་ནས་ཆུ་ཤུལ་ཕྱོགས་ནས་བོད་ཀྱི་རུ་ཐོག་ཕྱོགས་སུ་འཁྱིལ་ནས་ཡོད། སྤང་གོང་མཚོ་འདི་བརྒྱ་ཆའི་ཉེར་ལྔ་ལ་དྭགས་ཀྱི་ས་ཐོག་དང་། བརྒྱ་ཆའི་དོན་ལྔ་བོད་ཀྱི་ས་ཐོག་ཏུ་ཡོད་སྐོར་ཡིག་ཆར་གསལ། སྤང་གོང་མཚོ་ནི་ཀླུའི་རྒྱལ་པོ་སྤང་གོང་ཞེས་པས་བདག་ཏུ་བཟུང་བས་ན་ཀླུ་རྒྱལ་སྤང་གོང་བའི་མཚན་དེ་མཚོ་ལ་ཐོག་པར་བཤད་པ་དང་། ཡང་སྤང་གོང་ཞེས་པ་མཚོ་དེ་གཅིག་པུའི་མིང་མ་ཡིན་པར་དེའི་ཉེ་འཁོར་དང་བྲག་རྩེ་ནས་ཕར་ཙམ་སྤང་གོང་གི་ཁོངས་བཏོགས་སམ། ས་གནས་དེ་དག་ཚང་མར་སྤང་གོང་བ་དང་ཁོང་ཚོ་སྤང་གོང་གི་ཡིན་ཟེར་ཞིང་། ཡུལ་དེ་དག་གི་མིང་སྤྱི་ལ་སྤང་གོང་ཟེར་བ་མཚོ་ལ་ཕར་ཐོག་པར་ཡང་བཤད་མོད། (ཡིད་བརྟེན་འཕེར་བ་ཡིན་ཤེས་མ་སོང་།)
སྤྱིར་ལ་དྭགས་ཀྱི་རྒྱལ་ས་གླེ་ནས་སྤང་གོང་མཚོ་བར་དུ་སྤྱི་ལེ་༡༡༣ ཙམ་ལས་མེད་ཅིང་དུས་ཚོད་བཞི་ཙམ་གྱི་འབྱོར་ཐུབ་མོད། ངེད་ཚོའི་སྤྱི་སྤྱི་རླངས་འཁོར་དེ་ལམ་སྐེད་དག་ནས་གང་དྲན་དུ་འདུག་ཅིང་ངལ་གསོ་ཞིང་ཇ་འཐུང་བ་སོགས་བྱས་རྐྱེན་ཕྱི་དྲོའི་དུས་ཚོད་གསུམ་པ་ཡོལ་ཙམ་ལ་མ་གཏོགས་སྤང་གོང་མཚོ་ཁར་སླེབས་མ་སོང་།
ཕྱི་དྲོའི་སྤང་གོང་མཚོ་ཧ་ཅང་སྔོ་ལྡེམ་མེར་འདུག་ཅིང་། གཡའ་དག་པའི་ནམ་མཁའ་དང་རི་རྩེ་དག་གི་སྤྲིན་དཀར་དུམ་བུ་རྣམས་མཚོ་ནང་དུ་ཤར་འདུག་པ་ནི་ངས་ལྕེ་ཡིས་བཤད་ནུས་ཀྱང་ལག་གི་ཡི་གེར་འགོད་ཤེས་མ་སོང་། མཚོ་ཁ་དག་ན་ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་གྲངས་མེད་པ་ཧ་ཅང་བག་ཕེབས་དལ་ལྷོད་ངང་རྒྱུ་ཞིང་། པར་ཆས་ཆེ་ཆུང་རིང་ཐུང་རྣམས་ཀྱི་སྤང་གོང་མཚོའི་འཁོར་ཡུག་དང་རྣམས་པ་འདྲ་མིན་པར་ལེན་པར་བྲེལ། ང་ཚོ་Lukung {ཀླུ་ཁུང}ཞེས་པར་སྣུམ་འཁོར་ལས་བབས་པ་ཡིན་ལ། དེ་ནི་སྤང་གོང་མཚོའི་མགོ་སྔ་གང་རུང་ངམ་སྣེ་མོ་གཅིག་རེད་འདུག་ལ། དེ་ནས་མཚོ་འགྲམ་ནས་ཤར་ལྷོའི་ཕྱོགས་སུ་སྤྱི་ལེ་ལྔ་ཙམ་སོང་ན་སྤང་མིག་ཞེས་པའི་ས་ཚིགས་སུ་སླེབས། Lukung དང་སྤང་མིག་མཚོ་གཉིས་ཀྱི་དབར་རྒྱ་གར་གྱི་གྲགས་ཅན་གློག་བརྙན་སྨྱོན་པ་གསུམ་{three idea}ཞེས་པ་དེ་འཁྲབ་སའི་མཚོ་འགྲམ་གྱི་ཡུལ་ལྗོངས་མཛེས་སྡུག་ལྡན་པ་དེ་ཡོད་ལ། ས་གནས་དེར་ཉི་གདུགས་དམར་སེར་ཆེ་ཆུང་མངས་པའི་འོག་ཏུ་འཛམ་གླིང་གི་ཡུལ་གྲུལ་གང་ས་ནས་འོང་བའི་ཡུལ་སྐོར་བས་པར་ལེན་ཞིང་ངལ་གསོ་བྱེད་ཆོག་ལ། གོང་གི་གློག་བརྙན་དེ་རྒྱ་གར་ནང་དུ་གྲགས་པ་འབར་རྗེས་དབྱར་དུས་སུ་ཉིན་རེར་རྒྱ་གར་བ་བརྒྱ་ཕྲག་མང་པོས་མིག་ཟུང་གཏོད་ཅིང་རྐང་རྩེས་བཀོད་པར་བྲེལ།
ངོ་མ་སྤང་གོང་མཚོ་འགྲམ་གྱི་ལྟ་སྐོར་བའི་གྲངས་བརྒྱ་ཆའི་བདུན་ཅུ་བརྒྱ་ཅུ་རྒྱ་གར་བ་རེད་ལ། སྤྱིར་ལ་དྭགས་ཀྱི་ས་ཁུལ་གང་སར་ཡུལ་སྐོར་བ་འགྲོ་ས་ཚང་མར་རྒྱ་གར་བས་གྲངས་ཚད་མང་ཤོས་རེད་འདུག འདི་ནི་དེང་གི་རྒྱ་གར་གྱི་དཔལ་འབྱོར་ཡར་རྒྱས་དང་{རྒྱ་གདེང་}གི་དབྱར་ཁའི་ཚ་བ་ཆེ་བ་གཉིས་ཀར་འབྲེལ་བ་དམ་ཟབ་ཡོད་པར་སྙམ། བོད་མི་དང་ལ་དྭགས་པ་ཚོས་སྤང་གོང་མཚོ་ནི་ལྷ་མཚོ་དང་ཀླུ་མཚོ། ལྷ་ཅིག་ཅིག་དང་ཀླུ་མིག་མིག་གིས་བདག་དུ་བཟུང་ཚུལ་དང་། ཡང་དེའི་ལྷ་ཀླུ་དང་གདུག་པ་ཅན་གང་ཞིག་ཡོད་སྐད་སོགས་འདྲ་མིན་བཤད་མོད། ང་ནི་དྭངས་ཤིང་གསལ་བའི་མཚོ་མོ་རི་རི་ནང་དུའང་ཆུ་རྐྱལ་ཐེངས་གཅིག་བྱས་ཤིང་སྤང་གོང་མཚོ་ལ་འགྲོ་ཐུབ་ན་དེར་ཡང་ཆུ་རྐྱལ་བྱ་རྒྱུ་ཐག་བཅད་ཡོད་ཅིང་། ཧ་ཅང་དྭངས་ཤིང་སྔོ་ལྡེམ་མེར་འཁྱིལ་བའི་མཚོ་ཆེན་སྤང་གོང་འདི་འཁྱིལ་སྟངས་དང་། ཡུན་རིང་པོར་འགྲོ་ཐུབ་ན་སྙམ་པའི་གནས་དེར་དེ་རིང་སླེབས་སོང་བས། ད་ནི་ཅིས་ཀྱང་ཆུ་རྐྱལ་ཐེངས་གཅིག་ཅི་ལ་མི་བྱ། ངས་གོན་པ་ཕུད་དེ་ཆུ་ཁར་འབྱོར་འཕྲལ་གྲོགས་པོའི་ཡག་པོ་མེད་ཚུལ་ལྡབ་ལྡིབ་ཅིག་བཤད་ཀྱིན་འདུག་མོད། ཁོང་གི་སྐད་ཆ་དང་ལྷན་དུ་ང་མཚོ་ཆུའི་ནང་དུ་གཟུགས་པོ་ནུབ་ཙམ་དུ་སླེབས་ཟིན། མཚོ་ཆུ་ཧ་ཅང་བསིལ་ལ་ཚྭའི་བྲོ་བ་འདུག་པས་ངས་ཆུ་རྐྱལ་བཞིན་མཚོ་ཆུ་ཧུབ་རེ་གཉིས་འཐུང་བ་ཡིན། སྤང་གོང་མཚོ་ནི་རྒྱ་མཚོ་ངོས་ལས་སྨི་༤༣༥༠ ལས་མཐོ་བ་དང་དགོང་ཁའི་ནམ་ཟླ་གྲང་བས་ང་ཆུ་ཁར་བུད་མ་ཐག་འདར་གཟིག་ཤོར་ཞིང་ལུས་པོ་ཡོངས་ལ་ཚ་ཤར་བརྒྱབས། གང་མགྱོགས་གོན་པ་གྱོན་ཏེ་མཚོ་འགྲམ་གྱི་ཇ་ཁང་སྙེགས་པ་ཡིན། ཁོལ་ཡངས་ཤིང་སྔོ་ལྡེམ་མེར་འཁྱིལ་བའི་མཚོ་མདོག་ཇེ་ནག་ཏུ་གྱུར་ནའང་ནམ་མཁའི་སྤྲིན་པ་དཀར་པོ་དག་གསལ་ལྷེང་ངེར་མཚོའི་ནང་ཤར་ཞིང་། མཚོ་མཐའི་རི་རྩེ་དག་དམར་སེར་དུ་གྱུར་བ་མཚོ་ནང་དུ་རི་དང་སྤྲིན་པའི་སྣང་བརྙན་དག་གིས་མཚོ་ཁ་འདི་དང་འབྲལ་མི་ཐུབ་པའི་ཚོར་བ་བསྣན་ཡོང་གི་འདུག་ལ། ཚོར་བ་དེ་ང་གཅིག་པུ་མ་ཡིན་པར་སྤང་གོང་མཚོར་ལྟ་རུ་ཡོང་མཁན་སྤྱི་ལ་ཡོད་པར་ངེས།
ས་ཡོངས་སུ་རུབ་སོང་བས་ང་མཛའ་བོ་དང་ལྷན་དུ་ཁོང་གི་ཁྱིམ་དུ་ཡོང་བ་ཡིན། ངའི་མཛའ་བོའི་མིང་ལ་འཇིགས་མེད་ཟེར་ཞིང་ཁོང་ནི་གླེ་མཚན་ཉིད་སློབ་གྲྭར་སློབ་གཉེར་གནང་མཁན་ཞིག་ཡིན་ལ ། ཁོང་ནི་ཕ་ཡུལ་སྤང་གོང་ནས་ཡིན་ཞིང་སྤང་གོང་པ་ཞིག་རེད། ཁོང་ཚང་གི་གཞིས་ཁྱིམ་དྲོད་མོ་དེ་སྤང་གོང་མཚོ་དང་སྤྱི་ལེ་གཅིག་དང་ཕྱེད་ཙམ་གྱི་སར་ཡོད་ཅིང་། ནང་མི་ཕ་མ་གཉིས་དང་གཅེན་གཅུང་དང་བཅས་གཅེན་གཅུང་དགུ་ཡོད་འདུག་ལ། ངེད་གཉིས་གཅེན་གཅུང་སྤུན་དགུ་ཅན་ཡིན་པ་གཅིག་པ་རེད་འདུག མཛའ་བོས་ཁ་སང་ནས་ནང་མིར་ངས་བོད་པའི་མཛའ་བོ་ཞིག་ཁྲིད་དེ་ཡོང་གི་ཡོད་ཅེས་བརྡ་ལན་བསྐུར་འདུག་པས། སེམས་རྒྱུ་བཟང་ཞིང་ཡིད་གཞུང་དྲང་པའི་ཕ་མ་གཉིས་དང་ནུ་མོ་གཉིས། ནུ་བོ་གཅིག་བཅས་ཀྱི་སྒོ་ཕྱི་ནང་ཚང་མ་གཙང་མ་བཟོས་ཤིང་། འགྲུལ་བ་སྡོད་ཁང་དུ་གདན་དཀར་དམར་ཁྲ་གསུམ་དང་ཉལ་ཆས་’’དབུ་སྔས,,གཙང་མ་བཞག་སྟེ་ཇ་ཚ་བོ་བཟོས་ཏེ་སྒུག་བསྡད་འདུག སྤྱིེར་ང་ལ་དྭགས་ཀྱི་མཛའ་བོ་མང་པོའི་ཁྱིམ་དུ་སོང་མྱོང་མོད། བྱང་ཐང་གི་འབྲོག་ཁྱིམ་དུ་སོང་བ་དང་པོ་ཡིན། ཐོག་མར་སྒོ་ཁར་འབྱོར་མཚམས་བསུ་མ་དང་ཕན་ཚུན་འཚམས་འདྲི་{ངའི་མཛའ་བོས་ཕ་མ་གཉིས་ལ་དབུ་གཏུག་བྱས} བྱས་ཏེ་ནང་དུ་སོང་།
ཁང་པའི་ནང་དུ་གྲལ་གཡས་གཡོན་དུ་རྒྱ་ནག་ནས་དྲངས་པའི་ས་གདན་འབྲུག་རིས་མ་ཆ་གཅིག་བཏང་འདུག མདུན་ཅོག་སྟེང་དུ་ཕ་བསོད་ནམས་ནོར་འཕེལ་དང་མ་ཚེ་རིང་ཆོས་སྐྱིད་གཉིས་ཀྱིས་སྔ་ས་ནས་གྲ་སྒྲིག་བྱས་པའི་དཀར་ཆ་{རྒྱ་ནག་གི་དཀར་ཡོལ་ཆུང་ཆུང་ཞིག} ཡི་ནང་དུ་རྩམ་པ་དང་ཕྱུ་ར། མར་བཅས་ཅུང་ཙམ་རེ་བླུགས་ནས་ནང་དུ་ཇ་{ཇ་བསུལ་མ་སྟེ་ཇ་ཁུ་ལ་བོ་ཞིག་གི་ནང་དུ་མར་དང་ཚྭ་བརྒྱབས་དེ་དཀྲུགས་པ}བླུགས་པས་རྩམ་པ་ལོག་ལོག་འགའ་ཇའི་ཁར་གཡེང་ཡོང་། དེའི་ནང་དུ་ཁེམ་བུ་ཆུང་ཆུང་ཞིག་བཙུགས་རྗེས་ལག་ཏུ་བཞག{དེའི་མིང་ལ་ཇམ་ལྡིར་ཟེར་ཞིང་དོན་ལ་ངའི་ཕ་ཡུལ་ནས་གཏོའུ་མའམ་ཇ་བསྲུས་ཟེར་བ་དེ་རང་རེད་འདུག}ཇམ་ལྡིར་དེ་ལྟོགས་མགོ་གནོན་བྱེད་ཅིག་ཡིན་པ་འདྲ་ལ། ཐེངས་གཉིས་གསུམ་རེ་འཐུང་ཡར་ཆོག་པ་འདྲ་སྟེ། ངའི་མཛའ་བོ་འཇིགས་མེད་ལགས་ཀྱིས་ཐེངས་གཉིས་ལ་འཐུང་སོང་ལ། ང་ལའང་འཇིགས་མེད་དང་ཁོང་གི་ཕ་གཉིས་ཀྱིས་འཐུང་ཞེས་ནན་བྱས་བྱུང་ཡང་ངས་འཐུང་མེད། བོད་པ་ཚོ་གང་དུ་སླེབས་ཀྱང་འཛེམས་ཅུང་བྱེད་དགོས་པ་ང་ཚོའི་སྲོད་རྒྱུན་ཞིག་མ་ཡིན་ནམ། ཇམ་ལྡིར་གྱི་རྗེས་ལ་ཇ་ཚ་བོ་འཐུང་བཞིན་ཁ་བརྡའི་འགོ་བཙུགས། ངས་འཛེམས་དོག་མེད་པར་རིང་གིས་ཤེས་པའི་ལ་དྭགས་ཀྱི་སྐད་ཡིན་མདོག་དེ་བཤད། མཚམས་མཚམས་རེར་ནང་གི་ཕ་རྒན་དེས་བྱང་འབྲོག་གི་སྐད་{བྱང་ཐང་གི་བོད་མི་ཚོས་ཀྱང་དེ}རྒྱག་གི་འདུག དུས་ཚོད་དགུ་ཙམ་ལ་ཤ་རྡོག་པོ་མང་པོ་ཡོད་པའི་ཁུ་བ་དཀར་ཡོལ་གང་རེ་དང་སྡེར་མ་འབྲིང་ཙམ་ཞིག་གི་ནང་དུ་ཞོ་རྩམ་འཕུར་ནས་འཁྱེར་ཏེ་སླེབས་བྱུང་། དེ་ནི་ངས་གླེ་ན་ཡོད་པའི་གནས་ཚང་ནས་ཐེངས་འགའ་ཟོས་མྱོང་བས་ཧ་ཅང་ཞིམ་པའི་འབྲོག་ཟས་སམ་བོད་ཟས་ཐུན་མོང་མ་ཡིན་པ་ཞིག་རེད། ཤ་དང་ཞོ་རྩམ་རྒྱགས་ཚད་ཅིག་ཟོས་རྗེས་ཇ་འཐུང་བཞིན་ལ་ལུང་གི་སྐད་ཆ་བཤད། དུས་ཚོད་བཅུ་གཅིག་ཡོལ་ཙམ་ལ་འབྲས་ཆེན་སྡེར་མ་གང་རེ་དང་ཤ་བག་ལེབ་ཐལ་ལྕག་འདྲ་བ་གཉིས་ཐོག་ཏུ་བཞག་ནས་སླེབས་སོང་། ངས་ཧང་སངས་མདོག་གིས་ཅི་ལྟར་མི་དགོས་ཚུལ་བཤད་ཀྱང་ངའི་མཛའ་བོ་དང་ནང་མི་ཚོས་དགོང་ཟས་མ་ཟོས་ན་གཉིད་མི་ཐུབ་ཚུལ་སོགས་བཤད་བཞིན་ཧ་ཅང་མནན་བྱས་པར། ངས་ད་གིན་གྲོད་ཁོག་ཧ་ཅང་རྒྱག་ཚད་ཅིག་ཟོས་ཟིན་པས་ད་དངོས་ནས་ཟ་མི་ཐུབ་ཚུལ་ཇི་ལྟར་བཤད་ཀྱང་ཁོ་ཚོས་ཉན་འཇོག་མི་བྱེད། མཐར་འབྲས་ཆེན་མི་ཟ་ཡང་ཤ་ལེབ་དེ་གཉིས་ཅིས་ཀྱང་ཟ་དགོས་ཟེར་བཞིན་ངས་ཀྱང་ཁམ་བུ་རེ་རེ་བཞིན་ཡུན་རིང་བསྡད་དེ་མིད་པར་བཙན་གྱིས་བརྫངས་པ་ཡིན།
ངའི་མཛའ་བོ་འཇིགས་མེད་ནི་གྲྭ་བ་ཞིག་ཡིན་ཞིང་ལ་དྭགས་མཚན་ཉིད་སློབ་གྲྭར་ཤཱསིཏརེ་ལོ་རིམ་གཉིས་པ་རེད། ཁོང་ལ་གཅེན་གཅུང་བརྒྱད་དང་ཁོ་ཐེ་བས་མིང་སྲིང་ཕུ་ནུ་དགུ་ཡོད་པའི་ཕུ་བོ་ལོ་གཞོན་དུས་ནས་འདས་ཟིན་འདུག དེང་སྐབས་ནང་མི་ཕ་མ་གཉིས་དང་ནུ་མོ་གཉིས། ནུ་བོ་གཅིག་ཡོད་པ་འབྲུག་པདྨ་དཀར་པོར་འཛིན་རིམ་དྲུག་པའི་སློབ་སྦྱོང་བྱེད་བཞིན་འདུག་ལ། བོད་ཡིག་ལེགས་པོ་ཤེས་ཤིང་། བོད་སྐད་ཀྱང་ཕར་བཤད་པ་ཤེས་ཀྱི་འདུག ནུ་མོ་ཆུང་བ་གླེ་སློབ་གྲྭ་ཞིག་ཏུ་འཛིན་རིམ་བཅུ་བར་སློབ་སྦྱོང་བྱས་ཀྱང་དེང་སྐབས་ཡིག་རྒྱུགས་མ་ལོན་པར་བསྐྱར་དུ་འཇིགས་མེད་ཀྱི་རྩར་རང་སྦྱོང་བྱེད་ཀྱིན་འདུག ཁ་བརྡ་བྱས་རྗེས་མཚན་གུང་དུས་ཚོད་གཅིག་ཡོལ་ཙམ་ལ་ང་ཚོ་གཞི་ནས་ཉལ་བ་ཡིན་ལ་གཉིད་ཐེངས་གཅིག་གི་ཞོགས་པའི་དུས་ཚོད་དྲུག་པ་ཟིན་གྲབ་འདུག ༢༠།༨།༢༠༡༡ སྤང་གོང་མཚོ་ཁར། pangong Luke.
སྤང་གོང་འདི་བོད་ལ་ཐག་ཉེ་ཁར་ས་མཐོ་བས་ཡིན་ནམ། ཞོགས་པའི་དུས་ཚོད་ལྔ་བ་ཙམ་ནས་ནམ་ལངས་བ་དང་དུས་ཚོས་ལྔ་བ་ཡོལ་ཙམ་ནས་ཉི་རྩེ་རི་མགོ་དག་ཏུ་འབབ་པར་བྱེད། ཞོགས་པའི་སྤང་གོང་མཚོ་འགྲམ་ནི་ཅི་འདྲའི་ལྷང་འཇགས་ཤིང་། ཡུལ་སྐོར་དག་ཀྱང་རེ་གཉིས་ལས་མཚོ་འགྲམ་དུ་མཐོང་རྒྱུ་མི་འདུག འབྲོག་པ་ཚོས་ར་ལུག་རི་ངོས་དག་ལ་འདེད་ཀྱིན་འདུག་ཅིང་། རླུང་བུ་འཇམ་པོས་སྤང་གོང་མཚོ་ལ་ག་ལེར་བྱུགས་བྱུགས་བྱེད་པས་མཚོ་ནང་མཐོང་ཚད་ལ་ཆུ་རིས་རིང་མོ་བབས། ང་དང་མཛའ་བོས་སོ་བྲད་ཅིང་གདོང་ཁྲུས་རྗེས་ཁོག་གི་ཕ་མ་དང་ནུ་མོ་སོགས་ཀྱི་ཞོགས་ཟས་ཁྱེར་ནས་སླེབས་སོང་། དཀྲུགས་ཇ་ཚ་བོ་དང་མར། ཕྱུ་ར་བཅས་ཀྱི་ཇམ་ལྡིར་དཀར་རྩེ་(དཀར་ཡོལ་ཆུང་ཆུང་)གང་རེ་འཐུང་རྗེས། ཡང་བསྐྱར་ཟ་ཐུགས་ཟེར་བའི་ཤ་དང་གྲོ་ཕྱེ་ནག་པོ། ཟ་ཚོད་བཅས་ཀྱི་ཟ་ཐུག་བསྐོལ་ཏེ་སླེབས་སོང་། ངས་ཟ་ཐུག་དཀར་རྩེ་དོ་དང་མཛའ་བོས་གསུམ་འཐུང་བྱུང་། ཁོང་ཚོས་བཤད་ན་ས་དེར་ཟ་ཚོད་ཅུང་མང་ཞིང་དབྱར་དུས་ཟ་ཚོད་སྒྲིག་སྟེ་སྐམ་པར་བྱས་པ་དགུན་ཁར་ཚོད་མ་ཧ་ཅང་དཀོན་དུས་ཟ་ཚོད་བེད་སྤྱོད་ཆེ་སྐོར་བཤད་སོང་། ངས་ཀྱང་ཟ་ཚོད་ནི་བོད་མདོ་དབུས་ཁམས་གསུམ་སོགས་ཀྱི་ཀྱང་ཟ་ཚུལ་དང་། ང་ཆུང་དུས་ཟ་ཚོད་དང་ལྡུམ་བུ་སྣེའུ་ལོ་སོགས་མང་པོ་ཟོས་མྱོང་ཚུལ་ཁ་བརྡ་སྣ་ཚོགས་བྱས། ཞོགས་ཟས་གྲུབ་རྗེས་ཅ་དངོས་བསྡུས་ཏེ་ལམ་དུ་ཆས་འགོ་བརྩམས། ངེད་ཚོས་སྒོ་ཕྱི་ནང་དུ་དྲན་རྟེན་གྱི་འདྲ་པར་མང་པོ་བརྒྱབས།
དུས་ཚོད་བརྒྱད་པ་ཡོལ་ཙམ་ལ་ཁ་སང་གི་སྤྱི་སྤྱོད་རླངས་འཁོར་དེ་ཕྱིར་གླེ་ལ་འགྲོ་བཞིན་པས། ང་ཚོས་ཕན་ཚུན་བདེ་མོ་དང་གྱེས་མཚམས་ཞུས། ཕྱིས་སུ་ཡང་ཅི་ནས་ཀྱང་སྤང་གོང་མཚོ་ལ་ཡོང་ན་ནང་དུ་ཡོང་དགོས། ང་ཚོ་མཛའ་བོ་ཆགས་ཚར་བས་འཛེམས་དོག་གང་ཡང་མི་དགོས་ཟེར། ང་དང་ཨ་མ་ལགས་ཕན་ཚུན་སྐེ་འཇུས་ཀྱིས་བརྩེ་བ་སྤྲད་པ་ཡིན། ནུ་མོ་ཆུང་བ་དེ་ངོ་ཚ་ནས་ཁང་པའི་སྒོར་སླེབས་མ་སོང་།
དེ་རིང་ཕྱིར་གླེ་རུ་ཡོང་ཁར་ང་ཚོ་མི་བཞི་ཡོད་ཅིང་དེ་དག་ནི་ང་དང་འཇིགས་མེད། ཁོའི་ནུ་མོ་སློབ་མ་དེ་དང་། ཁོང་གི་གཅེན་མོའི་བུ་ཤེས་ལམ་སྒྲོན་དཔེ་གསར་སློབ་གྲྭར་ཡོད་པའི་བུ་ཆུང་ལོ་བཅུ་གཅིག་ཅན་བཅས་ཡིན། རླངས་འཁོར་དུ་བུད། ཞོགས་པའི་རླངས་འཁོར་ནི་ཧ་ཅང་རྒྱུགས་འགྱོགས་ཤིང་ངས་སྒེའུ་ཁུངས་ལས་སྤང་གོང་མཚོ་པར་རྒྱབ་པ་ཡིན། ཞོགས་པའི་ཉི་འོད་འོག་གི་སྤང་གོང་མཚོ་ནི་འོད་ཀྲིག་ཀྲིག་བྱེད་ཅིང་མིག་གི་ལྟ་མི་ཐུབ་ལ། ང་ཚོ་མཚོའི་ལྷོ་རྒྱུད་ན་ཡོད་པས་པར་ཆས་ཀྱི་ནང་ཐེབས་པ་ནི་འོད་ཀྲིག་ཀྲིག་དང་གསེར་མདོག་གིས་འཁྱུད་པའི་སྤང་གོང་མཚོ་རེད།
ཡུད་ཙམ་གྱིས་སྤང་གོང་མཚོ་རྒྱབ་ཏུ་བསྐྱུར་ཏེ་བྲང་རྩེའམ་བྲག་རྩེ་རུ་འབྱོར་ཞིང་དེར་ཞོགས་ཇ་འཐུང་། ཆུ་མངར་མོ་དང་ཞོར་ཟས་ཞོག་ཁོག་སོག་སོག་རེ་ཟས་རྗེས་མུ་མཐུད་ནས་ལམ་དུ་ཆས། སྔ་དྲོའི་དུས་ཚོད་བཅུ་ཡོལ་ཙམ་ལ་བྱང་ལ་ཞེས་པའི་ལ་མཐོན་པོར་དེར་འབྱོར་ཞིང་ཇ་འཐུང་། བྱང་ལའི་ཁོར་ཡུག་གང་སར་པར་བརྡབས། སྤང་གོང་ལ་འགྲོ་བའི་ཡུལ་སྐོར་བ་{མང་ཆེ་བ་རྒྱ་གར་མི་ཚང་བྱས་ནས་འདུག}མང་པོས་པར་ཆས་ཚ་བོ་ཆགས་འདུག བྱང་ལ་ནས་ལ་དྭགས་ཕྱོགས་སུ་བལྟས་ན་ཧེ་མེའི་དང་མང་སྤྲོ། ཏོག་བཅས་ཀྱི་གངས་རི་སོགས་རི་ཚོགས་ཀྱི་རྩེ་མོ་རྣམས་སོག་ལེ་ཡི་སོ་ལྟར་གནམ་ལ་གཏད་འདུག་ལ། གཡའ་དག་པའི་ནམ་མཁའི་མཐའ་ན་སྤྲིན་དཀར་དུམ་བུ་རེ་གཉིས་ཀྱི་ནམ་མཁར་མཛེས་རྒྱན་སྤྲོས་འདུག བྱང་ལ་ནས་ཁ་རུ་པར་ཐུར་གསེག་ཡིན་པས་རླངས་འཁོར་ཀྱི་སྐད་སྒྲ་རྣར་གཟན་པ་དང་དྲི་ངན་དེ་སྣར་སྣོམ་མི་དགོས། སྒེའུ་ཁུང་གི་བསིལ་རླུང་དེས་ཕྱིའི་ཡུལ་ལྗོངས་བསྡེབས་ནས་ལུས་སེམས་ལ་བདེ་སྣང་སྨྲ་མི་ཤེས་པ་ཞིག་སྟེར་བར་བྱེད།
ཉིན་གུང་དག་དག་ལ་ཁ་རུ་ཞེས་པར་འབྱོར་ཞིང་དེར་གུང་ཟས་ཟོས། ཁ་རུ་ནས་རྒྱལ་ས་གླེ་པར་དུ་སྤྱི་ལེ ༥༠ ལས་མེད་ཅིང་། སྣུམ་ནག་གི་གཞུང་ལམ་ཆེ་ཞིང་བདེ་བས་དུས་ཡུན་སྐར་མ་ཉི་ཤུ་ཙམ་ཡང་མ་འགོར་བར་གླེ་རུ་འབྱོར་སོང་། སྤང་གོང་མཚོ་ནི་བརྒྱ་ཆའི་དོན་ལྔ་ཡོད་པའི་བོད་དང་ལ་དྭགས་་་་་རྒྱལ་ཁབ་བམ་ཡུལ་གྲུ་གཉིས་སྔོ་ལྡེམ་མར་འཁྱིལ་བའི་གངས་ལྗོངས་ས་མཐོའི་མཚོ་ཆེན་ཞིག་ཡིན་ཅིང་། ལ་དྭགས་ཕྱོགས་ནས་དབྱར་དུས་སུ་ཉིན་ལྟར་བལྟ་མི་བ་བརྒྱ་ཕྲག་ལྷག་ཡོང་བཞིན་པའི་མཐོ་སྒང་གི་གཡུ་ཡི་ཕྲ་རྒྱན་ཞིག་ཡིན།
༢༠༡༡། ༠༨། ༢༡ ཉིན་ལྕོག་ལམ་སར་ཟམ་པ་ཞེས་པར་མཇུག་རྫོགས་པའི་ཁུལ་ལོ།
(གསལ་བཤད་། ལ་དྭགས་ཁུལ་དུ་གྲོགས་པོ་དང་གྲོགས་མོར་མཛའ་བོ་དང་མཛའ་མོ་ཟེར་ནས་འབོད་།)
ཡག་གི
ཇམ་ལྡིར་ཡིན་དང་ཇམ་འདུར་ཡིན་དཔྱད་དགོས། གླེ་ཡིན་དང་སླས་ཡིན་དཔྱད་དགོས། སྤང་གོང་ཡིན་དང་སྤང་ཀོང་ཡིན་དཔྱད་དགོས། བྲེལ་བ་མི་དགོས་དཔེ་ཀློག་བྱེད་རིམ་བཞིན་དུ་ག་ལེར་ཞིབ་པར་འཚལ། །
ལོ་རྒྱུས་ཧ་ཅང་ཡིད་འཕྲོག་པ་ཞིག་བྲིས་འདུག རྗེས་སོར་ང་ཡང་ས་གནས་དེར་ཅིས་ཀྱང་སླེབ་ཐུབ་པ་ཞིག་བྱེད་རྒྱུ་ཡིན་ཡ།
ད་དུང་གཏུལ་མ་ཡང་ནོར་འདུག
ཡིག་ནོར་དེ་ཚོར་གཟབ་ཐུབ་ན་ལེགས། ཡུལ་སྐོར་ཟིན་ཐོ་འབྲི་བར་ཡུལ་སྐོར་ཟིན་ཐོ་སྐད་གྲགས་ཅན་དེ་ཚོར་གཟིགས་ཏེ་ལེགས་ཆ་ལེན་དགོས། གང་འབྲི་དགོས་པ་དང་མི་དགོས་པའི་སྤང་བླང་བྱེད་དགོས།
དེ་ནས་རྩོམ་པ་པོའི་རྣམ་དཔྱོད་གསལ་འོང་གི་རེད།
ཡུལ་སྐོར་ཟིན་ཐོ་ཧ་ཅང་ཡག་པོ་ཞིག་བྲིས་འདུག་པ་མ་ཟད་པར་བ་ཡང་ལེགས་པོ་ཞིག་གི་བཟོ་འདུག
སྤང་གོང་མཚོ་འདི་རིང་མོ་ཡོད་པས། ཕྱེད་བོད་ཀྱི་ས་གནས་དང་། ཕྱེད་ལ་དྭགས་ས་གནས་སུ་ཡོད་ཟེར། ང་ལ་དྲི་བ་ཞིག་ཡོད། མཚོ་འདིའི་ཆུ་ལན་ཚྭ་བ་ཡིན་ནམ། ཡང་ན་། ས་གཞིའི་ཆུ་གཞན་བཞིན་འཐུང་ཆོག་པ་ཡིན། ང་ནི་ལ་དྭགས་ལས་ཕྱི་ལོགས་ལ་བསྡད་པ་མང་། དེ་དག་ལས་མང་ཤོས་ཨ་རི་ལ་བསྡད། གཅན་བཟོད་རྒྱམ་མཆོག་གི་རྩོམ་ཡིག་ལོ་རྒྱས་ལེགས་ཤིང་། སྤར་དེ་དག་གིས་སྤང་གོང་མཚོ་ཇི་ལྟར་ཡོད་པར་རྟོགས་པ་ལ་ཕན་ཐོགས་ཆེ། ལ་དྭགས་ཕྱོགས་ནས་མཚོ་དེ་ལ་བལྟ་བསྐོར་པ་མང་པོ་འགྲོ་བ་ལྟར་བོད་མངའ་རིས་ཤར་ཕྱོགས་ནས་བལྟ་བསྐོར་པ་འགྲོ་བ་ཡོད་དམ།
ད་བོད་རིགས་ཚང་མས་བོད་སྐད་བསྲུང་དགོས། མིང་ཚིག་གཅིག་རྐྱང་རྐྱང་ལ་འདྲི་བ་མཆིས། དེ་ནི། ལོ། ཞེས་པ་དེ་ཡིན། ལོ་ལ་དོན་ཇི་ཙམ་ཡོད་དམ། གཉིས་ནི། ཡོངས་གྲགས་ཡིན། གསུམ་པ་དེ་ལ་དྭགས་པས་བཀོལ་བ་བཞིན་རྗེ་སྒམ་པོ་པ། དྭགས་པོ་ལྷ་རྗེས་བྲིས་པ་མཇལ། ཕལ་ཆེར་ལོ་ངོ་སྟོང་ཕྲག་གཅིག་ཙམ་སྔོན་དུ་བྲིས་སོ།
དངོས་གནས་ཡག་པོ་བྲིས་འདུག ཞུ་དག་ཡག་པོ་ཞིག་སོང་ཡོད་ན་དེ་བས་ཡག་ས་རེད།
ལོ་བྱེ་བ་དུ་མའི་སྔོན་དུས་བོད་ཀྱི་སར་རྒྱ་མཚོས་གང་ཡོད་ཅེས་ཚན་རིག་པས་བཤད། རྒྱ་མཚོའི་ཆུ་ས་གནས་དམའ་བར་འཕོས་པ་ས་རྡོ་མ་གཏོགས་ཚྭ་ཆགས་མེད་པ་དང་། གལ་ཏེ་མཚོ་སྔོན་པོ་དང་སྤང་གོང་མཚོ་སོགས་ཚྭ་ཁུ་ཡིན་ན། བྱང་ཐང་ཆེན་པོར་རྒྱ་མཚོའི་ཆུ་འཁྱིལ་བ་སྐམ་པོར་སོང་བས་ཚྭ་ཆགས། ༢༠༠༦ ལོ་ང་མཚོ་སྔོན་པོ་ལྟ་བར་སླེབས་ཀྱང་། ཆུ་དེ་ཚྭ་ཁུ་ཡིན་མིན་ལ་སྣང་བ་ཡང་མ་བྱུང་། གལ་ཏེ་མཚོ་དེ་དག་གི་ཆུ་ཚྭ་ཁུ་ཡིན་ན་སྐམ་པའི་རྗེས་ལ་ཚྭ་ཆགས་པ་གདོན་མི་ཟ་བ་ལགས། རི་ལ་དབྱར་རྩྭ་དགུན་འབུ་རྐོ་དྲག་ན། ས་བཅུད་ཉམས་ཁ་ཆིག་གོ་་ཞེས་ལྟ་བུ། ལོ་གྲག་ཟེར་གསུམ་དོན་གཅིག་ཡིན་པ་བོད་མཚན་ཉིད་པས་བཤད། གསུམ་པ། ཐུབ་པའི་དོན་བཀོལ་བ་ཡོད་མེད་ལེགས་པར་མི་ཤེས་ཀྱང་། ལ་དྭགས་སུ་བཀོལ། དཔེར་ན། ༡༩༤༧ལོ་ལ་རྒྱ་གར་དམག་མི་ལ་དྭགས་པ་ཞིག་གྱི་པཱ་ཀི་སྟན་གྱི་དམག་ལོ་བྱས་མི་འདུག་ཟེར་སོང་། (འདི་ནི་ཀླ་ཀློའི་དམག་རི་མཐོན་པའི་རྐྱེན་ལས་གནས་སྐབས་ཕམ་པ་ལྟ་བུར་གྱུར་ཀྱང་། མཇུག་ལ་རྒྱ་གར་དམག་མིར་ལ་དྭགས་པ་གཞོན་པ་རྣམས་རི་རྩེ་ལ་འཛེགས་ཏེ་དགྲ་ཕྱོགས་ཀྱི་དམག་ལོག་ནས་བྲོས་ཤོར་དགོས་པ་བྱུང་།) དེ་བཞིན་དུ། ༡༠༧༩ ནས། ༡༡༥༣ བར་བཞུགས་པ། རྗེ་སྒམ་པོ་པ། དྭགས་པོ་ལྷ་རྗེ་བསོད་ནམས་རིན་ཆེན་གྱིས། ” འཆི་བ་ལ་བྲོས་པས་མི་ཐར། མཛངས་ཤིང་སྨྲ་མཁས་ཀྱང་བཤད་བྱང་གིས་མི་ལོ་སྟེ།” ཞེས་སོགས་གསུངས་སོ།
་
གོང་དུ་ཁ་ཅིག་གིས། “ཡིག་ནོར་དེ་ཚོར་གཟབ་ཐུབ་ན་ལེགས།” ཞེས་པ་དང་། བདག་གིས་བོད་ཀྱི་མཁས་པའི་ཡི་གེ་ཐོབ་ཐང་བཞེད་ཚུལ་བཀོད་པ་ལ། “ལ་དྭགས་པས་ཉོག་བཤད་རྐྱང་རྐྱང་བརྒྱབ་འདུག” ཅེས་པ་ནི་ཕྱོགས་ལྷུང་གི་དྲི་མས་རྣམ་དཔྱོད་ཀྱི་དབང་པོ་ཉམས་པའི་རྟགས་སོ།
ས་བཅུད་ཉམས་ཁ་ཆིག་གོ་་ཞེས་ལྟ་བུ། ཞེས་པ་དེ། ས་བཅུད་ཉམས་ཁ་ཆིག་ལོ། ཞེས་པ་ལྟ་བུ། ཞེས་ཞུས་དག་བྱས་སོ།
ཕོར་པའི་ནང་གི་རྩམ་པ་ཉུང་ཉུང་སྒང་ལ་ཇ་མང་ཙམ་བླུག་ནས་མཐར་སྐྱོ་མ་བཟོ་བ་ལ། ཁ་ནས་ཇམ་ལྡུར་ཟེར་ཡང་། ཇ་ལྡུར་ཞེས་འབྲི་དགོས། ཚུ་ཚོད་ལ། དུས་ཚོད་བྲིས་པ་དགོས་པ་ཆེར་མ་མཐོང་། མཚོ་མཇལ་ཡིན་དང་མཚོ་རྐྱལ་གང་ཡིན་ཆ་མ་འཚལ། འོནད་ཀྱང་ལོ་རྒྱུས་སྙན་པོ་བྲིས་འདུག
ཀ་རྡོ་བས་ཇ་ལྡུར་ཟེར་བ་བདེན་པ་རེད། ཡི་གེ་དེ་ལྟར་བྲིས་བ་མཐོང་སོང་མོད། གོང་དུ་ཀློག་མཁན་འགའ་རེས་གསུངས་པ་ལྟར་ཟིན་ཐོ་བྲིས་ཚར་བ་ངའི་གྲོགས་པོ་ཞིག་གིས་གོང་གསེང་སྐབས་བསྟུན་གློག་ཀླད་དུ་བཅུག་པ་ཞུ་དག་འགྲོ་ཐུབ་མེད་པས་ནོར་འཕྱུགས་ཆད་ལྷག་མང་པོ་ཤོར་བ་ཏན་ཏན་ཡོད་པས་དགོངས་དག་ཞུ། རྗེས་མར་ཞུ་དག་གང་ནུས་བྱེད་རྩིས་ཡོད།
གཞན་རྒན་ལ་དྭགས་པའི་དྲི་བར་རྗེས་སུ་ལན་འབུལ་ཆོག་པ་ཞུ། ད་ལྟ་ང་ཁ་པར་ལས་དྲ་རྒྱར་འཛུལ་བཞིན་པས་ཡི་གེ་མང་པོ་འབྲི་བར་དཀའ་ངལ་འདུག
བསམ་ཚུལ་བཤད་མཁན་རེ་གཉིས་ལའང་ལན་ལྟ་བུའི་རང་གི་བསམ་ཚུལ་རེ་ཞུ་འདོད་པས་རྗེས་སུ་མཇལ་ཡོང་།
སྤང་གོང་དང་མཚོ་མོ་རིལ་རིལ། ཁྲ་རྫིང་མཚོ་གསུམ་ལ་ང་སོང་མྱོང་ལ་མཚོ་རྐྱལ་ཡང་བྱས་པ་ཡིན། མཚོ་དེ་དག་ལ་བ་ཚྭ་ཡོད་པས་འཐུར་ཆུར་མི་བྱེད་མོད། ཆུ་དཀོན་པོ་ཡིན་དུས་མཚོ་ཆུ་འཁྱོངས་ནས་སྣོད་ཆས་བཀྲུས་ཀི་ཡོད་ཟེར། ཁ་རྫིང་མཚོ་ཁའི་འབྲོག་པ་མི་མང་ལ་འཐུང་ཆུ་ཧ་ཅང་དཀོན་པོ་འདུག ཆུ་ལེན་དུ་མཚོ་མཚོ་རིལ་རིལ་དང་ཐག་ཉེར་འགྲོ་དགོས་པ་འདྲ། སྤང་གོང་གི་ལི་ཀོང་པ་ཚོར་རྩྭ་ཆུ་གཉིས་འཛོམས་རེད་འདུག མཚོ་མོ་རིལ་རིལ་ལ་འདུག་མཁན་ཚོར་ལྕགས་སྦུག་ལས་རང་འབབ་ཆུ་རྒྱུ་ཆད་མི་འདུག་ལ། མཚོ་ཁར་སྤང་ལྗོངས་སྔོན་མོར་སྤང་རྒྱན་མེན་ཏོག་སྣ་ཚོགས་འཁྲུངས་འདུག་པ་སེམས་སྐྱིད་ཅིང་ལུས་བདེ་བ་ཞིག་རེད་འདུག
བོད་མངའ་རིས་ཕྱོགས་ནས་སྤང་གོང་མཚོ་མཇལ་དུ་ཡོང་མཁན་ཡོད་མེད་ང་ལ་རྒྱུས་མེད།
གཞན་དག་ལ་བསམ་ཚུལ་རྗེས་སུ་འབུལ་ཐུབ་པ་བྱའོ།།
ཀ་རྡོ་བདེན་པ་རེད། ཇ་ལྡུར་ཞེས་བྲིས་པ་འགའ་མཐོང་མོད། ངའི་ཟིན་ཐོ་འདི་འབྲི་དེབ་ཏུ་བྲིས་ཡོད་པ་གྲོགས་པོ་ཞིག་གིས་གུང་གསེང་དང་བསྟུན་ནས་ཡིག་གཏགས་བྱས་པར་ཞུ་དག་འགྲོ་ཐུབ་མེད་པས་ཡིག་ནོར་དང་ཆད་ལྷག་མང་དུ་ཡོད་ངེས་ལ་དགོངས་དག་ཞུ། མཚོ་མཇལ་གྱི་ཞོར་ནས་མཚོ་རྐྱང་ཐེངས་གཅིག་ཀྱང་བྱས་པར་དགོངས་དག་ཞུ། མཚོ་མོ་རིལ་རིལ་དང་སྤང་གོང་མཚོ། ཁྲ་རྫིང་མཚོ་གསུམ་གར་མཚོ་རྐྱལ་རེ་བྱས་པས་དེང་སྐབས་ནད་ན་ཚ་གང་མེད་པ་ཆགས་འདུག