ལྷ་རྒོད།
ཡོད་ཚད་མགོ་མཇུག་ལྡོག་པའི་སྤྱི་ཚོགས་ནང་།།
རེ་བའི་མིག་ཟུང་ཅེར་ས་ཁྱེད་ཉིད་ཡིན།།
བཟང་མིན་ངན་པ་འགྲིམ་པའི་ཁོར་ཡུག་འདིར།།
འགྱུར་མེད་བློ་སེམས་གཏོད་ཡུལ་ཁྱེད་ལས་སུ།།
བགྲང་བྱ་བརྒྱད་བཅུར་བརྒལ་བའི་ཞལ་རས་དེར།།
ལན་རེར་མཇལ་དུས་མིག་ཆུ་སྐྱོམ་ཐེངས་རེར།།
སྐུ་ཚེ་ཧྲིལ་པོར་གཞན་དོན་མཛད་རྗེས་དག །
ཡང་ཡང་དྲན་དུས་དགའ་སྐྱོའི་སེམས་ཚོར་རྣོ།།
བྱས་པ་དྲིན་མི་ཚོར་བའི་དུས་ངན་འདིར།།
ཁྱེད་ཀྱི་བཞིན་ལ་ཅེར་ན་སྙིང་ནད་ལྕི།།
ངོ་ཚའི་གོས་བཟང་དབེན་པའི་ཁྲེལ་མེད་ཚོའི།།
གཅེེར་བུའི་ཟློས་གར་འདི་དག་སྙིང་དུ་གཟན།།
སྙན་འཇེབས་ཚིག་གི་ལོ་མ་མང་མང་ནས།།
གཡུར་ཟའི་དོན་གྱི་འབྲས་བུ་རེ་བས་བོར།།
འཇའ་ཚོན་ལས་ཀྱང་མཛེས་པའི་སྣང་བརྙན་ལ།།
ཡིད་ཀྱི་འདུན་པ་གཏོད་ན་བླུན་པོ་དངོས།།
དགའ་སྡུག་སེམས་ཚོར་འདྲེས་མའི་ལོ་ཟླའི་ནང་།།
ངུ་མ་དགོད་ཀྱི་ཆོ་ངེ་ཡང་ཡང་ཤོར།།
ཚོར་བས་བཙན་གྱིས་བསྐུལ་བའི་སྨྱུག་གུའི་རྩེར།།
སྙན་མོ་མེད་ཀྱང་སྙིང་དོན་ཅིའི་ཕྱིར་མེད།།
དེ་རིང་རྣོ་གཅོད་ཚིག་གི་སྤུ་གྲི་འདི།།
དམ་སྡོམ་རྩ་རལ་ཅན་གྱི་ཆོས་གཟུགས་དང་།།
ལས་འབྲས་གོ་ལྡོག་ཅན་གྱི་སྨུག་ལོང་སོགས།།
ཕྱི་མིན་ནང་གི་དགྲ་བགེགས་དག་ལའོ།།
ཅིས་མི་བདེན། དེ་དེ་བཞིན་ནོ། །ཁྱོད་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །”ལས་འབྲས་གོ་ལྡོག་ཅན་གྱི་དམུས་ལོང་སོགས། །”