བོན་རྒྱ་བསྟན་འཛིན་རབ་རྒྱས།
ལོ་ལྔ་བརྒྱའི་ཡར་སྔོན་དུ། བོད་ལ་བླང་དོར་གྱི་གནས་ལ་རྨོངས་པའི་སྒོམ་པ་བ་མང་དུ་བརྡོལ་བའི་སྐབས་ཤིག་ལ་ཐ་སྙད་འདི་བྱུང་འདུག སྤང་བྱ་གོང་མོ་མ་ཡིན་ལ་བླང་བྱའང་འཇོལ་མོ་མ་ཡིན་མོད། ལྟག་ཆོད་དང་ལོག་པར་རྟོག་པ། གཙོ་ཕལ་གྱི་རྣམ་གཞག་འཆོལ་བ་སྟེ། མདོར་ན། སྤང་བླང་གཉིས་ཀ་ནོར་བའི་སྒོམ་པ་བ་ཚོར་ངོས་འཛིན་འདི་འདྲ་ཞིག་བྱས་འདུག ད་ལྟའི་བཙན་བྱོལ་གྱི་ཆབ་སྲིད་ཀྱི་གནས་བབ་ཀྱང་ཕལ་ཆེར་སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་རུ་གྱུར་འདུག
ཚན་པ་དང་པོ། སྤྱི་འཐུས་ལས་འཕྲོས་པ།
སྤྱི་འཐུས་ནི་མི་མང་གི་སྐུ་ཚབ་རེད། སྤྱིར་ན་རྒྱལ་སྤྱིའི་འགྱུར་འགྲོས་དང་། འཐབ་རྩོད་ཀྱི་གནས་བབ། སྒྲིག་འཛུགས་ཀྱི་སྤུས་ཚད། མི་
མང་གི་གོ་རྟོགས་བཅས་པར་དམིགས་ནས་སྐད་ཆ་བཤད་རྒྱུ་ནི་སྤྱི་འཐུས་ཀྱི་འགན་ཁུར་རེད། ཡིན་ནའང་། མི་མང་ལ་འགན་མི་འཁུར། ཐ་ན་བཅའ་ཁྲིམས་ལའང་འགན་མི་འཁུར་བར། རྐུབ་སྟེགས་ལ་འགན་ཁུར་ནས་མི་མང་གི་གོ་རྟོགས་དང་ཚོར་བ་ལ་སྡོམ་བརྒྱབ་སྟེ། མི་མང་གི་ཁྲོད་དུ་ཚོར་བ་སྤེལ་བ། གླེང་ཕྱོགས་སྤེལ་བ། ངོས་འཛིན་སྤེལ་བ། དཔེར་ན། གཏམ་བཤད་ཀྱི་ཚིག་ཟིན་ཡན་ཆད་ནས་དྲ་ཐོག་གི་རྒྱུ་མཚན་མེད་པའི་འཆལ་གཏམ་གྱི་ཚབ་མཚོན་དུ་གྱུར་པའི་མདའ་མོ་འཕེན་རེས་བྱེད་པ། རྒྱལ་སྤྱིའི་ཁ་ཕྱོགས་གང་ནས་འཁོར་བ། དགྲ་བོའི་གནས་ཚུལ་གང་དུ་ཡོད་པ། གཞིས་ཀྱི་སྐྱིད་སྡུག་གང་དུ་ཆས་པ། བཅའ་ཁྲིམས་གང་ནས་རལ་བ་སོགས་ལ་སྣང་དོགས་ཙམ་ཡང་མི་བྱེད་པ་ནི། ཆེས་ཡ་ང་བའི་གནས་ཤིག་རེད།
འགོ་ཁྲིད་དང་སྤྱི་མི། དགེ་བཤེས་དང་མཁན་པོའི་མིང་ཆེན་རེ་ཁུར་ནས། ཤི་ཚར་བ་དང་ཤི་ནས་དགུང་ཞག་མ་སོང་བའི་ཤི་བོ་དག་གི་མིང་གིས་སྐད་ཀྱིས་བོས་ཏེ། གཞན་མགོ་རྡུང་བྱེད་ཀྱི་ཐོ་བ་དང་། འོས་འཕྲོག་བྱེད་དང་འོས་བསྡུ་བྱེད་དུ་བཀོལ་བར་འཚེར་སྣང་མེད་པར་འཕྱ་བ་དང་། སྡིགས་པ། དམོད་པ་སོགས་ཀྱི་ལས་རྩོམ་པ། ཐ་ན། བཀའ་བློན་གྱིས་དྲིས་ལན་འདེབས་རྒྱུ་བརྗེད་ནའང་། “དཔལ་ལྡན་ཅིག་ཅིག་ཅིག ལན་རག་མ་སོང་། གང་ཟག་ལ་ལྟ་གི་ཡོད་དམ། ” ཟེར་བ་ལྟ་བུ། ཆེས་དམའ་རིམ་གྱི་གུས་ལུགས་ཚུན་ཆད་རྡོག་རོལ་ཏུ་བཏང་ནས་སྐད་ཆ་བཤད་སྟངས་དེ་དག་ནི་ཅི་ཞིག་རེད། རྐུབ་སྟེགས་དང་དྲ་སྨྱོན་པ་ཚོའི་ཚོར་བ་དགུག་བྱེད་ཀྱི་ལྕགས་ཀྱུ་རེད་དམ།
ལྷག་པར་སྤྱི་འཐུས་ལྷན་ཚོགས་ནི་ཁྲིམས་བཟོ་ལྷན་ཚོགས་ཡིན་པས་རང་གིས་བཟོས་པའི་ཁྲིམས་སྒྲིག་ལ་རྒྱུས་མངའ་དང་གུས་བཀུར་གཉིས་ཀ་དགོས་མོད། ཐ་ན་ཁྲིམས་སྒྲིག་དེ་དག་རང་ཉིད་ཀྱིས་བཟོས་པ་དང་། རང་ཉིད་དེའི་འོག་ན་ཡོད་པའང་གཏན་བརྗེད་དུ་གྱུར་ནས། བརྒྱུད་ལམ་ཁག་དུ་བཅའ་ཁྲིམས་ཁ་མི་ཚང་བ་དང་། ཁ་མི་གསལ་བའི་སྐྱོན་འདོགས་པ་ནི་ཧམ་པས་རི་བཞེངས་པ་རེད། ཀླད་པས་བྲོ་འཁྲབ་པ་རེད། བཅའ་ཁྲིམས་ལ་བསྐྱར་བཅོས་དང་ཁ་གསབ། འཐུས་ཚང་དུ་གཏོང་མཁན་སྤྱི་འཐུས་ཡིན་པ་ལས་གཞན་སུ་ཡང་མིན། བཅའ་ཁྲིམས་ཁྲིམས་སུ་གཏན་ལ་ཕབ་ནས་སྤྱི་འཐུས་སྐབས་ཁ་ཤས་སོང་བ་མ་ཟད། སྐབས་བཅུ་དྲུག་པ་འདིའང་ལོ་ལྔ་པ་ཡིན་པས། ད་ནི་བཅའ་ཁྲིམས་འཐུས་ཚང་ཡིན་མིན་གྱི་སྐད་ཆ་གླེང་ས་མེད། བཅའ་ཁྲིམས་ལ་མི་གསལ་བ་དང་ཆ་མ་ཚང་བའི་ངོས་ཤིག་ཡོད་ན། སྤྱི་འཐུས་ལྷན་ཚོགས་ཀྱིས་རང་འགན་མ་བསྒྲུབ་པ་དེ་ཤེས་དགོས་པ་ལས་ཁག་གཡོག་ས་གཞན་མེད། སྤྱི་འཐུས་ཚོ་ཚན་ཆུང་བརྒྱ་དང་བཅོ་ལྔ་ཅན་གྱི་བཅའ་ཁྲིམས་ལའང་རྒྱུས་མེད་པ་ནི་ཧ་ཅང་ཐབས་སྐྱོ་བའི་གནས་ཤིག་རེད།
ཅི་མཛད་ལེགས་པར་མཐོང་དགོས་ན། །གང་བྱུང་མང་བྱུང་མ་མཛད་རོགས། །ཞེས་པ་ལྟར། མི་མང་གིས་བསྐོས་པའི་དབུ་ཁྲིད་ལ་གུས་བཀུར་དགོས་ན། མི་མང་གིས་བདམས་པའི་སྲིད་བྱུས་དང་ལངས་ཕྱོགས་ལའང་གུས་བཀུར་དང་བརྩི་མཐོང་དགོས་པ་སྨོས་མི་དགོས་པ་དང་། ལྷག་པར་ཆོས་པ་དང་དགེ་བཤེས་ཡིན་ཟེར་བཞིན། རྒྱལ་བ་རིན་པོ་ཆེ་བླ་མ་རྡོ་རྗེ་འཛིན་པ་ཡིན་ཟེར་བཞིན། དབུ་མའི་ལམ་རྒྱལ་བ་རིན་པོ་ཆེའི་དགོངས་གཞི་ཡིན་པ་ཤེས་བཞིན་དུ། བོད་མི་མང་གི་ཆབ་སྲིད་ཀྱི་མངོན་འདོད་ཡིན་པ་ཤེས་བཞིན་དུ། གྲོས་ཚོགས་ར་བ་དེ་ནས་སྤྱི་མོས་ཀྱིས་གཏན་ལ་ཕབ་བཞིན་དུ། རང་ཉིད་ཀྱིས་ཀྱང་དེ་ཁ་ལ་ཁྱེར་ནས་རྐུབ་སྟེགས་དེར་བསྡད་བཞིན་དུ། དེ་ལ་ཡིད་ཆེས་མེད་པ། རེ་བ་མེད་པ་སྟེ། སྡིགས་པ། འཕྱ་བ། ཟུར་ཟ་། བྱེད་པ་བཅས་ནི་མི་མང་གི་མངོན་འདོད་རྡོག་རོལ་བཏང་བ་ཨེ་རེད། བླ་མའི་བཀའ་ལ་རྒྱབ་འགལ་བྱས་པ་ཨེ་རེད། ཆོས་པ་དང་རིགས་ལམ་ཤེས་པ་གཞིར་བཞག་ནས། ངས་ཐལ་བ་འདི་དག་གཏོང་གིན་ཡོད། ད་དུང་དངོས་བཏགས་ཕྱེ་ནས་ཁས་ལེན་ལ་གཡོལ་བ་ནི་རྩེད་མོ་རྩེད་པ་རེད།
བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཚོགས་མི་བྱེད་མྱོང་བ། ཚོགས་གཙོ་གཞོན་གྱི་འགན་ཁུར་མྱོང་བ། རྒྱལ་བ་རིན་པོ་ཆེའི་ཐད་བསྐོས་སྤྱི་འཐུས་ལའང་བསྐོ་བཞག་བྱེད་མྱོང་བ། ལོ་མང་སྤྱི་འཐུས་ཀྱི་འགན་ཁུར་བ་དག་ཀྱང་བཅའ་ཁྲིམས་ལ་ལོག་འགྲེལ་གྱི་རིགས་པ་རྩེད་དུས། ཁུ་སིམ་མེར་གྱུར་པ་དང་ནག་འཐོམ་མེར་གྱུར་པ་ནི་ཇི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་། སྔོན་དུ་གང་ཡང་བཤད་མི་ཐུབ་པར་རྟ་བརྒྱུགས་ནས་རྡོ་ཡལ་ཤུལ་དུ་འུར་ཆེན་པོ་བརྒྱབ་ནས། སོ་སོ་དཀར་འདོན་ལ་འབད་ཁུལ་བྱེད་པ་ཐམས་ཅད་ཀྱང་གློག་བརྙན་གྱི་ལེའུ་ཞིག་ལས་ཅི་ཡང་མིན་པས། ཐམས་ཅད་སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་རེད།
ཚན་པ་གཉིས་པ། བཀའ་སྤྱི་གཉིས་ལས་འཕྲོས་པ།
བཀའ་སྤྱི་གཉིས་ནི་སྒྲིག་འཛུགས་ཀྱི་ཁ་ལོ་བ་རེད། བཀའ་སྤྱི་གཉིས་མཉམ་རུབ་ཀྱིས་ཁྲིམས་བརྩིས་ཏེ། མི་མང་མང་ཁྲིམས་ཀྱི་དབང་བསྒྱུར་གྱི་ལམ་དུ་འཁྲིད་དགོས་པ་རེད། འདི་ནི་འགན་ཁུར་རེད། མང་གཙོ་ཚད་ལྡན་ཡིན་པའི་སྤྱི་ཚོགས་ཀྱི་ནང་དུ་འགོ་ཁྲིད་ཚད་ལྡན་དག་གིས་རང་ཉིད་ཀྱི་འགན་འཁྲི་འཁུར་མ་ཐེབས་ན་དགོངས་པ་ཞུ་བ་ཡིན། དེ་སྤྱོད་བཟང་ཡིན། དཔེར་ན། མང་གཙོ་རྒྱལ་ཁབ་གཞན་ནང་། མང་ཚོགས་ལ་རྒྱ་ནད་འགོས་པ་དང་འབྲེལ་ཏེ། འགན་ཁུར་འཁུར་མ་ཐུབ་པ་ངོས་ལེན་གྱིས་དགོངས་པ་ཞུ་མཁན་གྱི་མགོ་ཁྲིད་བྱུང་བ་མ་ཟད་རང་སྲོག་གཅོད་མཁན་ཡང་གསར་ལམ་ཁག་ནས་ཐོས་གསལ་ལྟར་རེད། ཁྲིམས་འགལ་བྱུང་བ་ཤེས་བཞིན་དུ་ཁྲིམས་བཤོལ་བྱེད་ས་རེ་ཨེ་ཡོད་བཙལ་མཁན་དང་། གུ་བཤང་བཙལ་མཁན་གྱི་མགོ་ཁྲིད་མང་གཙོ་ཚད་ལྡན་གྱི་ལུང་བར་མེད་པ་མ་ཟད། མང་གཙོའི་སྤྱི་ཚོགས་ནང་དེ་འདྲ་ལ་ཕྱོགས་ལངས་ལྟ་ཅི། ཀུ་ཡངས་སྟེར་མཁན་ཡང་མི་སྲིད་པ་ཡིན།
སྤྱི་འཐུས་ཚོགས་གཙོས། སྐྱབས་རྗེ་ཀིརྟི་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་དཔང་པོ་རུ་མདུན་དུ་བཞག་ནས། བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཐད་བཤད་རེས་གཏུགས་ཞེས་ཁྲིམས་ཞིབ་ཁང་ལ་བཤད་པ་ཡིན་ཞེས་མི་མང་གི་ཚོར་བ་བཙལ་བ་རེད། རང་ཉིད་ཀྱི་ལས་དོན་བཅའ་ཁྲིམས་དོན་ཚན་བཞི་བཅུ་པ་དང་དངོས་འགལ་དུ་གྱུར་པའི་ངོས་བཞག་ནས། ངོས་གཞན་དག་ལས་ཁྲིམས་བཤོལ་གྱི་བུ་ག་བཙལ་ཞིང་རིགས་ལམ་བཏང་བ་རེད།
ཡང་དེ་སྔོན་སྤྱི་འཐུས་ཚོགས་གཙོས་གྲངས་ཀ་བརྩི་མ་ཤེས་པར། འོས་གྲངས་མ་ལོངས་པའི་བཀའ་བློན་གཅིག་བཏང་བ། བཅའ་ཁྲིམས་དོན་ཚན་ཉེར་གཅིག་པའི་ནང་ཚན་དྲུག་པ་དང་དངོས་སུ་འགལ་བ་ཟུར་དུ་བཞག་ནས། དཔལ་ལྡན་སྲིད་སྐྱོང་མཆོག་ཁྲིམས་ཞིབ་ཁང་ལ་གུ་བཤང་ཞུ་བར་ཐེངས་གསུམ་བཅར་བ་ཡིན་ཞེས་བསྒྲགས་པ་རེད། ཨོ། ད་ནི་སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་རེད་ཨང་སྙམ།
ཚན་པ་གསུམ་པ། རང་བཙན་འཐབ་རྩོད་པ་ལས་འཕྲོས་པ།
རང་བཙན་དང་དབུ་མ་གཉིས་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་གཉིས་རེད། ཆབ་སྲིད་ཀྱི་ལྟ་གྲུབ་གཉིས་རེད། བོད་ཀྱི་གནས་བབ་དང་རྒྱུ་འབྲས་ཀྱི་ལམ་ནས་བཤད་ན། ཐུན་མིན་གྱི་ལྟ་གྲུབ་དང་ལངས་ཕྱོགས་ཐུན་མིན་གྱི་སར་བཞག་ནས། ཐུན་མོང་གི་གཞི་རྟེན་བཙལ་ནས་ཐུན་མོང་གི་འཐབ་རྩོད་བྱུང་ན། དེ་ལས་བཀྲ་ཤིས་པ་དང་ཕུན་སུམ་ཚོགས་པ་གཞན་དུ་མེད། འཇམ་དབྱངས་ནོར་བུས་སྐུ་མདུན་ལ་མཇལ་ཁ་ཞུ་དུས་སུའང་ལམ་སྟོན་འདི་འདྲ་ཞིག་གནང་སོང་སྙམ་སོང་།
ཡང་། ཆབ་སྲིད་ཀྱི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ཐབས་ཇུས་ནས་གླེང་ན། ཆབ་སྲིད་ནི་ཐོབ་ཤོར་དང་རྒྱལ་ཁ་ཡིན་པ་ལས། སྙིང་རྗེ་དང་སྤྱི་སེམས་མིན་པས། དགྲ་ལ་རྩོད་དགོས་པ་མ་ཟད་ནང་ལའང་རྩོད་དགོས། འཇམ་དབྱངས་ནོར་བུ་དང་ཀླུ་མཁར་བྱམས་གཉིས་ནི། རང་བཙན་འཐབ་རྩོད་དང་འབྲེལ་འབད་བརྩོན་དང་། རང་བཙན་གྱི་ལངས་ཕྱོགས་མཁྲེགས་པོ་འཛིན་མཁན་ཡིན་ཟེར་མཁན་ཡིན། ཡིན་ནའང་། ད་ལོ་ཁོ་གཉིས་ཀྱིས་ལངས་ཕྱོགས་རལ་སོང་། རལ་མཁན་ཡང་ཁོ་གཉིས་རེད། ཁོ་གཉིས་སྲིད་སྐྱོང་གི་འོས་མིར་ལངས་མི་ཐུབ་ནའང་། རང་བཙན་འཐབ་རྩོད་པ་ཞིག་ངེས་པར་སྲིད་སྐྱོང་གི་འོས་མིར་སློང་དགོས་མོད། དེ་ལས་ལྡོག་སྟེ། དབུ་མའི་ལམ་ལ་ཞུགས་ནས་བགྲེས་ཤིང་། དབུ་མའི་ལམ་ལ་མཐའ་གཅིག་ཏུ་ཞུགས་རྒྱུ་ཡིན་ཞེས་བསྒྲགས་གཏམ་སྤེལ་ནས་ཡོང་མཁན་གྱི་སྲིད་སྐྱོང་འོས་མི་རྒྱ་རི་སྒྲོལ་མ་ལགས་སུ་གཅིག་ངར་གཉིས་ངར་གྱིས་རྒྱབ་ལངས་བྱས་ཏེ། ཁྱབ་བསྒྲགས་ཀྱི་གཏམ་བཤད་རིང་པོ་བྱས་ནས་ཡོང་དུས། ཨོ། ད་ནི་འཐབ་རྩོད་དང་ལངས་ཕྱོགས་ལོག་སྤྱོད་བྱེད་ཀྱིན་འདུག་ཨང་སྙམ། ཨོ། ད་ནི་སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་རེད་ཨང་སྙམ།
ཚན་པ་བཞི་པ། གདན་ས་དང་ཆོས་བརྒྱུད་ཁག་ལས་འཕྲོས་པ།
ངས་བལྟས་ན། རྐྱེན་རྩ་དངོས་ནི། གདན་སའི་རྒྱུན་སྲོལ་དང་མི་མང་གི་དུངས་ཞེན་དབར་གྱི་གདོང་ཐུག་ཅིག་རེད་སྙམ། མི་མང་གི་དུངས་ཞེན་ངོས་སུ། གྲྭ་པ་ནི་མི་སྐྱ་ལས་ཀུན་སྤྱོད་ལྡན་པ་དང་གནས་ལུགས་སྨྲ་བ། ཡ་རབས་ཚུལ་མཐུན་གྱི་ལྟ་སྟངས་ཤིག་ཡོད། འདི་བོད་མི་མང་གི་ཤ་རུས་ལ་འབྱར་བའི་དུངས་ཞེན་ཞིག་རེད། མི་མང་གིས་དུངས་ཞེན་འདི་འདོར་མ་ཐུབ་པར། གྲྭ་པ་སྤྱོད་ལོག་རེ་མཐོང་བ་དང་ཤ་གཟེར་རུས་གཟེར་རྒྱག་གི་ཡོད། གདན་ས་ནི་རྒྱ་མཚོ་ཆེན་པོ་དང་འདྲ་བས། དེའི་ནང་དུ་རིན་པོ་ཆེའི་ནོར་བུ་དང་གསེར་ཉ། དུག་སྲིན་དང་སྦྲུལ། སྦལ་བ་ཚང་མ་ཡོད་ཆོག་པ་དང་། གཉིད་ཀྱི་སས་བསྡུས་ཤིང་མ་གཉིད་ན་གྲྭ་པ་ཡིན་ཡང་ཤི་འགྲོ་བ་དང་། གདན་ས་ནི་འདོད་ཆགས་ཀྱི་སས་བསྡུས་པའི་འདོད་ཁམས་པ་ཤ་སྟག་གིས་གྲུབ་པའི་མིའི་སྤྱི་ཚོགས་ཤིག་ཡིན་པར་བསམ་བློ་གཏོང་ཐུབ་ཀི་མེད།
གདན་སའི་རྒྱུན་སྲོལ་ལ། མགོན་པོ་ཀླུ་སྒྲུབ་ཀྱིས། དགེ་འདུན་ལས་བྱེད་ལས་ཀྱི་ཐ་མ་སྟེ། །དགེ་འདུན་ལས་བྱེད་པ་རུ་བདག་མ་སྐྱེས། །ཞེས་གསུངས་པ་ལྟར། ཆབ་སྲིད་ཀྱི་ལས་བྱེད་པའི་དགེ་འདུན་པ་ལྟ་ཅི། གྲྭ་པ་ཚད་ལྡན་ཞིག་དགེ་འདུན་གྱི་ལས་བྱེད་པ་རུ་གྱུར་ནའང། ལས་ཀྱི་ཐ་མ་རུ་ངོས་འཛིན་གྱིས་གཟབ་གཟབ་དང་རྣམ་རྟོག་བྱེད་པ་ཡིན། གདན་ས་ནས་དཔེ་ཁྲིད་དགེ་རྒན་དང་མཁན་པོ། ཤར་བྱང་གི་ཆོས་རྗེ་དང་ཁྲི་རིན་པོ་ཆེ་སོགས་ལ་དྲག་འདེམས་བྱེད་པ་ལས། དེ་ལས་གཞན་གྱི་ལས་བྱེད་རྣམས་ལ་རྣམ་ཀུན་ལས་རིགས་དེ་ལ་དགའ་མོས་ཡོད་མཁན་དང་དཔེ་ཆ་མི་ཤེས་མཁན་དག་འདེམས་ཀྱིན་ཡོད། འདི་གདན་སའི་རྒྱུན་སྲོལ་རེད། དེར་བརྟེན། ཆོས་བརྒྱུད་སྤྱི་འཐུས་ཀྱང་རྒྱུན་སྲོལ་འདིའི་འོག་ནས་འདེམས་ཀྱིན་ཡོད་པ་ལས། དགེ་ལུགས་པའི་ངོ་བོ་མཚོན་ཐུབ་པ་ཞིག་དང་སྐུ་ཚབ་ལ་འོས་པ་ཞིག་འདེམས་ཀྱི་མེད། ཕལ་ཆེར་ཆོས་བརྒྱུད་སྤྱི་འཐུས་ཚོའི་བཟོ་ལྟར་བལྟས་ན། ཆོས་བརྒྱུད་གཞན་དག་ལའང་རྒྱུན་སྲོལ་འདི་ཡོད་པ་འདྲ།
ད་དུང་དགེ་བཤེས་ལྷ་རམས་པ་རེད། མཁན་པོ་རེད། མཁན་པོ་དེ་འདྲ་ཞིག་ཡོད་དམ། ལྷ་རམས་པ་དེ་འདྲ་ཞིག་ཡོད་དམ་ཞེས་སྐྲག་སྣང་ཡོང་མཁན་གྱི་མི་མང་པོ་འདུག ལྷ་རམས་པ་ནི་ལག་འཁྱེར་ཞིག་རེད། ཆོས་བརྒྱུད་གཞན་གྱི་མཁན་པོའང་ལག་འཁྱེར་ཞིག་རེད། ལག་འཁྱེར་དེ་སུ་ལ་རགས་ན་ལྷ་རམས་པ་དང་། ལག་འཁྱེར་དེ་མ་རག་ན་སངས་རྒྱས་ཡིན་རུང་ལྷ་རམས་པ་མིན་པས། ལྷ་རམས་པ་ཞེས་པ་རྟོགས་པའི་ཚད་གཞི་མིན་པར་ཡིག་ཚད་ཀྱི་ཚད་གཞི་ཡིན་པ་ངེས་པར་མཛོད། ལོ་རེ་བཞིན་གདན་ས་རུ་ལྷ་རམས་པ་བརྒྱ་ཕྲག་ཉེ་བ་རེ་ཐོན་གྱིན་ཡོད། གདན་སའི་ལྟ་ཚུལ་ལ། ལྷ་རམས་པ་ཨང་དང་པོའི་དང་པོ་ནས་ཨང་དང་པོའི་བཅོ་བརྒྱད་པ་བར་དུ་ཡག་པོ་བརྩི་སྲོལ་ཡོད་ལ། དཔེ་ཆའང་གང་འཚམས་ཡག་པོ་མེད་ན་ཨང་རིམ་༡༨ བར་དུ་སླེབས་ཁག་པོ་རེད། ཨང་དང་པོའི་བཅོ་བརྒྱད་པར་བསླེབས་ན། གདན་ས་གསུམ་ལ་གྲྭ་ཚང་དྲུག་ཡོད་པ་ལས་གྲྭ་ཚང་གཅིག་གི་ཨང་གསུམ་པ་ལྟ་བུར་གྱུར་ཡོད་པས། ཨང་རིམ་དེ་བར་དུ་ངོས་འཛིན་ཡག་པོ་ཡོད་པ་རེད། དགེ་བཤེས་ཀྱི་ལག་འཁྱེར་ལེན་རྒྱུ་ལས་སླ་བ་མ་ཟད། ལྷ་རམས་པའི་མིང་ཙམ་ལེན་རྒྱུའང་དཀའ་མོ་ཞིག་མ་རེད། ཆོས་ཕྱོགས་ནས་བཤད་ན་བསོད་ནམས་ཅན་ཞིག་དགོས་རྒྱུ་རེད། རྩོམ་པ་པོའི་འགན་འཁྲི་གོ་རྟོགས་དང་གནས་ཚུལ་དངོས་དེ་ར་སྤྲོད་རྒྱུ་རེད་སྙམ། ཆོས་ལུགས་པ་ཚོ་དམིགས་བསལ་ཞེན་ཁོག་གིས་ར་བཟི་བ་ཞིག་མ་རེད་ལ། ཆོས་བརྒྱུད་ཁག་ནི་བོད་མི་རིགས་ཀྱི་རིག་གནས་དང་སྲོག་རྩ། སྙིང་སྟོབས་ཡིན་པར་ངོས་ཟིན་ཐོབ་རྒྱུ་དང་། ཆོས་བརྒྱུད་སྤྱི་འཐུས་ཚོ་ནི་ཚོས་བརྒྱུད་སོ་སོའི་ནང་གི་ཨ་ཡོད་ནང་གི་ད་ཡོད་མིན་པ་དེའང་ར་འཕྲོད་དགོས་པ་ཞིག་རེད། དཔལ་ནཱ་ལེནྡའི་རིག་པའི་གཞུང་ལུགས་ལ་ནང་བྱན་ཆུབ་པའི་གདན་སའི་ཁོར་ཡུག་ནས། ཆོལ་ཞེན་རིང་ལུགས་ཀྱི་མགོ་བོ་འབུར་བ་ནི། གྲྭ་པ་དེ་དག་གིས་དགྲ་དགའ་གཉེན་སྡུག་ལས་རང་གི་ཆོས་བརྒྱུད་དང་། བླ་སློབ་ཀྱི་དམ་ཚིག རིག་པའི་གཞུང་ལུགས་བཅས་པར་འགན་མ་ཁུར་བ་དང་། རྒྱུ་འབྲས་བསྣོག་པ་ཞིག་རེད། སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་རུ་གྱུར་པ་རེད། མི་མང་གིས་ཀྱང་གོང་སྨོས་ཀྱི་གནས་ལུགས་་ངོས་མ་ཟིན་པར་བྱེ་བྲག་གིས་སྤྱི་ལ་བསྡོམས་བརྒྱབ་སྟེ། ངོས་འཛིན་བྱས་ན། སོ་སོའི་ཐར་བ་ཆ་མཐུན་གྱི་དགེ་རྩ་དང་བཅས་པ་གཞོམ་པའི་རྒྱུར་འགྱུར་རོ་ཞེས་ཀྱང་སྐུལ་བར་འདོད་དོ། །
ཚན་པ་ལྔ་པ། མི་མང་ལས་འཕྲོས་པ།
ང་ཚོའི་མི་མང་ནི་ཡིད་གཞུངས་པ། ཁྲེལ་ཡོད་པ། གཟུ་བོར་གནས་པ། དད་པ་དང་དམ་ཚིག་ལྡན་པ། རིགས་ལ་བརྩེ་བ། ཤེས་ཡོན་ཡོད་པ་ཞིག་ཡིན་པར་སྙིང་ནས་འདོད་མྱོང་། མི་མང་ནི་ནམ་དུའང་དྲང་བདེན་གྱི་ཕྱོགས་སུ་ལངས་ནས་ཡོང་བ་རེད། ནམ་དུའང་མི་མང་ཁ་ཞག་འཁྱིལ་ལེར་ཁུ་ཞག་ལྡེམ་མེར་ཡོད་པ་ནི། སྤོབས་པ་མཐའ་དག་གི་རྩ་བ་རེད་འདོད། བོད་ཀྱི་ཆབ་སྲིད་པ་ཚོས་བོད་མི་མང་ནི་དྲ་ཐོག་གི་སྨྱོན་པ་ཚོ་རེད་བསམ་གྱིན་ཡོད་ན་རྦད་དེ་ནོར་བ་རེད། དྲ་ཐོག་གི་སྨྱོན་པ་ཚོས་སྤེན་སེང་གཉིས་ནི་བོད་མི་རིགས་ཀྱི་ཆེས་ཐ་ཤལ་བའི་མི་གཉིས་སུ་བལྟས་ཤིང་བསྒྲུབས་ཚར་མོད། མི་མང་གིས་ཁོ་གཉིས་ནི་ཆེས་འཇོན་ཤོས་ཀྱི་མི་སྣ་གཉིས་སུ་ངོས་འཛིན་གྱིས་རིམ་པར་སྲིད་ཁྲིར་བསྐྱོན་པ་རེད། བློ་བཟང་སེང་གེ་དང་པོར་ལངས་དུས་ཆབ་སྲིད་པ་ཚོས་ཐབས་བརྒྱ་ཇུས་སྟོང་གིས་བཀྲས་མཐོང་འདེམས་པ་རེད། བརྒྱུད་སྐུལ་དང་ས་འོག་དར་ཐག་གི་རྩེད་རིགས་སྣ་ཚོགས་རྩེད་པ་རེད། སྐབས་གཉིས་པའི་སྐབས་སུའང་ཆབ་སྲིད་པ་ཚོས་སྤེན་ཚེ་འདེམས་པ་རེད། དེ་ལྟར་ཆབ་སྲིད་ཀྱི་རྩེད་མོ་སྣ་ཚོགས་རྩེད་པ་རེད། ཡིན་ནའང་། མི་མང་གིས་བསྟུད་མར་སྐབས་གཉིས་ལ་བློ་བཟང་སེང་གེ་བདམས་པ་རེད། ད་ལོའང་ཆབ་སྲིད་པ་ཚོས་སྐལ་རྡོར་འདེམས་པ་རེད། སྐལ་རྡོར་གྱི་ཆེད་དུ་ས་འོག་དར་གྱི་ཐག་པ། ས་ཐོག་ཇུས་ཀྱི་དྲ་བས་སྦྲེལ་བ་རེད། གཞིས་མགོ་དང་དོན་གཅོད་ཁག་ཀྱང་གཅིག་འཕྲོར་གཅིག་མཐུད་ཀྱིས་བརྗེ་སྤོར་བྱས་པ་རེད། ཆབ་སྲིད་པ་ལ་ལས་འབྲོང་ཆུང་བསྟན་ནས། མཐུན་སྒྲིལ་ཕྱར་ནས་བརྒྱུགས་པ་རེད། ཐ་ན་འཐབ་རྩོད་པ་ཚོས་ཀྱང་ལངས་ཕྱོགས་ལོག་སྤྱོད་བྱས་ནས་བརྒྱུགས་པ་རེད། རྩོམ་པ་པོ་ཚོས་ཀྱང་འབྲོག་གཡག་ལ་སྦྱར་བའི་སྙན་ངག་དང་གླུ་ཚིག་ཚུན་ཆད་ཕྱར་ནས་བརྒྱུགས་པ་རེད། མི་མང་གིས་སྔར་བཞིན་སྤེན་ཚེ་བདམས་པ་རེད། འདི་ལྟར་ཕྱིར་འདང་ཞིག་བརྒྱབ་ན། ངས་བློ་གྲོས་ལྡན་པའི་བོད་མི་མང་ཁས་མི་ལེན་རང་ལེན་རེད། བཀའ་དྲིན་ཆེ།
ཡིན་ནའང་། ཆབ་སྲིད་པ་ཚོས་མི་མང་དང་དྲ་ཐོག་གི་སྨྱོན་པ་ཚོ་ནོར་ནས། གྲོས་ཚོགས་ནང་དུའང་དྲ་སྨྱོན་པ་ཚོའི་ཞེ་འདོད་ཀྱི་མདའ་མོ་ཕར་འཕེན་ཚུར་འཕེན་གྱིས་དུས་ཚོད་བསྐྱལ་བ་རེད། མང་གཙོའི་ཀ་བ་གཅིག་ལ་ཤུགས་ཡོད་ཚད་ཀྱིས་སྟ་རེས་བརྒྱབ་པ་རེད། མི་ཚེ་རིང་མོ་སྒྲིག་འཛུགས་ལ་ཞབས་ཞུ་ཞུས་ནས་ཡོང་བའི་ཆབ་སྲིད་པ་འགའ་རེ། མགོ་དཀར་པོ་དང་མིག་དམར་པོར་འགྱུར་ལ་ཉེ་བའི་སྐབས་སུ་ལོ་རྒྱུས་ཀྱི་རྡོ་རིང་ནག་པོ་རེར་གྱུར་ནས་ཕམ་ནས་འགྲོ་དུས། རྗེ་ཙོང་ཁ་པས། འཇིག་རྟེན་རྒུད་པ་ཇི་སྙེད་པ། །དེ་ཡི་རྩ་བ་མ་རིག་སྟེ། །ཞེས་པ་ཡིད་ལ་ལྷང་ལྷང་དྲན་ཞིང་སེམས་ལ་སྙིང་རྗེ་ཡི་སྐྱོ་ངལ་ལྡང་བ་ཞིག་རེད་དེ། ད་ནི་ཅི་བྱའང་། སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་བྱས་པ་རེད།
དྲ་སྨྱོན་པ་ཚོ་དང་མི་མང་གི་ནང་དུ་སྲིད་སྐྱོང་བློ་བཟང་སེང་གེ་རེད་སྙམ་མཁན། ཚོགས་གཙོ་པད་མ་འབྱུང་གནས་རེད་སྙམ་མཁན། ཁྲིམས་ཞིབ་པ་བཀའ་བརྒྱུད་དོན་གྲུབ་རེད་སྙམ་མཁན། དབུ་མའི་ལམ་སྤེན་པ་ཚེ་རིང་རེད་སྙམ་མཁན། བཅའ་ཁྲིམས་ཟམ་གདོང་རིན་པོ་ཆེ་རེད་སྙམ་མཁན་དག་ནི། བཀྲ་ཤིས་བོད་ཡིན་ནའང་བོད་བཀྲ་ཤིས་མིན་པའི་གནས་ལུགས་ཙམ་ལའང་རྨོངས་པའི་ལྐུགས་པ་ཞེ་གཅིག་རེད། བཀྲ་ཤིས་ལ་ཡོད་པའི་སྙིང་ནད་བཀྲ་ཤིས་ལ་རྩོད་དགོས་པ་ལས། བོད་ལ་བརྩད་ན་ལྐུགས་པ་རེད། དེ་ལ་སྤང་བྱ་གོང་མོ་དང་བླང་བྱ་འཇོལ་མོ་ཟེར།
སྤྱི་ལོ་ ༢༠༢༡ ཟླ་ ༠༤ ཚེས་ ༡༩ ཉིན།།
བཀྲ་ཤིས་བདེ་ལེགས
གནད་ཁེལ་བ་ཞིག་བྲིསའདུག
དངོས་གནས་གནད་ལ་ཁེལ་བ་ཞིག་བྲིས་འདུག་སྙམ་མོ།། བཀྲིན་ཆེ།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་གནས་ཚད་ངོ་མ་ཅིག་སྐྱོ་གི ཡར་རྒྱས་ཀྱི་ཚབ་ཏུ་གཞིས་ཆགས་ཀྱི་བཤད་སྟངས་བྱས་ན་མར་རྒྱས་ཆེན་པོ་ཕྱིན་འདུག མང་པོ་མི་བཤད།
ཁྲིམས་སྤྱི་གཉིས་ཀྱི་རྙོག་དྲའི་ནག་ཉེས་ཆེ་ཤོས་ཤར་ཁུག་མ་གླེང་བ་དེ་ལས་སྐྱོ་གི
གོང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཞུ། ད་ནི་ང་ཚོའི་སྤྱི་ཚོགས་འདིར། འཁོར་བ་སྤངས་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་འཁོར་བར་འཐམས་ཤིང་ལས་རྒྱུ་འབྲས་ལའང་བརྩི་མེད་ཅིག་ཆགས་འདུག་པས་ཧ་ཅང་སྐྱོ། ད་ནི་སྟོན་པ་བཅོམ་ལྡན་འདས་དང་བླ་མ་གོང་མ་རྣམས་ཡིད་རྨུགས་ནས་བཞུགས་ཡོད་སྙམ། དེའི་ནང་ནས་བོད་མིའི་བསོད་ནམས་ཟད་པའི་རྟགས་སུ་དགེ་འདུན་པའི་ན་བཟའ་བསྣམས་ནས་སྤྱི་འཐུས་སུ་ཕེབས་པ་རྣམས་ཐབས་སྐྱོ། གནའ་དེང་གི་ཤེས་ཡོན་གྱིས་ཕོངས་ཤིང་མང་གཙོའི་འགྲོ་སྟངས་ཀྱང་མི་ཤེས་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་ལས་སྤྱི་འཐུས་སུ་སླེབས། དེར་སླེབས་ནས་ཀྱང་རང་སྣང་གང་དྲན་གྱིས་སྲོད་དོན་སྐྱུག་བྲོ་དེ་རྩེད། མགོ་རིལ་ཚོ། སོམས་ཤིག ལས་རྒྱུ་འབྲས་ལ་གཡོ་བ་མེད་དོ།།
མགོ་རིལ་ཐ་ཤལ་དེ་དག་གི་རྒྱབ་ན། ཆོལ་ཞེན་པ་དུག་འཐུང་ཅན་རྣམས་ཡོད། ཁྱེད་རྣམས་ཡ་རེ་ང་། བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཞེན་ཁོག་ནག་པོ་དེས་ངོས་བོད་མིའི་ཚང་མར་གནོད་སྐྱོན་གཏོང་རྒྱུའི་ནང་ཁྱེད་རྣམས་ཀྱང་ཚུད་ཡོད། གནས་ཚུལ་དེ་རིགས་ཡོང་རྐྱེན་གཙོ་བོ་དེ་སྲིད་དོན་པ་གང་ཞིག་གིས་མགོ་བདེ་དྲན་འཕྲུལ་དང་རང་ཉིད་ཀྱི་འོས་ཤོག་ཁོ་ནའི་ཆེད་དུ་ཡིན་པ་མ་གཏོགས་ཆོལ་ཁ་དང་ཆོས་ལུགས་ལ་བརྩེ་སེམས་ཡོད་པས་མ་ཡིན་ནོ།། དེ་ངེས་པར་དུ་ཤེས་དགོས་སོ།།
ཕྱོགས་གཅིག་ནས་བཀའ་ཤག་ལ་བློ་ཁོག་མེད་པས་ཁ་མཆུ ༢༠ ངོས་ལེན་བྱས་བས་ད་ལྟ་ཆོལ་ཞེན་རིང་ལུགས་པ་དང་། མི་དྲག་རྙིང་བ། ཆོས་ལུགས་ཐད་སྤྱོད་པའི་སྐུ་ཚབ་སྤེན་ཚེ་ཡར་ལ་སླེབས་པ་རེད། ད་ཐེངས་སྤྱི་འཐུས་ཀྱིས་ཁྲིམས་ཞིབ་པ་ཕུད་པའི་ཐག་གཅོད་ཕྱི་བསྡུ་བྱས་ཚེ། བོད་ཀྱི་མང་གཙོ་ནི་གཅིག་བསྡུ་རིང་ལུགས་པའི་མང་གཙོ་རུ་འགྱུར་ངེས་རེད། རྒྱུ་མཚན་ནི་ཁྲིམས་ཞིབ་པ་རྒྱུད་ནས་ཁོ་ཚོས་མང་གཙོ་སྒེར་གཅོད་ཐུབ་པས་རེད།
གོང་གི་བསམ་ཚུལ་ལ་རྒྱབ་སྐྱོར་ཞུ། ད་ནི་ང་ཚོའི་སྤྱི་ཚོགས་འདིར། འཁོར་བ་སྤངས་ནས་རབ་ཏུ་བྱུང་བ་རྣམས་ཀྱིས་འཁོར་བར་འཐམས་ཤིང་ལས་རྒྱུ་འབྲས་ལའང་བརྩི་མེད་ཅིག་ཆགས་འདུག་པས་ཧ་ཅང་སྐྱོ། ད་ནི་སྟོན་པ་བཅོམ་ལྡན་འདས་དང་བླ་མ་གོང་མ་རྣམས་ཡིད་རྨུགས་ནས་བཞུགས་ཡོད་སྙམ། དེའི་ནང་ནས་བོད་མིའི་བསོད་ནམས་ཟད་པའི་རྟགས་སུ་དགེ་འདུན་པའི་ན་བཟའ་བསྣམས་ནས་སྤྱི་འཐུས་སུ་ཕེབས་པ་རྣམས་ཐབས་སྐྱོ། གནའ་དེང་གི་ཤེས་ཡོན་གྱིས་ཕོངས་ཤིང་མང་གཙོའི་འགྲོ་སྟངས་ཀྱང་མི་ཤེས་ཀྱང་༸གོང་ས་མཆོག་གི་བཀའ་དྲིན་ལས་སྤྱི་འཐུས་སུ་སླེབས། དེར་སླེབས་ནས་ཀྱང་རང་སྣང་གང་དྲན་གྱིས་སྲོད་དོན་སྐྱུག་བྲོ་དེ་རྩེད། མགོ་རིལ་ཚོ། སོམས་ཤིག ལས་རྒྱུ་འབྲས་ལ་གཡོ་བ་མེད་དོ།།
མགོ་རིལ་ཐ་ཤལ་དེ་དག་གི་རྒྱབ་ན། ཆོལ་ཞེན་པ་དུག་འཐུང་ཅན་རྣམས་ཡོད། ཁྱེད་རྣམས་ཡ་རེ་ང་། བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ཞེན་ཁོག་ནག་པོ་དེས་ངོས་བོད་མིའི་ཚང་མར་གནོད་སྐྱོན་གཏོང་རྒྱུའི་ནང་ཁྱེད་རྣམས་ཀྱང་ཚུད་ཡོད། གནས་ཚུལ་དེ་རིགས་ཡོང་རྐྱེན་གཙོ་བོ་དེ་སྲིད་དོན་པ་གང་ཞིག་གིས་མགོ་བདེ་དྲན་འཕྲུལ་དང་རང་ཉིད་ཀྱི་འོས་ཤོག་ཁོ་ནའི་ཆེད་དུ་ཡིན་པ་མ་གཏོགས་ཆོལ་ཁ་དང་ཆོས་ལུགས་ལ་བརྩེ་སེམས་ཡོད་པས་མ་ཡིན་ནོ།། དེ་ངེས་པར་དུ་ཤེས་དགོས་སོ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནི་དོན་དངོས་ཐོག་མི་མང་རིང་གིས་འདེབས་འཐོན་བྱུང་བའི་རླབས་ཆེན་གྱི་འགོ་འཁྲིད་གཅིག་ཡིན་ལ་ད་ལྟའི་འཛམས་གླིང་འདིའི་ནང་ཆེས་རླབས་ཆེན་གྱི་མིག་དཔེ་ཡག་ཤས་དང་ཁོང་གིས་བོད་རིགས་གཅིག་པུ་ལ་བདེ་སྐྱིད་ཀྱི་ཉི་མ་ཤར་འཅུགས་ཐུབ་པའི་འོག་མཛམ་གླིང་ཡོངས་ལ་ཞི་བདེ་སྐྲུན་ཐུབ་པའི་སྔོན་བརྡ་ཤར་ཡོང་ཀྱིས་འདུག་ སྲིད་སྐྱོང་མི་རྗེ་སྤེན་པ་ཚེ་རིང་ལགས་ཀྱི་མཛད་འཕྲིན་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་ནས་སྐྱེ་འགྲོ་ཡོངས་རྫོགས་བདེ་བར་ཡོང་བ་ཤོགྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲྲ